མི་ཆོས་གཙང་མ་བཅུ་དྲུག
༧སྐྱབས་རྗེ་ཀིརྟི་བློ་བཟང་བསྟན་འཛིན།
མི་ཡི་ཆོས་གཙང་མ་སྟེ་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་མི་ཡི་ཆོས་སམ་ཉིན་རེའི་བྱ་སྤྱོད་གཙང་མ་སྟེ་ཡ་རབས་སྦྱོད་བཟང་ཇི་ལྟར་བྱེད་དགོས་པའི་ལམ་སྟོན་དོན་ཆན་བཅུ་དྲུག་པོ་འདི་ནེ། སྔོན་ཆོས་ཀྱི་རྒྱལ་པོ་སྲོང་བཅན་སྒམ་པོས་མི་ལོ་བརྒྱ་ཕྲག་མང་པོའི་གོང་དུ་བོད་མི་རིགས་ཀྱི་ཡ་རབས་སྤྱོད་བཟང་དང་ནང་སེམས་ཀྱི་བདེ་སྐྱིད་མི་ཐོག་ནས་མི་ཐོག་བར་གནས་ཐུབ་པའི་ཆེད་འཇིག་རྟེན་ཁྱིམ་པ་བ་རྣམས་ཀྱི་ཀུན་སྤྱོད་ཡ་རབས་སྤྱོད་བཟང་དང་མཐུན་པར་ཁྲིམས་སུ་བཅས་པ་ཤིག་ཡིན། འོན་ཀྱང་སྐབས་དེའི་སྤྱི་ཚོགས་དང་དུས་རབས་ཉེར་གཅིག་པ་ཚན་རིག་ལག་རྩ་ལ་དར་བའི་སྤྱི་ཚོགས་གཉིས་ཀྱི་བར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ནའང༌། མི་ཆོས་གཙང་མ་བཅུ་དྲུག་གི་ལམ་སྲོལ་འདིའི་ཟུར་ཆ་དང་མིང་ཚིག་རེ་ཙམ་མ་གཏོགས་སྤྱི་ཡོངས་ཀྱི་ཆ་ནས་དེང་དུས་ཀྱི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པས་མང་ཚོགས་སྤྱི་དང་ལྷག་པར་ནང་ཆོས་ལ་དད་པ་ཡོད་པའི་མི་མང་རྣམས་ཡ་རབས་སྤྱོད་བཟང་ཅན་དང་ནང་སེམས་ཀྱི་བདེ་སྐྱིད་ཡུན་དུ་གནས་པའི་ཆེད་ལག་ལེན་དུ་བསྟར་དགོས་ངེས་ཅན་ཞིག་ཡིན། མི་ཆོས་གཙང་མ་བཅུ་དྲུག་ནི་གངས་ལྗོངས་འདིར་ཁྲིམས་གསར་པ་ཞིག་མིན་པར་བོད་མིའི་གམས་གཤིས་ནང་འཇགས་ཟིན་པ་ཞིག་ཡིན་པས་དེའི་ངོ་སྤྲོད་འཇིག་རྟེན་ཕལ་སྐད་ཀྱིས་གོ་བདེ་བར་བརྗོད་འདོད་བྱུང༌།
མི་ཆོས་གཙང་མ་བཅུ་དྲག་ནི། ༡ དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ། ༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ། ༣ ཕ་མ་ལ་དྲིན་ལན་འཇལ་བ། ༤ ཡོན་ཏན་ཅན་ལ་ཆེ་མཐོང་ཡོད་པ། ༥ རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ། ༦ ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ། ༧ བཀའ་དྲང་ཞིང་སེམས་ཆུང་བ། ༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ། ༩ ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ། ༡༠ ཟས་ནོར་ལ་ཚོད་འཛིན་པ། ༡༡ སྔར་གྱི་དྲིན་ཅན་མི་རྩད་གཅོད་པ། ༡༢ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ། ༡༣ ཀུན་ལ་ཕྲག་དོག་ཆུང་བ། ༡༤ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ། ༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ།
༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག་ཡིན། (གྲངས་འདྲེན་ཚུལ་ལ་མི་འདྲ་བ་འགའ་ཤས་ཡོད་ནའང་འདི་བོད་རྒྱ་ཚིག་མཛོད་ཆེན་མོ་ལྟར་ཡིན་) འདིའི་དཔེ་དེབ་དགེ་འཇམ་དཔལ་རིག་འཛིན་ནས་མཁོ་འདོན་གནང་བར་བཀའ་དྲིན་ཆེ་ཞུ། མུ་མཐུད་འགོད་རྒྱུ།