ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
  གསར་འགྱུར་ཀློག་པ།

དབྱར་རྩྭ་བཙལ་བའི་ཟིན་ཐོ།

[རྩོམ་པ་པོ:སྨིན་  ཡོང་ཁུངས:མཚོ་སྔོན་པོ།  དུས་ཚོད:2012/4/30 20:27:00  བཀླགས་ཐེངས:1379][ཡིག་གཟུགས:ཡིག་གཟུགས་མདོག]
དབྱར་རྩྭ་བཙལ་བའི་ཟིན་ཐོ།
                 __འདི་ཉིད་བོད་ཀྱི་དབྱར་རྩའི་གནས་བབ་ཞིབ་འཇུག་པ་གྲོགས་ཆོས་དཔལ་བཟང་པོ་ལགས་ལ་མཁོ་ཉག་བྱུང་ལྟར་བཙལ་བའི་སྐོར་གྱི་ཚན་པ་ཞིག
 
    སྤྱི་ལོ ༢༠༡༡ ལོའི་ཟླ ༩ བའི་ཚེས་༢༣ ཉིན། ཁོ་བོ་ཙོང་ཁ་གྱི་ཐང་ན་ཡོད། ཉིན་དེར་གྲོགས་པོ་དམ་པ་ཆོས་དཔལ་བཟང་པོ་ལགས་ཀྱིས་ཁ་པར་འབྱོར་ཏེ། ཁོང་གིས་མཐོ་སྒང་བོད་ཀྱི་སྐྱེ་དངོས་རྩ་ཆེན།  སྨན་རྩྭའམ་སྔོ་ད་བྱིད། ད་སྐབས་ཡོངས་གྲགས་སུ་དབྱར་རྩྭ་དགུན་འབུའི་བྱུང་རིམ།  སྐྱེ་འཕེལ། རིན་ཐང་། བྱེད་ནུས། དར་རྒུད་སོགས་ནས་བརྩམས། དངོས་པོ་དེ་གང་དུ་གནས་ཡུལ་གྱི་ཁོར་ཡུག་གི་མིས་དེ་ལ་བཟུང་བའི་བསམ་བློའི་འདུ་ཤེས་དང་། རིན་ཐང་ལྟ་ཚུལ་དང་། བེད་སྤྱོད་བྱེད་སྟངས་སྐོར་ནས་ཞིབ་འཇུག་བྱས་ཏེ།  མ་འོངས་པར་རང་རེ་མཐོ་སྒང་བས་རང་གི་ཕ་ཡུལ་ནས་བྱུང་བའི་སྐྱེ་དངོས་རྩ་ཆེན་དེ་ཇི་ལྟར་བེད་སྤྱོད་གཏོང་བ་དང་། ཇི་ལྟར་གཅེས་སྲུང་དང་སེར་སྣ་བྱེད་ཐབས་སྐོར་ནས་ལས་ཀ་ཤིག་གཉེར་འདུན་ཡོད་པས། དེའི་རྒྱུ་ཆར་ཕྱོགས་ཡར་མར་གྱི་གྲོགས་པོ་འགའ་ལ་ཁ་པར་དང་དངོས་འབྲེལ་བརྒྱུད། རྒྱུས་ལོན་བཅར་འདྲི་བྱེད་རོགས་དགོས་ཞེས་པར་རམ་འདེགས་ཀྱི་ཚུལ་དུ།  ལོ་རྒྱུས་སྟེང་མཚོ་བོད་མཐོ་སྒང་དུ་དབྱར་རྩྭ་ཆེས་མོད་སའི་ས་ཁུལ་གཙོ་བོ་གང་ཞིག་ཡིན་ལ་རྒྱུས་ལོན་ཐད་ནས་ཕྱོགས་ཡར་མར་ལ་རྩད་གཅོད་བྱས་པ་ན། མང་པོ་ཞིག་གིས་ད་ལྟའི་མགོ་ལོག་རྨ་ཆེན་གངས་རིའི་ཁོར་ཡུག་ནི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ་གཉིས་ཀྱི་དངོས་ནས་མཚོ་བོད་མཐོ་སྒང་གི་དབྱར་རྩྭ་མོད་ཅིང་། སྤུས་ལེགས་དང་། ནུས་པ་ཕུན་སུམ་ཚོགས་པའི་འབྱུང་ཡུལ་རེད་ཅེས་ཁ་གཅིག་མཐུན་དུ་ལབ་པ་ཐོས། དེར་བརྟེན་རང་གི་དངོས་སྲིང་བདེ་གསལ་སྒྲོལ་མའི་གཟའ་ཟླ། ཕ་ཡུལ་རྨ་ཆེན་རྟ་བོ་ནས་ཡིན་པའི་དམག་པ་མགོན་པོ་རྡོ་རྗེ་ཆེད་མངག་གིས། རྨ་ཆེན་ས་ཁུལ་ནས་མི་ཚེའི་སྟེང་དབྱར་རྩྭའི་ཐོན་ཁུངས་ལ་རྒྱུས་མངའ་ཆེ་བའི་མི་སྣ་རེ་ཉིས་འཚོལ་དུ་མངགས་པ་ཡིན།  ཁོས་ས་ཕྱོགས་དེའི་མང་ཚོགས་ཁྲོད་ལ་རྒྱུས་ལོན་བྱེད་གྲོགས་བྱས་རྗེས། མགོ་ལོག་ཕྱོགས་སུ་སྔོན་ཆད་དབྱར་རྩྭ་ཆེས་མོད་ས་ནི་རྟ་བོ་གྱང་རིང་གི་ས་ཆ་ཡིན་པའི་གནས་ཚུལ་ཤེས་ཏེ། ས་ཕྱོགས་དེ་ནས་ཡིན་པའི་འབྲོག་མོ་དཀྱུས་མ། མི་ཚེའི་སྟེང་ལོ་ངོ་བཞི་བཅུ་ལ་ཉེ་བའི་རིང་དབྱར་རྩྭ་དགུན་འབུའི་ཁོར་ཡུག་དང་ཁ་བྲལ་མ་མྱོང་ཞིང་།  སྐྱེ་དངོས་དེར་རྒྱུས་མངའ་ཤིན་ཏུ་ཆེ་བ་ཞིག་གི་ཁ་པར་ཨང་གྲངས་སྤྲད་དེ་ངོ་སྤྲོད་བྱས་བྱུང་།  དེར་ཕྲན་གྱིས་བྱ་བའི་དགོས་མཁོས་དབང་གིས་མོ་ལ་ཁ་པར་བརྒྱུད་འཚམས་འབྲི་དང་། རང་ཉིད་ངོ་སྤྲོད་ཉུང་ཙམ་དང་འབྲེལ་བྱ་བའི་དགོས་མཁོའི་དབང་གིས་འདིར་སྐད་ཆ་སྐོར་ཞིག་དྲིས་ན་ཁྱེད་ལ་འཐད་པ་ཨེ་ཡིན་ཞེས་དྲིས་པ་ན།
མོས་བཤད་དོན། ཁོ་མོ་ནི་སློབ་གྲྭ་ལ་འགྲོ་མ་མྱོང་བས་རིག་གནས་མེད་པ་དང་། ལྷག་པར་བཅར་འདྲི་དང་བགྲོ་གླེང་གི་སྐད་ཆ་བཤད་ལོབ་མིན་པས་ཡག་པོ་ཞིག་ཤེས་རྒྱུུ་མ་རེད་མོད། ཁོ་མོས་ཤེས་སྲིད་པའི་དོན་རེ་ཡོད་ན་དགའ་བསུ་དང་ལེན་བཅས་བཤད་ཁོ་ཐག་ཡིན་ཟེར་བས། མོ་ནི་ཡུལ་མགོ་ལོག་གི་འབྲོག་མོ་སྤྱི་ལ་བལྟས་ན་བྱང་ཆ་ལྡན་ཞིང་སྐད་ཆ་བཤད་ན་ཁ་གསལ་གཏིང་གསལ་ཡིན་པ། མི་ལ་གུས་ཞབས་དང་སྐད་ཆ་བབ་ཆགས་ཀྱི་གནད་བཅོས་མིན་རང་བྱུང་དུ་ཡོད་པ།  བསྲེ་སྐད་ཀྱི་སྐྱོན་མེད་པ་སོགས་ཁ་བརྡ་བྱེད་བདེ་བ་ཞིག་རེད་འདུག
༡ དང་ཐོག་ཁོ་མོར་སྐྱེ་ཡུལ་དང་། དངོས་མིང་། ལོ་ཚོད། ཁྱིམ་ཚང་གི་གནས་སྟངས་དྲིས་པ་ལྟར་ན།     མོའི་ཕ་ཡུལ་ནི་གོང་དུ་བཤད་པའི་མཚོ་བོད་མཐོ་སྒང་གི་དབྱར་རྩྭ་དགུན་འབུ་ཆེས་མོད་པའི་ཁོར་ཡུག བཅོས་བསྒྱུར་ཡ་སྔོན་རྟ་བོ་བུ་བཞིའི་སྡེ་ཁོངས། ད་ལྟའི་མགོ་ལོག་ཁུལ་རྨ་ཆེན་རྫོང་རྟ་བོ་ཡུལ་ཚོ་ཧ་ལུང་རུ་ཆེན་གྱང་རིང་སྡེ་བའི་ཡིན་པ་དང་། དངོས་མིང་ལ་ཚེ་རིང་སྐྱིད་ཟེར། ད་ལྟ་མོ་ལོ ༤༡ ཡིན་པ་དང་། ཁྱིམ་དུ་གཟའ་ཟླ་དང་བུ་བུ་མོ་གཉིས་བཅས་ཁྱོན་གཟའ་མི་བཞི་འདུག་ཟེར།    
༢ ཉེ་ཆར་ཕ་ཡུལ་མདོ་ཁམས་བྲག་མགོ་ནས་ཡིན་ཞིང་། སྤྱི་ཚོགས་ཀྱི་གནས་བབ་དང་འཚོ་བར་ཁ་ཐག་ཉེ་ཞིང་མཁོ་ཉག་ཆེ་བའི་བྱ་གཞག་མང་པོ་ཞིག་སྒྲུབ་བཞིན་པའི་གྲོགས་པོ་ཆོས་དཔལ་བཟང་པོ་སོགས་ཀྱིས་རང་རེ་བོད་ཀྱི་སྐྱེ་དངོས་རྩ་ཆེན་དབྱར་རྩྭ་དགུན་འབུའི་འཕེལ་འགྲིབ་དང་། བེད་སྤྱོད་གཏོང་ལུགས་ཐད་ཞིབ་འཇུག་གནང་གིན་ཡོད་པའི་རྒྱུ་ཆའི་ཆེད།  ཁོ་བོས་ས་ཕྱོགས་འགའ་ལ་རྒྱུས་ལོན་བྱས་པ་ལྟར་ན། ཁྱེད་ཀྱི་ཕ་ཡུལ་ནི་མཚོ་བོད་མཐོ་སྒང་གི་སྨན་རྩྭ་ཆེས་མོད་པའི་ས་ཡིན་ཚུལ་ཐོས་པ་དང་། ཡང་ཁྱེད་ཚོའི་སྡེ་བའི་མགོན་པོ་རྡོ་རྗེ་ལ་གནས་ཚུལ་འདྲི་རྩད་བྱས་པ་ལྟར་ན། ཁྱོད་ནི་ལོ་ན་ཆུང་དུས་ནས་སྨན་རྩྭ་དང་འབྲེལ་འདྲིས་ཆེ་བའི་མི་སྣ་ཞིག་ཟེར་འདུག་པས་ཁྱེད་ཀྱིས་རང་ཉིད་ཀྱི་མི་ཚེའི་སྟེང་དབྱར་རྩྭ་རྒུན་འབུ་ཞེས་པའི་སྐྱེ་དངོས་དེ་ནམ་ཙམ་ངོས་ཟིན་པ་དང་།  དེ་ལ་རྒྱུས་མངའ་བྱུང་ཞིང་རྐོ་འཐུ་བེད་སྤྱོད་བྱས་པའི་་གོ་རིམ། ཕ་ཡུལ་གྱི་དབྱར་རྩྭའི་མང་ཉུང་དང་། དེའི་འཕེལ་འགྲིབ་སྐོར་ནས་སྐད་ཆ་འགའ་བཤད་རོགས།
ལན། དགའ་བསུ་ཞུ། ངའི་ཕ་ཡུལ་མཚོ་བོད་མཐོ་སྒང་གི་དབྱར་རྩྭ་ཆེས་མང་ས་ཡིན་མིན་མི་ཤེས་མོད། གང་ལྟར་ཁོ་མོ་ལོ་ངོ་དགུ་ཡིན་དུས་ནས་དབྱར་རྩྭ་དགུན་འབུ་ངོས་ཟིན་པ་ཡིན་ལ། དབྱར་རྩྭ་ཧ་ཅང་མོད་ས་ཞིག་ཡིན་པ་དངོས་གནས་ཡིན། རྒྱུ་མཚན་ངའི་ཕ་ལགས་ཀྱིས་བཤད་པ་ལྟར་ན། སྔོན་ཆད་ངེད་རྟ་བོ་བུ་བཞི་སྡེ་བས་དཔོན་པོ་ཚེ་རིས་ཚང་ལ་ལོ་རེ་རེའི་དཔྱིད་སྨད་དབྱར་རྩྭ་ཉུང་ཙམ་རེ་བཏུས་ནས་རོགས་སྐྱོར་བྱེད་སྲོལ་ཡོད། སྐབས་དེར་ངའི་ཕ་མ་སོགས་ཁྱིམ་མི་ཚོས་དབྱར་རྩྭའི་རྩད་པ་རྐོ་རོགས་དང་གཞུང་རྟ་བཏུ་རོགས་བྱེད་མྱོང་། གོ་ཐོས་ལ་དཔོན་པོ་ཚང་གིས་གཅིག་ནས་དབྱར་རྩྭ་  བྱང་རྒྱ་ལ་(བྱང་རྒྱ་ཞེས་པ་ནི་སྐབས་དེར་ཟི་ལིང་ཕྱོགས་ཀྱི་མཱ་ཚང་སྟེ་ཁ་ཆེ་བའི་རིགས་ལ་གོ་གི་འདུག)བཙོང་ན་གོང་རེག་གི་ཡོད་ཚོད་དང་།  གཉིས་ནས་ཁོ་ཚང་གི་གླང་བུ་(གླང་བུ་ནི་ནོར་ནག་གི་ཁྱུ་ལ་རྒྱུད་སྤེལ་བའི་ཆེད་ས་བབ་དམའ་ས་ནས་ཆེད་དུ་ཉོས་འོང་ཕྱིར། བདེ་ཐང་གི་ཕྱོགས་ནས་སྲུང་སྐྱོབ་བྱེད་དགོས་པས་སྨན་རྩྭ་བཀོལ་ནས་གསོ་བ་རེད་ཟེར་ཀྱང་། གླང་བུ་གསོ་ཆས་ལ་ཆེད་དུ་དབྱར་རྩྭ་བཀོལ་དགོས་པ་ནི། རོ་བཙའ་གསོ་བར་དམིགས་པ་མ་ཡིན་ནམ་སྙམ།)གསོ་ཆས་བྱེད་བཞིན་འདུག  ཁོ་མོས་ཕ་ལགས་ཀྱིས་བཤད་པ་ལྟར་ན་དུས་སྐབས་དེར་ངེད་གྱང་རིང་སྡེ་བའི་ས་ཆ་དབྱར་རྩྭ་མོད་ས་དག་ན་དབྱར་རྩྭའི་གཞུང་རྟའི་ཁ་དོག་གིས་སྨྲིག་ནག་ལེབ་ལེབ་ཡིན་ལ། དེང་སྐབས་བསམ་ན་གླང་ཟླའི་དུས་ཚིགས་སུ་མེ་ཏོག་སེར་ཆེན་ཆེས་མོད་ས་དག་གི་མེ་ཏོག་གི་མང་ཉུང་ལྟ་བུ་ཡིན་ཡིན་སྣང་ཤར་གི དུས་དེར་ཁྱིམ་ཚང་རེས་དབྱར་རྩྭ་་གཡག་ཁལ་རེ་བརྐོས་ནས་དཔོན་པོ་ཚང་ལ་སྤྲད་པའི་གནས་ཚུལ་སོགས་ནི་དངོས་གནས་ཡིན་འདུག་མོད། ད་ལྟ་བལྟས་ན་ལྷག་མ་ཙམ་ལུས་པ་ལས་སྔོན་གྱི་གནས་ཚུལ་དེ་བསམ་ཡུལ་འདས་པ་ཞིག་རེད་ཟེར།
   དྲི་བ། དེས་ན་ད་ལྟ་ཁྱེད་ཚོའི་ས་ཆའི་དབྱར་རྩྭ་བརྐོས་ཚར་སོང་བ་རེད་དམ།
ལན། ངས་བསམ་ན་ཕལ་ཆེར་བརྐོས་པ་ཁོ་ནས་ཟད་སོང་བ་ཞིག་ཀྱང་མ་རེད། ལོ་དང་དུས་ཀྱི་འགྱུར་བ། ཁོར་ཡུག་གཙང་བཙོག་སོགས་མང་པོ་ཞིག་ལ་འབྲེལ་བ་ཡོད་པར་འདོད། དེའི་ཕྱིས་སུ་མཉམ་ལས་ཁང་ཡིན་དུས་ཀྱི་སྐབས་སུ།  ས་གནས་མགོ་ཁྲིད་ཀྱིས་སྡེ་བའི་ངལ་རྩོལ་བ་ཕལ་ཆེ་བར་ལོ་རེར་མི་རེས་དབྱར་རྩྭ་རྒྱ་མ་གཉིས་རེ་ཡར་སྤྲོད་དགོས་པའི་ཁྲལ་བཞག་པས། ཁོ་མོ་ཡང་དབྱར་རྩྭ་རྐོ་བའི་དུས་ཚུགས་སུ་དབྱར་རྩྭ་འཚོལ་དུ་ནམ་རྒྱུན་འགྲོ་མྱོང་། སྐབས་དེར་སྔོན་ཕ་ལགས་ཀྱིས་བཤད་པ་དེ་འདྲའི་སྨན་རྩྭ་མོད་པོ་མེད་ཀི བསྡུར་བ་ཞིག་བྱས་ན་རབ་དང་རིམ་པ་ཞིག་དཀོན་ཚར་སོང་ཡོད་ཀི   འོན་ཀྱང་སྐབས་དེར་ཡང་ཉིན་རེར་དམག་གི་ཁུག་ཆུང་སེར་རིས་(གྲངས་ཀ་བྱས་ན་རྡོག་མ༢༠༠༠ཙམ)གང་རེ་རྙེད་ཐུབ། ཞོར་དུ་ཁྱིམ་ཚང་སྒེར་གྱིས་ཀྱང་ཉུང་ཙམ་རེ་བཙོང་བའི་སྲོལ་ཆགས། རིམ་བཞིན་དབྱར་རྩྭ་སྐམ་པོ་རྒྱ་མ་གང་རེས་དམངས་སྒོར(༡༧༠)ཁུག་པའི་སྐབས་ནས་བཟུང་། ཕྱོགས་སོ་སོ་ནས་ལོ་རེ་བཞིན་དབྱར་རྩྭ་དགུན་འབུ་ནི་ཆེད་དུ་འབད་པ་བྱེད་ཡུལ་ཞིག་ཏུ་གྱུར་བ་དང་བསྟུན་དབྱར་རྩྭ་ཉུང་བའི་མགོ་ཡང་བརྩམས་བྱུང་།  དེ་ནས་བཟུང་ད་ལྟའི་བར་བོད་ཡུལ་ཡོངས་དང་ལྷག་པར་རྨ་ཆེན་རྫོང་ཁོངས་ལྟ་བུར་མཚོན་ན་དབྱར་རྩྭ་ཁོ་ན་ལ་འབད་པ་བྱེད་པ་དང་། མང་ཆེ་བའི་འཚོ་བའི་ཡོངས་འབབ་དབྱར་རྩྭ་དགུན་འབུ་རྐྱང་བས་ཐག་གཅོད་ཀྱིན་ཡོད་པ་ལྟ་བུའི་སྣང་ཚུལ་འོག དབྱར་རྩྭའི་ཐོན་ཁུངས་ལ་འགྱུར་བ་རབ་དང་རིམ་པ་བྱུང་ཞིང་ལོ་རེར་སྔོན་ཆད་དབྱར་རྩྭ་ཆེས་མོད་པའི་ས་གནས་ནས་། རྡོག་མ་གཅིག་ཀྱང་མི་རྙེད་པའི་གནས་བབ་ལ་གཏུགས་པར་བསམ་ན་སྔངས་ཚབ་སྐྱེ་བ་ཞིག་རེད།  འོན་ཀྱང་གནས་ཚུལ་དེ་རྒྱུན་ལྡན་ཞིག་མ་རེད། ལོ་རྗེས་མར་རྗེས་མར་ཡང་ཅུང་ཙམ་སྐྱེས་འོང་གི་འདུག ཡིན་ན་ཡང་ལོ་རེ་རེ་བཞིན་སྐྱེ་སྟོབས་མི་སྙོམས་ཤིང་རྒྱུ་སྤུས་མི་འདྲ་བའི་གནས་ཚུལ་བྱུང་གི་འདུག ཉེ་བའི་ཆར་ལོ་རེར་དབྱར་རྩྭ་རགས་མོ་རེད། སྐམ་པོ་རྡོག་མ་ ༢༢༠༠ ཡས་མས་ཀྱིས་རྒྱ་ཁ་གང་། ལོ་རེར་ཧ་ཅང་ཞིག་འུ་ (ཞིག་འུ་ནི་ཡུལ་སྐད་དེ་ཞིབ་པ་འམ་ཕྲ་བའི་དོན་དུ་གོ ) རེད་རྡོག་མ་༣༠༠༠ནས་༤༠༠༠ཙམ་མ་གཏོགས་རྒྱ་ཁ་མི་གང་། གནས་ཚུལ་འདི་ལ་གཞིགས་ན་སྔོན་དང་ད་ལྟ་གཉིས་ཀྱི་དབྱར་རྩྭའི་འཕེལ་འགྲིབ་གནས་བབ་ནི་བཤད་མི་དགོས་པ་ཞིག་རེད་ཟེར།
༤  གོ་ཐོས་ལྟར་ན་ཁྱེད་ཚོའི་ས་ཕྱོགས་ཀྱི་དབྱར་རྩྭའི་ཡོངས་འབབ་ནི་ས་གནས་གཞན་དང་བསྡུར་ན་ཧ་ཅང་བཟང་ལ། ན་གཞོན་མང་ཆེ་བར་དབྱར་རྩྭའི་རིན་བབས་ཀྱི་སྒོར་མོ་ནི་ཕངས་མེད་དུ་སྤྱོད་ཆོག་སྙམ་པའི་འདུ་ཤེས་དང་། བྱ་སྤྱོད་ཡོད་ཟེར་བ་འདུག  འདིའི་ཐད་ནས་ཁྱེད་རང་ལ་དེ་ལྟ་བུའི་གནས་ཚུལ་ཨེ་ཡོད།
ལན་གྱི་ནང་དོན། ངོ་མ་བདེན་པ་རེད། ཁོར་ཡུག་གི་གསར་བུ་གསར་མོས་ཚོས་དབྱར་རྩྭའི་རིན་བབས་ཕངས་མེད་བྱས་པ་ཚབས་ཆེ་ལ། ངས་ཀྱང་བསམ་བློ་དེ་དང་གནས་ཚུལ་དེ་བརྒྱུད་མྱོང་། རང་གིས་འབྲོག་ལས་ཀྱི་མར་ཆུར་དང་། གཞན་པའི་ལས་ཀའི་ཡོངས་བབས་ཀྱི་སྒོར་ནི་ཧ་ཅང་རྩིས་ཆེན་དང་། གང་ཞིག་ལ་བཀོལ་དགོས་པར་བསམ་བློ་གཏོང་བ་དང་འཆར་གཞི་ཡོད་པ་ཞིག་ཡིན་ཡང་། དབྱར་རྩྭའི་རིན་བབས་ལ་དེ་ལྟ་བུའི་རྩིས་ཐང་མི་འཇོག་པར། དེ་རིང་རྙེད་པ་དེ་རིང་བཙོང་ནས་དགོས་མི་དགོས་ཀྱི་བཅའ་ལག་ལ་བརྗེ་བ་སོགས་ཕངས་མེད་དུ་བེད་སྤྱོད་མྱོང་། དེ་ནི་ད་ལྟ་བསམ་ན། གཅིག མི་ཚེའི་འཚོ་བ་རོལ་སྟངས་ལ་སྔོན་བསམ་འཆར་གཞི་དགོས་པའི་འདུ་ཤེས་ཞན་པ་དང་།  གཉིས། འཚོ་བའི་འགྲོ་སོང་ལ་ཚོད་རྩིས་དང་། འཚོ་བ་སྟབས་བདེ་རོལ་རྒྱུ་ལས་དོན་མེད་གྲོན་རླགས་ལ་དགོས་པ་མེད་པའི་སེམས་ངོ་མ་ཟིན་པ། གསུམ། དཔལ་འབྱོར་ཐོན་ཁུངས་ཀྱི་འཕེལ་འགྲིབ་ལ་བསམ་བློ་གཏོང་མ་ཤེས་པར་དབྱར་རྩྭ་ནི་རྩོལ་མེད་ལྷུན་གྲུབ་ཏུ་ཐང་ན་སྐྱེས་ཡོད་སྙམ་པའི་འདུ་ཤེས་ཀྱི་ཐོག་ནས་གནད་དོན་དེ་བྱུང་བ་ཡིན་པ་ཤེས་ཀི་ཡོད་ཟེར།
༥  ཁྱེད་ཚང་ལ་མཚོན་ན་དབྱར་རྩྭ་ཆེས་རྙེད་དུས་ཀྱི་ཡོང་འབབ་ཇི་འདྲ་རེད།
ལན། ཉེ་བའི་ལོ་འགའི་སྔོན་ནས་ངེད་ཚང་ལ་ངེད་བཟའ་མི་གཉིས་དང་ཞི་ལུ་ཞི་མོ་གཉིས་བཅས་དབྱར་(དབྱར་རྩྭ་ཆེས་རྙེད་མཁན་དང་ཆེས་འབད་པ་ཐུབ་མཁན་ནི་མོ་རང་གཅིག་པུ་ཡིན་པ་ཤེས་ཐུབ)རྩྭ་རྐོ་མི་བཞི་ཡོད་པས། ཡོང་བབས་ཆེས་བཟང་བའི་ལོ་རེར་ཕལ་ཆེར་སྒོར་ཁྲི་ཕྲག ༣༠ ཡས་མས་བྱུང་དུས་ཡོད་མྱོང་ཟེར།  ཕྲན་ལ་ཁོ་ཚང་གི་ད་ལྟའི་འཚོ་བའི་གནས་སྟངས་དང་དཔལ་འབྱོར་གྱི་ཚད་ཐིག་སོགས་མང་པོ་འདྲི་འདོད་ཀྱི་འདུན་པ་སྐྱེས་མོད། གཅིག་ནས་འདི་རིགས་གསལ་བོ་བྱས་ཁྱབ་བསྒྲགས་བྱས་ན་ཁོ་མོའི་ཁེ་དབང་དང་སྟབས་བདེ་མིན། གཉིས་གནས་སྐབས་ཀྱི་དམིགས་ཡུལ་དང་འབྲེལ་བ་ཆེན་པོ་མེད་ཕྱིར་མ་དྲིས།
༦  ད་ལྟ་ཁྱེད་ཀྱིས་དབྱར་རྩྭའི་ཡོང་བབ་དང་དབྱར་རྩྭའི་འཕེལ་འགྲིབ་སྐོར་ལ་བསམ་བློ་གཏོང་གི་ཨེ་ཡོད།
དྲི་ལན། ཡོད། ད་ལྟ་བོད་ཁུལ་ཡོངས་དང་ལྷག་པར་རང་གི་ཁོར་ཡུག་ནས་རྟ་ནོར་ལུག་གསུམ་ཇེ་ཉུང་དུ་སོང་སྟེ། མི་མང་གིས་ས་ཆའི་སྐྱེ་དངོས་རྩ་ཆེན་དག་བེད་སྤྱད་ནས་འཚོ་བ་རོལ་བའི་གནས་བབ་འདི་ལ་ཐུག་ཡོད་ན། དབྱར་རྩྭ་ནི་རང་གི་མ་འོངས་འཚོ་རྟེན་ནང་གི་གྲུབ་ཆ་གཙོ་བོ་ཞིག་རེད་སྙམ་གྱིན་ཡོད་ལ། ལོ་རེ་བཞིན་དབྱར་རྩྭ་རྐོ་བའི་དུས་ཚུགས་ལ་ཉེ་བ་ན། ད་ལོ་ཡང་ཁྱིམ་ཚང་ལ་ཡོང་འབབ་འོས་འཚམས་ཤིག་ཡོད་ངེས་སྙམ་པའི་གདེང་ཚོད་དང་། ལྷག་པར་དུ་དབྱར་རྩྭ་སྐྱེ་བའི་ཁོར་ཡུག་བདག་སྲུང་ལེགས་པོ་མ་ཐུབ་པར། དབྱར་རྩྭ་མོད་པའི་ཁོར་ཡུག་ནས་གཏེར་སྔོག་པའི་ཆེད་དུ་དུག་རླངས་འདྲ་མིན་སྣ་ཚོགས་སོགས་སྐྱེ་ཁམས་ལ་གནོད་པའི་རིགས་ལག་ཏུ་བླངས་ཆེ་ན། དབྱར་རྩྭ་སོགས་སྐྱེ་དངོས་རྩ་ཆེན་རིགས་གཞི་མེད་དུ་འགྲོ་བའི་ཉེན་ཁ་ཆེ་བར་སེམས་ཁུར་ཡོང་གི་འདུག་ཟེར། ༧  ཁྱེད་ཀྱིས་བལྟས་ན་འུ་ཚོས་དབྱར་རྩྭ་འདི་བེད་སྤྱོད་བྱས་ན་འུ་ཚོའི་འཁོར་ཡུག་ལ་གནོད་པ་ཨེ་ཡོད་ཀི  ལན། སྤྱིར་སྐྱེ་དངོས་རྩྭ་ཆེན་འདི་བརྐོས་པ་ཚབས་ཆེ་ནས་སྐྱེ་རྒྱུན་བཅད་ན་འཁོར་ཡུག་ལ་གནོད་པ་ཡོད་རྒྱུ་རེད། འོན་ཀྱང་གསེར་དངུལ་ཟངས་ལྕགས་རིགས་སོགས་རིན་པོ་ཆེའི་རིགས་སྔོག་འདོན་བྱས་པ་དང་བསྡུར་ནས་བཤད་ན། གནོད་པ་ཤས་ཆུང་ཆུང་ཡིན་པ་དང་། ལྷག་པར་གཅིག་གྱུར་གྱིས་དབྱར་རྩྭ་རྐོ་བའི་ཐད་ལ་སྒྲིག་འཛུགས་སམ། གོ་རིམ་ཡོད་པ་ཞིག་བྱས་ནས་བེད་སྤྱད་ན། ཁོར་ཡུག་ལ་གནོད་པ་མེད་པའི་ཉམས་བསྟན་བྱུང་།
༨  དེས་ན་བོད་ཁུལ་ལམ་ཡང་ན་ཁྱེད་ཀྱི་ཁོར་ཡུག་ནས་དབྱར་རྩྭ་རྐོ་སྟངས་ཐད་ཁྱེད་ལ་བསམ་འཆར་ཨེ་ཡོད།
ལན། ཡོད། ངས་གོང་དུ་བཤད་པ་ལྟར་དབྱར་རྩྭ་ནི་ང་ཚོ་མཐོ་སྒང་གི་རྟ་ནོར་ལུག་གསུམ་ཕུད་པའི་ཕན་ནས། ད་ལྟ་དང་མ་འོངས་པའི་འཚོ་རྟེན་ཆེས་གལ་ཆེན་ཞིག་ལ་ཁེལ་ཡོད་ན། འདི་ལ་སེར་སྣ་དང་གཅེས་སྤྲས་དགོས་སྙམ་པ་དང་། ས་གནས་མང་ཚོགས་ཀྱིས་རང་གི་འཚོ་བའི་ཁ་སྣོན་གྱི་བེད་སྤྱོད་ཙམ་ལས་བརྒལ་ཏེ། ཁེ་ཆེན་ཧམ་སེམས་ཀྱིས་ནང་ལོག་སོགས་ནས་མི་འབོལ་ཆེན་པོའི་དམག་ཕབ་ནས་དབྱར་རྩྭའི་སྐྱེ་རྒྱུན་ལ་ཤིན་ཏུ་གནོད་པའི་ལས་རིགས་གཉེར་བ་ལ་བསམ་འཆར་ཡོད་མོད། མཐོ་སྒང་ཡོངས་ལ་སྒྲིག་འཛུགས་མེད་ན་དོན་དག་ཐག་ཆོད་པ་ཤིན་ཏུ་དཀའ་བའི་གནས་ཤིག་རེད་ཟེར།
·གསར་འགྱུར་གོང་མ:བོད་ཀྱི་སྐད་ཡིག་མྱུར་དུ་ཉམས་གསོ་དགོས་ཚུལ།
·གསར་འགྱུར་འོག་མ:ལས་མི་བསྡུ་བའི་བརྡ་སྦྱོར།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་ཀྱི་་བླང་བྱ། 2014/4/11 9:47:19
·དབྱར་རྩྭ་བརྐོ་བ་དེས་སྐྱེ་ཁམས་ལ་ཞར་བྱུང་གི་གནོད་སྐྱོན་བཟོས་པ། 2013/6/6 20:06:22
·དབྱར་རྩྭ་དགུན་འབུའི་རབ་བྱེད། ༢ 2011/9/24 11:37:21
·དབྱར་རྩྭ་དགུན་འབུའི་རབ་བྱེད། 2011/9/24 10:11:15
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 2:39:57 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:23:13 [来自: 112.5.248.152]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:22:50 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 64 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS