ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

གསར་རྒྱུད་དབང་བསྐུར་གྱི་གོ་དོན།

[རྩོམ་པ་པོ:ར་སེ་དཀོན་མཆོག་རྒྱ་མཚོ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/12/13 10:02:02  བཀླགས་ཐེངས:2123][ཡིག་གཟུགས:ཡིག་གཟུགས་མདོག]
གསར་རྒྱུད་དབང་བསྐུར་གྱི་གོ་དོན།
 
ར་སེ་དཀོན་མཆོག་རྒྱ་མཚོ།
 
    ༡༽དབང་བསྐུར་གྱི་གོ་དོན་ནི། གང་ཟག་གཅིག་གིས་གང་ཟག་གཞན་ཞིག་ལ་བྱ་བ་བྱེད་ཆོག་པའི་དབང་ཆ་བསྐུར་བ་སྟེ་སྤྲད་པའི་དོན་དུ་གོ་དགོས། དབང་བསྐུར་བ་ལ་གསོལ་བ་གདབ་པ་ནི་བྱ་བ་དེ་བྱེད་ཆོག་པའི་དབང་ཆ་བདག་ལ་སྤྲད་པའི་རེ་བ་བཏོན་པའི་དོན་ཡིན་ལ། དབང་བསྐུར་བ་ནི་སློབ་དཔོན་གྱིས་ཡི་དམ་གྱི་ལྷ་དེ་དང་དེ་སྒྲུབ་པ་དང་མཆོད་པའི་དབང་ཆ་དངོས་སུ་སློབ་མར་སྤྲད་པའི་དོན་ཡིན། དབང་ཞུ་བ་ནི་དབང་ཆ་དེ་དངོས་སུ་བདག་ལ་གནང་བ་དང་ལེན་ཞུ་བའི་དོན་ཡིན།
དབང་གི་ཆོ་ག་ནི་དབང་ཆ་དེ་སྤྲོད་པའི་བྱ་བའི་གོ་རིམ་གྱི་དོན་ཡིན། དེ་རིང་ནས་ཁྱོད་ཀྱིས་བྱ་བ་འདི་དང་འདི་བྱ་བ་ལ་དབང་བ་ཡིན་པས་འདི་དང་འདི་གྱིས་ཤིག་ཅེས་བརྡ་སྤྲོད་པ་ནི་དབང་ཆ་རིམ་པས་སྤྲད་པའི་དོན་ཡིན། དབང་ཞུས་ནས་ལག་ལེན་མ་བྱས་ན་དབང་ཆ་བེད་སྤྱོད་མ་བྱས་པ་དང་། མ་བྱས་པའི་དམ་ཚིག་ཉམས་པའི་ཉེས་པ་ཉོས་པ་ཡིན་ཤེས་དགོས།
༢༽དབང་རྫས་ཀྱི་གོ་དོན་ནི། གསང་སྔགས་ཀྱི་དོན་རྣམས་སློབ་མར་བརྡ་སྤྲོད་དུས་འཕྲོད་སླ་བའི་ཆེད་དུ་རྫས་ཀྱི་སྒོ་ནས་བསྟན་པ་ལ་གོ་དགོས། རྗེ་བཙུན་མི་ལ་རས་པའི་ཞལ་སྔ་ནས། གསང་སྔགས་བརྡ་ཡིས་སྟོན་པ་ལ།། བརྡ་དོན་མེད་པར་མ་བཤད་དམ།། ཞེས་གསུངས་པ་ལྟར་རེད། མཚོན་བྱའི་དོན་རྣམས་སྟོན་པའི་ཐབས་ལ་མཁས་པས་མཚོན་བྱེད་ཀྱི་རྫས་ལ་བརྟེན་ནས་དབང་བསྐུར་པ་ཡིན། དཀྱིལ་འཁོར་དང་། དབང་ཆས་ཀུན་མཚོན་བྱེད་ཀྱི་ཐབས་ཡིན་ལ། ཐབས་དེས་བསྟན་པའི་དོན་དེ་ནི་ཐབས་དེ་ལས་བྱུང་བའི་མཚོན་བྱ་དངོས་དེ་རེད། དཔེར་ན་མ་རིག་པས་སྒྲིབ་པ་མཚོན་བྱེད་མིག་དར་གཡོགས་པ་དང་། དེ་ཐབས་འདིས་བསལ་བ་མཚོན་བྱེད་མིག་དར་ཕྱེ་བ་ལྟ་བུ་ཡིན་ནོ།།
༣༽བྱ་བའི་རྒྱུད་ཀྱི་གོ་དོན་ནི། ལུས་ངག་གི་བྱ་བ་གཙོར་གྱུར་བའི་མོས་པའི་རིགས་ལ་གསུང་པའི་རྒྱུད་ཡིན་པས་དེ་ལྟར་ཐོགས་པ་ཡིན་ལ། གདུལ་བྱའི་བློ་གྲོས་ཀྱི་དབང་དུ་བྱས་ན་བློ་དམན་པ་འདུལ་བའི་ཆེད་དུ་གསུངས་པ་དང་། སྦྱངས་བྱའི་དབང་དུ་བྱས་ན་གཞན་འཕྲུལ་དབང་བྱེད་སོགས་ལ་བལྟས་པའི་འདོད་ཆགས་ཡོད་པའི་གཉེན་པོ་ཡིན་པ་དང་། ཉོན་མོངས་པའི་དབང་དུ་བྱས་ན་གཏི་མུག་རིགས་ཅན་ལ་གསུངས་པ་དང་། མི་རིགས་ཀྱི་དབང་དུ་བྱས་ན་བྲམ་ཟེའི་རིགས་ཁྲུས་དང་གཙང་སྦྲ་ལ་དགའ་བ། དཀའ་ཐུབ་དཀའ་སྤྱོད་ཀྱིས་དག་པར་འདོད་པ་དང་། མི་རྟག་པ་རྗེས་སུ་བཟུང་བའི་དབང་དུ་བྱས་ན་གཏི་མུག་ཅན་ཚངས་པའི་རྗེས་འབྲངས་ཁྲུས་དང་གཙང་སྦྲ་དང་། སྨྱུང་གནས་དང་སྦྱིན་སྲེག་སོགས་ཀྱིས་གྲོལ་བར་འདོད་པ་ལ་གསུངས་པ་དང་། ནང་པའི་དབང་དུ་བྱས་ན་བྱེ་བྲག་སྨྲ་བ་ཕྱི་རོལ་གྱི་དོན་བདེན་གྲུབ་དང་བརྗོད་དུ་མེད་པའི་བདག་འདོད་པ་དང་བསྟུན་ནས་བསྟན་པ་ཡིན་ནོ།།
༤༽བྱ་རྒྱུད་ཀྱི་དབང་རྫས་ཀྱི་གོ་དོན་ནི། བྱ་བའི་རྒྱུད་ཀྱི་དབང་བསྐུར་བའི་སྐབས་སུ་མཁོ་བའི་ཡོ་བྱས་སམ་རྫས་ཀྱི་དོན་ཡིན་ལ། དབང་མ་བསྐུར་བའི་གོང་དུ་སློབ་དཔོན་གྱིས་བདག་མདུན་བུམ་གསུམ་གྱི་མཆོད་པ་དང་བསྙེན་པ་འགྲོ་དགོས་པ་དང་། སློབ་མ་ལ་དབང་བསྐུར་བའི་སྐབས་སུ་སྔོན་ལ་ཁྲུས་བྱེད་པ་ནི་དྲི་མ་བཀྲུ་བའི་དོན་ཡིན་ལ། བགེགས་ལ་གཏོར་མ་བྱིན་པ་ནི་མི་མ་ཡིན་པས་གནོད་པ་མི་འབྱུར་བ་དང་། སྔགས་དང་དཀྱིལ་འཁོར་མཐོང་མི་ཆོག་པའི་རིགས་ལ་ཉེས་པ་མི་ཡོང་བའི་ཆེད་ཡིན། གསོལ་བ་གདབ་པ་ནི་རེ་བ་བཏོན་པ་དང་། མཎྜལ་འབུལ་བ་ནི་ཡོན་འབུལ་བ་ཡིན་ལ། དཀྱིལ་འཁོར་དུ་ཞུགས་པ་ནི་དངོས་སུ་ཚུད་པའི་དོན་དང་། སྐྱབས་སེམས་བྱེད་པ་ནི་ཐེག་ཆེན་དུ་སྒྲུབ་པའི་དོན་དང་། མནའ་ཆུ་སྦྱིན་པ་ནི་དམ་ཚིག་ལས་མི་ཉམས་པའི་མནའ་བཞག་པའི་དོན་དང་། མིག་དར་གཡོགས་པ་ནི་ད་ལྟ་སྒྲིབ་པས་གཡོགས་པའི་དོན་དང་། མིག་དར་ཕྱེས་པ་ནི་དབང་བསྐུར་བ་ལ་བརྟེན་ནས་སྒྲིབ་པ་དང་བྲལ་བའི་དོན་དང་། དབང་རྫས་དངོས་ནི། བུམ་ཆུ་དང་ཅོད་པན་གཉིས་ཡིན། ཡེ་ཤེས་ཐིག་ལེ་ལས། ཆུ་ཡིས་དབང་བསྐུར་དབུ་རྒྱན་དག། བྱ་བའི་རྒྱུད་ལ་རབ་ཏུ་གྲགས།། ཞེས་གསུངས་ཡོད། ཆུས་མ་རིག་པའི་དྲི་མ་བཀྲུས་ནས་སྣོད་དུ་རུང་བ་དང་། ཅོད་པན་གྱིས་རིགས་སུ་སྐྱེས་ཟིན་པ་མཚོན་ཡོད།
༥༽རྗེས་གནང་གི་དབང་གི་གོ་དོན་ནི། རྒྱུད་སྡེ་སོ་སོའམ་ལྷ་སོ་སོའི་དབང་ཐོབ་པའི་རྗེས་སུ་ཡི་དམ་སོ་སོའི་སྐུ་སྒོམ་པ་དང་། གསུང་སྔགས་བཟླ་བ་དང་། ཐུགས་ལ་མཉམ་པར་བཞག་པའི་གནང་བ་སྦྱིན་པའི་ཆོ་གའི་དོན་ཡིན། དཔེར་ན་སློབ་དཔོན་ཨ་བྷྱ་ཡའི་རྡོ་རྗེ་ཕྲེང་བ་དང་། བོད་ཀྱི་བ་རི་བརྒྱ་རྩ། རིན་འབྱུང་རྩ་བརྒྱ། ཁྲོ་ཕུ་བརྒྱ་རྩ། སྒྲུབ་ཐབས་བརྒྱ་རྩ་ཟེར་བ་ལྟ་བུ་རེད། འབྲི་གུང་གི་སྒྲུབ་ཐབས་ལྔ་བཅུ་ནི་རྗེས་གནང་གི་ཆོས་སྐོར་དང་། འདི་རྣམས་ནི་བྱ་རྒྱུད་གཙོ་གྱུར་རྒྱུད་སྡེ་འོག་མའི་ལུགས་ཡིན་པས་དབང་ཡིན་ནའང་། དབང་ཆེན་དང་བསྡུར་ན་དབང་ཕྲན་ཙམ་ཡིན་པས་རྗེས་གནང་ཞེས་གྲགས་པ་ཡིན། བུམ་ཆུ་དང་ཙཀ་ལི་ཙམ་ལས་རྫས་གཞན་མེད་པ་ཡིན་ནོ།།
༦༽སྤྱོད་པའི་རྒྱུད་ཀྱི་གོ་དོན་ནི། བྱ་བ་དང་སྤྱོད་པ་མང་པོ་ལ་མི་དགའ་བར་དེ་ཁོ་ན་ལ་མོས་པའི་རིགས་ལ་གསུངས་པའི་རྒྱུད་ཡིན་པས་དེ་ལྟར་ཐོགས་པ་ཡིན་ལ། གདུལ་བྱའི་བློ་གྲོས་ཀྱི་དབང་དུ་བྱས་ན། བློ་འབྲིང་གི་འདུལ་བའི་ཆེད་དུ་ཡིན་པ་དང་། སྦྱངས་བྱའི་དབང་དུ་བྱས་ན་འཕྲུལ་དགའ་སོགས་ལ་རྒོད་པས་ཚིམ་པའི་འདོད་ཆགས་ཡོད་པའི་གཉེན་པོར་གསུངས་པ་དང་། ཉོན་མོངས་པའི་དབང་དུ་བྱས་ན་གཏི་མུག་དམན་པའི་རིགས་ཅན་ལ་གསུངས་པ་དང་། མི་རིགས་ཀྱི་དབང་དུ་བྱས་ན་རྗེའུ་རིགས་དཀའ་ཐུབ་དང་དཀའ་སྤྱད་དྲག་པོ་མི་ནུས་པ་དང་། གཞན་གྱིས་དམད་པའི་ལས་ལ་མི་དགའ་བ་དག་ལ་གསུངས་པ་དང་། མུ་སྟེགས་པ་རྗེས་སུ་བཟུང་པའི་དབང་དུ་བྱས་ན་ཞེ་སྡང་ཁྱབ་འཇུག་གི་རྗེས་འབྲང་འཚེ་བ་ཆོས་སུ་སྨྲ་བ་ལ་གསུངས་པ་དང་། ནང་པའི་དབང་དུ་བྱས་ན་མདོ་སྡེ་པ་ཕྱིའི་སྣང་བ་ཤེས་པ་ཡིན་ཀྱང་གཟུང་འཛིན་གཉིས་འདོད་པ་དང་བསྟུན་ནས་གསུངས་པ་ཡིན་ནོ།།
༧༽སྤྱོད་པའི་རྒྱུད་ཀྱི་དབང་རྫས་ཀྱི་གོ་དོན་ནི། སྤྱོད་པའི་རྒྱུད་ཐུན་མོང་གི་དབང་བསྐུར་གྱི་ཡོ་ཆས་སམ་དབང་རྫས་ལ་གོ་དགོས་ལ། འདི་ལ་བྱ་རྒྱུད་ཀྱི་དབང་རྫས་ཆུ་དང་ཅོད་པན་གྱི་སྟེང་དུ་རྡོ་རྗེ་དང་། དྲིལ་བུ་དང་། མིག་གི་དབང་དང་ལྔ་ཡོད་པར་གསུངས། ཡེ་ཤེས་ཐིག་ལེ་ལས། རྡོ་རྗེ་དྲིལ་བུ་དེ་བཞིན་མིང་། །སྤྱོད་པའི་རྒྱུད་ལ་རབ་ཏུ་གྲགས།། ཞེས་གསུངས་ལ། རྡོ་རྗེས་བདག་འཛིན་གཞོམ་ནས་བདག་མེད་ཡེ་ཤེས་སྐྱེ་བ་དང་། དྲིལ་བུས་སྟོང་ཉིད་ཀྱི་སྒྲ་སྒྲོག་ནས་ཆོས་ཀུན་རྟོགས་པ་དང་། མིང་གིས་མ་འོངས་པར་སངས་རྒྱས་པའི་མིང་ཐོབ་པར་མཚོན་པ་དང་། རིགས་ལྔའི་དོན་ཡང་ཡིན། མངོན་བྱང་དུ་ཆུ་དབང་ལས་མ་གསུངས་ཀྱང་ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས་བཤད་ལ། བྱ་རྒྱུད་དང་སྤྱོད་རྒྱུད་གཉིས་ཀྱི་སྔོན་དུ་མེ་ཏོག་ཕྲེང་བའི་དབང་དང་། མཐའ་རྟེན་ལ་སྔགས་དང་། མིག་སྨན་དང་མེ་ལོང་དང་། ཆོས་བཤད་པའི་རྗེས་གནང་རྣམས་བྱ་བར་གསུངས་ཡོད། ལ་ལས་འཁོར་ལོ་དང་དུང་སོགས་རྗེས་གནང་དང་། བརྟུལ་ཞུགས་དང་ལུང་བསྟན་དབུགས་དབྱུང་རྣམས་བྱ་བར་ཡང་བཤད་དོ།།
༨༽རྣལ་འབྱོར་རྒྱུད་ཀྱི་གོ་དོན་ནི། བྱ་བ་སྤྱོད་པ་མང་པོ་གཡེང་བ་ཡིན་པས་ཤེས་ནས་དེ་ཁོ་ན་ཉིད་རྣལ་མ་སྒོམ་ནས་རྒྱུད་ལ་འབྱོར་བར་མོས་པ་ལ་གསུངས་པའི་རྒྱུད་ཡིན་པས་དེ་ལྟར་ཐོགས། གདུལ་བྱའི་བློ་གྲོས་ཀྱི་དབང་དུ་བྱས་ན་བློ་མཆོག་གི་རིགས་འདུལ་བ་ལ་གསུངས་པ་དང་། སྦྱངས་བྱའི་དབང་དུ་བྱས་ན་དགའ་ལྡན་པ་སོགས་ལ་ལག་བཅང་གིས་ཚིམ་པའི་འདོད་ཆགས་ཡོད་པའི་གཉེན་པོར་གསུངས་པ་དང་། ཉོན་མོངས་པའི་དབང་དུ་བྱས་ན་དམན་པ་དང་བར་མའི་དུག་གསུམ་གྱི་རིགས་ཅན་ལ་གསུངས་པ་དང་། མི་རིགས་ཀྱི་དབང་དུ་བྱས་ན་རྒྱལ་རིགས་དཀའ་སྤྱད་མི་ནུས་ཤིང་འདོད་ཡོན་གྱི་བདེ་བ་ལ་སྤྱོད་ལ་དག་ལ་གསུངས་པ་དང་། མུ་སྟེགས་པ་རྗེས་སུ་བཟུང་བའི་དབང་དུ་བྱས་ན་ལྷ་དབང་ཕྱུག་ཚངས་པ་ཁྱབ་འཇུག་གསུམ་གའི་རྗེས་འབྲངས་རྐྱེན་མཉམ་པ་མ་ངེས་པའི་རིགས་ལ་གསུངས་པ་དང་། ནང་པའི་དབང་དུ་བྱས་ན་སེམས་ཙམ་པ་ཕྱི་དོན་བདེན་པར་མ་གྲུབ་ཀྱང་གཟུང་འཛིན་གཉིས་མེད་ཀྱི་རང་རིག་འདོད་པ་དང་བསྟུན་ནས་གསུངས་པ་ཡིན་ནོ།།
༩༽རྣལ་འབྱོར་རྒྱུད་ཀྱི་དབང་རྫས་ཀྱི་གོ་དོན་ནི། སྔགས་རྣལ་འབྱོར་རྒྱུད་ཀྱི་མཚོན་བྱེད་ཀྱི་དབང་བསྐུར་པའི་ཡོ་ཆས་སམ་དབང་རྫས་ཀྱི་དོན་ཡིན་ལ། གོང་གི་སྤྱོད་རྒྱུད་ཀྱི་རིག་པའི་དབང་ལྔའི་ཐོག་ལ། ཕྱིར་མི་ལྡོག་པ་སློབ་དཔོན་གྱི་དབང་བསྐུར་བ་ཡིན་ལ། དེ་ལ་སྔགས་དབང་དང་། རྗེས་གནང་། ལུང་བསྟན། དབུགས་དབྱུངས། གཟེངས་བསྟོད་དང་དྲུག་ཡོད་པ་རེད། འདིར་ཆུ་ནི་མི་བསྐྱོད་པ་དང་། ཅོད་པན་རིན་འབྱུང་། རྡོ་རྗེ་རྣམ་སྣང་། དྲིལ་བུ་དོན་གྲུབ། མིང་ནི་དེ་བཞིན་གཤེགས་པའི་རིགས་བཅས་དབང་ལྔའི་རིགས་མཚོན་ལ། སློབ་དཔོན་གྱི་དབང་གིས་གཞན་གྱི་སློབ་དཔོན་བྱེད་ཆོག་པ་དང་། ཕྱིར་མི་ལྡོག་པ་ནི་འཁོར་བར་མི་ལྡོག་པའི་དོན་དང་། གསང་སྔགས་ནི་སྔགས་ཀྱི་དོན་གསང་ནས་སྒྲུབ་ན་འགྲུབ་པའི་དོན་དང་། རྗེས་གནང་ནི་ལྷ་ཡི་འཕྲིན་ལས་བྱེད་ཆོག་པའི་དོན་དང་། ལུང་བསྟན་ནི་རང་བོར་མི་འགོར་བར་བྱེད་ཆོག་པའི་དོན་དང་། དབུགས་དབྱུངས་ནི་དབུགས་བཀག་པ་ལྟ་བུའི་སྲིད་པ་ལས་ཐར་ཟིན་ནས་དབུགས་བཏང་ཡོད་པའི་དོན་དང་། གཟེངས་བསྟོད་ནི་ད་ལྟ་དངོས་སུ་གསང་སྔགས་ཀྱི་བདག་པོར་གྱུར་པས་སྤོབས་པ་སྐྱེད་པའི་དོན་ཡིན་ནོ།།
༡༠༽རྣལ་འབྱོར་བླ་མེད་རྒྱུད་ཀྱི་གོ་དོན་ནི། གཉིས་མེད་ཡེ་ཤེས་རྣལ་མ་རང་རྒྱུད་ལ་འབྱོར་བའི་ཐབས་བླ་ན་མེད་པ་ཁོ་ན་ལ་མོས་པ་ལ་གསུངས་པས་དེ་ལྟར་ཐོགས་པ་ཡིན་ལ། གདུལ་བྱའི་བློའི་དབང་དུ་བྱས་ན་བློ་མཆོག་ཏུ་གྱུར་བའི་རིགས་ལ་གསུངས་པ་དང་། སྦྱངས་བྱའི་དབང་དུ་བྱས་ན་སུམ་ཅུ་རྩ་གསུམ་མན་ལ་དབང་པོ་གཉིས་སྦྱོར་གྱིས་ཚིམ་པའི་འདོད་ཆགས་ཡོད་པའི་གཉེན་པོར་གསུངས་པ་དང་། ཉོན་མོངས་པའི་དབང་དུ་བྱས་ན་དུག་གསུམ་རབ་ཀྱི་རིགས་ཅན་ལ་གསུངས་པ་དང་། མི་རིགས་ཀྱི་དབང་དུ་བྱས་ན་དམངས་རིགས་དང་གདོལ་བའི་རིགས་གཙང་བཙོག་གི་འཛིན་པ་མེད་པར་ཐམས་ཅད་ཟ་ཞིང་། བྱ་བ་ངན་པར་འཛིན་པ་ཐམས་ཅད་བྱེད་པ་རྣམ་རྟོག་ཤས་ཆུང་བ་ལ་གསུངས་པ་དང་། མི་སྟེགས་པ་རྗེས་སུ་བཟུང་བའི་དབང་དུ་བྱས་ན། འདོད་ཆགས་ཅན་དབང་ཕྱུག་གི་རྗེས་འབྲངས་འདོད་ཆགས་ལ་སྤྱོད་ཅིང་ཤ་ལྔ་དང་བདུད་རྩི་ལྔ་ཟ་བ་ལ་གསུངས་པ་དང་། ནང་པའི་དབང་དུ་བྱས་ན་དབུ་མ་བ་ཀུན་རྫོབ་ཏུ་གཟུང་འཛིན་གཉིས་སུ་ཡོད་ན་ཡང་དོན་དམ་པར་གང་ཡང་བདེན་པར་མེད་པར་འདོད་པ་དང་བསྟུན་ནས་གསུངས་པ་ཡིན་ནོ།།
༡༡༽རྣལ་འབྱོར་བླ་མེད་རྒྱུད་ཀྱི་དབང་རྫས་ཀྱི་གོ་དོན་ནི། སྔགས་ཀྱི་མཐོ་ཤོས་རྣལ་འབྱོར་བླ་མེད་དང་འབྲེལ་བའི་དབང་བསྐུར་གྱི་ཡོ་བྱད་ཀྱི་དོན་ཡིན་ལ། འདི་ལ་བླ་མེད་རང་གི་དབང་ལ་བཞི་ཡོད་པ་དང་། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་བཅས་ཡིན། དང་པོ་བུམ་དབང་ལ་དབྱེ་ན་བཅུ་གཅིག་ཡོད་པ་ཡིན་ལ། སློབ་མའི་དབང་ལྔ་དང་། སློབ་དཔོན་གྱི་དབང་དྲུག་ཡོད། སློབ་མའི་དབང་ལྔའི་རྫས་ནི་གོང་གསལ་གྱི་ཆུ་དང་ཅོད་པན་རྡོ་རྗེ་དྲིལ་བུ་མིང་གི་དབང་བཅས་ཡིན་ལ། སློབ་དཔོན་གྱི་དྲུག་ནི་དྲིལ་བུ་བའི་དགོངས་པ་ལྟར་ན་རིགས་ལྔ་བདག་འཇུག་གི་ཆས་ཀྱི་སློབ་དཔོན་གྱི་དབང་དང་། ཕྲེང་བའི་སྔགས་དབང་ལུང་བསྟན་དབུགས་དབྱུངས་གཅིག་ཏུ་བྱས་པ་དང་། རྡོར་དྲིལ་གྱིས་རྡོ་རྗེའི་བརྟུལ་ཞུགས་པ་དང་། ཁ་ཊཾ་ཀ་དང་ཌ་མ་རུ་ཐོད་པ་ཚངས་སྐུད་ཀྱིས་སྤྱོད་པའི་བརྟུལ་ཞུགས་དང་རྗེས་གནང་དྲུག་བསྐུར་བ་ཡིན། བུམ་པའི་དབང་གིས་ལུས་ཐ་མལ་དུ་འཛིན་པ་དང་རྩ་ཁམས་དག་པར་བྱེད་པའི་དོན་དང་། གསང་དབང་གིས་གསང་བའི་རྫས་མྱོང་བས་ངག་ཐ མལ་དུ་འཛིན་པ་དང་རླུང་གི་ཁམས་དག་པར་བྱེད་པའི་དོན་དང་། ཤེར་དབང་གིས་རྫས་ལ་བརྟེན་ནས་ཡིད་ཐ་མལ་དུ་འཛིན་པ་དང་ཐིག་ལེའི་དྲི་མ་དག་པར་བྱེད་པའི་དོན་དང་། ཚིག་དབང་གིས་ཀུན་གཞི་ཐ་མལ་དང་ཤེས་སྒྲིབ་ཕྲ་མོའི་དྲི་མ་དག་པར་བྱེད་པའི་དོན་ཡིན།
༡༢༽སྙན་བརྒྱུད་བརྡ་ཡི་དབང་རྫས་ཀྱི་གོ་དོན་ནི། རྒྱུད་སྡེ་གཞན་ལ་མ་གྲགས་པར་བླ་མ་ནས་བླ་མའི་སྙན་ནས་བརྒྱུད་པའི་ཐུན་མིན་གྱི་དབང་རྫས་ཡིན་པའི་དོན་རེད། འདི་ནི་བཀའ་རྒྱུད་ཀྱི་ཐུགས་དམ་གྱི་ལྷ་གཙོ་མོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སིནྡྷཱུ་རའི་དཀྱིལ་འཁོར་གྱི་དབང་བསྐུར་སྐབས་ཀྱི་རྫས་ཡིན་ལ། མདའ་གཞུ། ཕག་མགོ ཀ་པཱ་ལ། རྡོ་རྗེ་རྒྱ་གྲམ་བཞི་ཡིན། མདའ་གཞུ་ནི་བསྐྱེད་རིམ་ལ་སྣང་སྟོང་ཐབས་ཤེས་ཡ་མ་འབྲལ་བར་སྒོམ་དགོས་པའི་བརྡ་དང་། ཕག་མགོ་ནི་ཕག་ནི་གཙང་བཙོག་གི་འཛིན་པ་མེད་པ་བཞིན་དུ་གང་ལ་ཡང་རྟོག་བྲལ་གྱི་སྒོ་ནས་མི་རྟོག་པའི་ཡེ་ཤེས་བསྐྱངས་དགོས་པའི་བརྡ་ཡིན། ཀ་པཱ་ལ་ནི་ནང་སྟོང་པ་བཞིན་དུ་སྐྱེ་འགག་གནས་གསུམ་བྲལ་བའི་བདེ་སྟོང་ལ་གོམས་དགོས་པའི་བརྡ་ཡིན། རྒྱ་གྲམ་ནི་བསྐྱེད་རིམ་མཐར་ཕྱིན་ནས་ཞི་རྒྱས་དབང་དྲག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་དགོས་པའི་བརྡ་ཡིན། ལ་ལས་སྙན་བརྒྱུད་བརྡ་ཡི་དབང་བཞི་དེ་ཕག་མོའི་ཚིག་དབང་ལ་བཤད་པ་ནི་མ་དག་པ་ཡིན་ཏེ། ས་པན་གྱི་སྡོམ་གསུམ་རབ་དབྱེ་ནས་དགག་བྱ་བྱེད་ས་ནི་འདི་དག་ཡིན་པས་སོ།།
·གསར་འགྱུར་གོང་མ:མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་རྩ་ཆེན་ཞིག
·གསར་འགྱུར་འོག་མ:སྐབས་ལྔ་བའི་བོད་མིའི་སྙན་ངག་འདུ་ཚོགས་ལང་ཚོའི་རྦབ་ཆུ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མིའི་ཐོབ་ཐང་དང་དམངས་གཙོ། 2015/6/9 11:12:53
·ལོ་རྒྱུས་སྟེང་གི་དེ་རིང་སྟེ་ཟླ༨པའི་ཚེས་༧ཉིན། 2011/8/7 19:35:39
·རིག་གནས་བདག་དབང་ཟེར་བ་ག་རེ་རེད། 2011/6/26 14:02:34
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 0:25:34 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:45:15 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 3:04:05 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS