ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
  གསར་འགྱུར་ཀློག་པ།

དབྱར་རྩྭ་བརྐོ་དུས་ང་ལ་ན་ཟུག་བཟོད་མེད་ཅིག་ཡོད།

[རྩོམ་པ་པོ:འབྲོང་བུ་ལྕགས་ཐར།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2012/6/11 15:33:30  བཀླགས་ཐེངས:1437][ཡིག་གཟུགས:ཡིག་གཟུགས་མདོག]

 

དབྱར་རྩྭ་དགུན་འབུ་བརྐོ་དུས་ང་ལ་ན་ཟུག་བཟོད་མེད་ཅིག་ཡོད།   

འབྲོང་བུ་ལྕགས་ཐར།

མཚོ་ངོས་ལས་སྨི་3000ལས་མཐོ་བའི་མཚོ་བོད་མཐོ་སྒང་སྟེང་གི་དབྱར་རྩྭ་དགུན་འབུ་ཞེས་པ་རྒྱལ་སྤྱིའི་ཚོང་རར་བཀྲམ་པ་ནས་ལོ་རེ་ནས་ལོ་རེར་རིན་གོང་ཇེ་མཐོ་ནས་ཇེ་མཐོར་བྱིན་ཅིང་།    ད་ལྟ་ནི་ཧ་ཅང་ཧ་ལས་དགོས་པའི་ཚོད་དུ་གདའ།    ལོ་རེའི་སྤྱི་ཟླ་ལྔ་བ་ནས་དྲུག་པ་ནི་མཚོ་བོད་མཐོ་སྒང་སྟེང་གི་བོད་རིགས་རོང་འབྲོག་ཚང་མ་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་ལ་བྲེལ་ནས་ཧ་ཅང་ཁོམ་ལོང་དབེན་པའི་དུས་སྐབས་ཤིག་ཡིན།    མཐོ་སྒང་གི་དབུལ་ཞིང་ཕོ་བའི་མི་རིགས་ཉམ་ཆུང་ཞིག་གི་ས་ཆ་ནས་འདི་ལྟ་བུའི་རིན་ཆེན་ནོར་བུ་ལས་ལྷག་པའི་སྨན་རྩ་ཞིག་འཁྲུངས་སོང་བ་ནི་དགའ་འོས་པའི་དོན་བཟང་ཞིག་རེད་ནི་རེད་མོད།    དབྱར་རྩྭ་དགུན་འབུ་བརྐོ་སའི་ཡུལ་དངོས་ཀྱི་དོན་དག་གང་མང་ཞིག་གིས་སྙིང་ལ་ལྕགས་གཟེར་བརྡབས་པ་ལས་ཀྱང་ལྷག་པའི་ན་ཟུག་བསླངས་འོང་།    དེ་ཡང་མ་གཞི་ནས་འཇིག་རྟེན་ན་དབང་ཆེས་ཆེ་བ་ནི་སྒོར་མོ་ཡིན་ཞིང་  སྒོར་མོ་དང་བསྡུར་ན་སའི་གོ་ལ་དང་མི  སྲོག་ཆགས་སོགས་གང་ཡིན་རུང་ཧ་ཅང་ཆུང་ཆུང་དུ་སྣང་བས་རེད  སྤྱིར་བཤད་ན་རོང་འབྲོག་མང་ཚོགས་མང་པོ་ཞིག་གིས་དབྱར་རྩྭ་དགུན་འབུ་ལ་བརྟེན་ནས་ལྟོ་གང་ཐབས་དང་རྒྱབ་ཁེབས་ཐབས་བྱེད་ཀྱིན་པ་བདེན་པ་ཡིན་མོད།  འོན་ཀྱང་དབྱར་རྩྭ་དགུན་འབུ་ཡིས་རོང་འབྲོག་མང་ཚོགས་དག་ལ་བཟོས་པའི་དཀའ་སྡུག་དང་གོད་ཆགས་ཡང་ཉུང་ཉུང་ཞིག་གཏན་ནས་མིན།  དེའི་རྐྱེན་གྱིས་ལོ་རེ་རེའི་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ལ་སླེབས་དུས་ང་ལ་ན་ཟུག་གི་ཚོར་འདུ་དྲག་པོ་ཞིག་གིས་གཙེས་ནས་ཅི་བྱེད་མི་ཤེས་པའི་ཚད་དུ་ལྷུང་འགྲོའོ།    རྒྱུ་མཚན་ཡང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་འདི་དང་བསྟུན་ནས་མགོ་སྐོར་དང་གཡོ་འཕྲོག བརྐུ་འཁྱེར།  བཙན་གནོན།  དམར་གསོད།  ནང་འཁྲུག་སོགས་གཅིག་རྗེས་གཉིས་མཐུད་ཀྱིས་བྱུང་སྟེ་རོང་འབྲོག་མང་ཚོགས་ཉམས་ཆུང་དག་དཀའ་སྡུག་གང་མང་ལ་འཕྲད་ཀྱིན་ཡོད། 
 
ལས་བྱེད་མི་སྣའི་མིང་བྱང་ཁུར་ཞིང་ཁོར་ཡུག་སྲུང་སྐྱོབ་ཀྱི་དར་ཆ་འཕྱར་བའི་གཡོ་སྒྱུ་ཅན་དེ་དག་གིས་གོང་གི་ཁྲིམས་ལུགས་མི་བརྩི་ཞིང་དམངས་ཀྱི་བདེ་སྡུག་མི་སེམས་པར།  ས་གནས་གང་རུང་ནས་འགག་སྒོ་སྣ་ཚོགས་བཟོས་ཤིང་སྦྲ་གུར་ཕུབ་རྗེས།  སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་བསགས་པའསི་སྒོར་མོ་རེ་འགའ་ཡིས་ཁུགས་དང་མི་ཁུགས་བྱས་ནས་དབྱར་རྩྭ་དགུན་འབུ་བརྐོ་སའི་ས་ཆ་ཕྲན་བུ་རེ་ཉོས་ནས་ལག་འབབ་ཉུང་ངུ་ཙམ་ལ་རེ་བའི་རོང་འབྲོག་མང་ཚོགས་དག་གི་ལག་ནས་སྒོར་མོ་དང་དངོས་པོ་སོགས་ཧེབ་ཀྱིས་ལེན་ཞིང་།  བླངས་ནས་ཀྱང་དགོས་མཁོ་ཡོད་པ་དག་ཁོ་ཚོས་ཉར་ཞིང་དགོས་མཁོ་མེད་པ་དག་མེ་རུ་བསྲེགས་རྗེས་ཕྱིར་ལོག་དགོས་པའི་བཙན་བཀའ་ནན་མོ་བཏང་འགྲོ་བ་དང་།  ད་དུང་རྒྱལ་ཁ་ལོན་མདོག་དང་ལས་འགན་འགྲུབ་མདོག་གིས་ཨ་རག་འཏུང་ཞིང་མཱ་ཆང་རྩེས་ནས་ཧབ་ཆ་དི་རི་རི་བྱེད་པ་མཐོང་དུས་ངའི་སེམས་པ་དབྱར་ཟླ་དྲུག་པ་ཡིན་རུང་འཁྱགས་ནས་དར་ཏུ་འགྱུར་འགྲོ།  ལས་བྱེད་མི་སྣ་དེ་དག་གིས་རང་ས་རང་ཡུལ་ནས་ཡིན་པའི་འབུ་རྐོན་དག་ལ་བཙན་ཤེད་ཀྱིས་ཆད་པ་ལྕི་མོ་གཅོད་ཅིང་སྡིག་སྨོད་སྣ་ཚོགས་བྱེད་ལ།  ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ཞིང་སྲིད་གཞུང་ག་གེ་མོའི་ས་གནས་རུལ་སུངས་སྲིད་གཞུངརྒྱབ་རྟེན་ཡོད་པར་བཤད་ནས་རྫིག་རྫིག་རྔམ་རྔམ་གྱིས་ཉམས་ཆུང་ནུས་མེད་ཀྱི་མང་ཚོགས་དག་ལ་མགོ་སྐོར་དང་བཙན་གནོན་བྱས་ཏེ་ལག་གི་སྒོར་མོ་བཙན་འཕྲོག་བྱས་ན་དེ་ཡིས་སེམས་མི་འཁྱག་ན་གང་གིས་སེམས་འཁྱགས་པར་བྱེད་དམ།  ཁོ་ཚོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཅི་ཡང་མེད་ལ་ཁོ་རང་ཚོའི་སེམས་ངོས་ན་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཏིལ་འབྲུ་ཙམ་ཡང་མེད་པས།  ཁོ་ཚོས་རོང་འབྲོག་མང་ཚོགས་དག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་དགོས་ངེས་རང་བཞིན་དང་གལ་ཆེན་རང་བཞིན་སོགས་ཅི་ཡང་མི་འཆད་པ་དང་ཁོར་ཡུག་སྲུང་སྐྱོབ་ཕྱོགས་ཀྱི་ཁ་ཏ་དང་སློབ་གསོ་ཅི་ཡང་མི་བྱེད་པར་ཐད་ཀར་སྡིག་དམོད་དང་ཆད་པ་ཟེར་ནས་སྒོར་རྡོག་རེ་འགའ་ལ་རྔམ་ཞིང་ཆད་པ་ཡིད་ཚིམས་པ་ཞིག་བླངས་རྗེས་ད་བཟོད་མགུ་གང་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཁ་ཡ་ཡེ་ནས་མི་བྱེད་པ་ནི་ཇི་འདྲའི་སྐྱུག་བྲོ་བའི་བྱ་སྤྱོད་ཅིག་རེད་ཨང་།   གཞན་ད་དུང་ཁོ་ཚོའི་བཟང་ས་རྒྱན་ས་དང་ཤ་ཉེ་སྤུན་ཟླ་དག་དམིགས་བསལ་གྱིས་རང་དབང་གིས་འགྲོ་སྐྱོད་ཆོག་ལ་ཆད་པ་སོགས་ཅི་ཡང་མེད་པར་མ་ཟད་ཁོར་ཡུག་སྲུང་སྐྱོབ་ལ་ཡང་གནད་དོན་མེད་པ་འདི་ནི་ཨ་རེ་མཚར་ཨང་།  ཁོ་ཚོ་ནི་མི་དམངས་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་མཁན་དང་མང་ཚོགས་ལ་སྣེ་འཁྲིད་མཁན་དག་དག་ཡིན་ཀྱང་།   ཁོ་ཚོས་མགོ་ཁྲིད་ནས་ཁྲིམས་ལུགས་རྡོག་བརྫིས་བཏང་ཞིང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འགན་མ་འཁུར།  མང་ཚོགས་ཀྱི་བདེ་སྡུག་མ་སེམས་ན་ང་ཚོ་སྟེ་སྤྱིར་བཏང་གི་མི་བུ་ཆེས་ཕལ་བ་དག་གིས་ཅི་ཞིག་བྱ་འམ། 
 
ད་དུང་ནམ་རྒྱུན་ཁ་ནས་འགྲོ་བ་རིགས་དྲུག་དང་མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟེར་རྒྱུ་རྒྱུན་མི་ཆད་པའི་མི་བུ་མང་པོས་ཀྱང་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་འདིར་ཕྲེང་བ་དང་ཁ་དོན་ལོགས་སུ་བཞག་སྟེ་ཧམ་སེམས་ཀྱི་མགོ་བོ་ཆེ་རུ་སྐྲངས་ནས་འཇོར་དང་ལག་ཆ་བཟུང་སྟེ་འགུལ་སྐྱོད་སྣ་ཚོགས་བྱས་འགྲོ་བ་ནི་ཇི་འདྲའི་ཤ་འདར་བ་ཞིག་རེད་ཨང་།  ནམ་རྒྱུན་དབྱར་རྩྭ་དགུན་འབུ་བརྐོ་ཐེངས་རེར་རོང་འབྲོག་མང་ཚོགས་མང་པོ་ཞིག་མགོ་བཅག་ལག་རྨས་དང་ཤ་རྡུང་རུས་རྡུང་གིས་སྨན་ཁང་དུ་འཚང་ཁ་ཤིག་སེ་བུད་འགྲོ་བ་ནི་གདོན་མི་ཟ་བ་ཞིག་རེད།  དུས་ཚིགས་འདིར་ཐོན་དུས་མཐོ་སྒང་གི་དབྱར་རྩྭ་དགུན་འབུ་ཡོད་པའི་ས་ཁུལ་མང་པོར་རྩོད་རྙོག་སྣ་ཚོགས་བསྟུད་མར་འབྱུང་བཞིན་ཡོད་ལ།  ཅིག་ཅིག་ཅིག་ནས་མི་ཞིག་བསད་སོང་བ་དང་ཉིག་ཉིག་ཉིག་ནས་རྡུང་རེས་བྱས་སོང་བའི་སྐད་ཆ་རྒྱུན་ཆད་ཀྱི་མེད།  དུས་རྒྱུན་འཚོ་བའི་ཁྲོད་དུ་ཁོ་ཚོས་སློབ་མ་དང་ན་གཞོན་དག་ལ་གཏད་ནས་ཅིག་བྱེད་མི་ཉན་ཆོས་གཞུང་ཅིག་ན་ཅིག་གསུངས་ཡོད་དང་།  ཉིག་ལས་མི་ཉན་བླ་མ་ཉིག་གིས་ཉིག་གསུངས་གི་སོགས་ཟེར་ནས་སློབ་གསོ་གཏོང་དུས་ཇི་འདྲའི་ཆོས་ཀྱི་ནང་སྙིང་རྟོགས་ཡོད་པ་འདྲ་ལ་ཇི་འདྲའི་བསམ་ཤེས་འདྲ་ན་ཡང་།  སྒོར་མོ་ཐང་ནས་སྐྱེ་བའི་དུས་ཚིགས་སྟེ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་སྐབས་འདིར་ཁོ་ཚོས་བླ་མ་དང་ཆོས་ལུགས་ཐ་དག་རྒྱབ་ཏུ་གཡུགས་ནས་སྒོར་རྡོག་འགའ་ཞིག་གི་དོན་དུ་ཡོད་ཚད་བློས་བཏང་སྟེ་ནང་འཁྲུག་དང་ནང་དམེ་བྱས་སོང་ན་ཇི་འདྲའི་སེམས་སྐྱོ་བ་ལ།  དེ་ཡང་ལ་ཤས་ཀྱིས་ས་མཚམས་བརྩད་ནས་མི་ཤི་རྟ་འགྱེལ་ཀྱི་ཟློས་གར་འཁྲབ་ཞིང་།  ལ་ཤས་ཀྱིས་ལུགས་འགལ་གྱིས་གཞན་གྱི་སྨན་རྩྭ་འཐུས་ཏེ་རྡུང་རེས་བྱེད་པ།   ཡང་ལ་ཤས་ཀྱིས་མགོ་གཡོག་མགོ་སྐོར་སྒོས་སྨན་རྩྭ་དང་ས་ཆ་ཉོ་ཚོང་བྱས་རྗེས་རྩོད་རྙོག་བྱུང་བ་སོགས་འཁྲུག་རྩོད་ཀྱི་འབྱུང་རྐྱེན་འདྲ་མིན་སྣ་ཚོགས་མཆིས་ན་ཡང་།   དེ་དག་ཚང་མ་དབྱར་རྩྭ་དགུན་འབུ་དང་མ་འབྲེལ་བ་གཅིག་ཀྱང་མེད་ལ་དེ་ཡང་མཐར་དེད་ན་སྒོར་མོ་དང་མ་འབྲེལ་བ་ཅི་ཞིག་ཡོད།  འཇིག་རྟེན་ཀྱི་བྱ་དངོས་ཐ་དག་སྟོང་བའི་ངོ་བོར་འཐིམས་འགྲོའོ་ཟེར་དུས་ཁོ་ཚོས་ཡོད་ཚད་ཀྱི་ཡོད་ཚད་བློས་བཏང་ནས་བྱ་བཏང་རི་ཁྲོད་འགྲིམས་དགོས་ན་ཡང་འདང་རྒྱག་ཆེ་ཡོད་སྙམ་པར་བྱེད་མོད།   དོན་གྱིས་ནང་སྙིང་ན་འདི་འདྲའི་ཧམ་སེམས་དང་ཞེ་སྡང་རི་རབ་ཀྱིས་ཀྱང་ཐེག་དཀའ་བ་ཞིག་ཡོད་པ་སུ་ཡིས་རྟོགས་ནུས་སམ།  གནས་ཚུལ་འདྲ་མིན་འདི་དག་ནི་ས་ཁུལ་གཅིག་དང་ཡུལ་ཕྱོགས་གཅིག་ཙམ་ནས་བྱུང་བ་མིན་པར་མཐོ་སྒང་གི་དབྱར་རྩྭ་དགུན་འབུ་ཡོད་སའི་ས་ཁུལ་མང་པོ་ན་བསྟུད་མར་བྱུང་གི་ཡོད་པས་ན་འདི་ཡིས་མི་རིགས་མཐུན་སྒྲིལ་གྱི་ལག་རྡང་ཁ་ཁར་གཏོང་སྲིད་ལ་བྱམས་སྙིང་རྗེ་ཡི་རང་གཤིས་ཡལ་བར་དོར་སྲིད་པས་རང་ཅག་མི་རིགས་སྤྱི་ལ་ཡང་ཇི་འདྲའི་ཤན་ཤུགས་ངན་པ་ཞིག་དང་བག་ཆགས་ཡ་ང་བ་ཞིག་འཇོག་ངེས་ཨང་།   སྤྱིར་མི་ཞིག་དང་དེ་ལས་ཀྱང་འཁོར་བ་བསྐྱངས་ནས་ཁྱིམ་གཞི་འཛིན་མཁན་ཞིག་ཡིན་ན་སྒོར་མོ་མི་དགོས་ཟེར་རྒྱུ་ཧ་ཅང་ནས་དཀའ་མོ་ཡིན་པ་སྨོས་མེད་རེད།  ཡིན་ནའང་དེའི་དོན་དུ་ཡོད་ཚད་ཡལ་བར་དོར་ནས་མིའི་ཚེ་སྲོག་ལ་ཡང་མི་འཛེམས་པར་སྲིད་ཀྱི་རྩ་ཁྲིམས་མ་བརྩིས།  ཆོས་ཀྱི་ཆོས་ཁྲིམས་མ་བརྩིས་པར་སྒོར་མོ་གཅིག་པུ་དམིགས་ཡུལ་དུ་བཟུང་ནས་ཁྱི་སྨྱོན་བཞིན་སྒོར་རྡོག་འགའ་ཡི་དོན་དུ་ཡོད་ཚད་གཏོང་ནུས་ན་དེ་ནི་སྙིང་སྟོབས་ཤིག་དང་སྤོབས་པ་ཞིག་གཞར་ནས་མ་ཡིན་ལ་ལྡོག་སྟེ་བླུན་རྟགས་ཁོ་ན་ཞིག་རེད་དོ།   

ངས་ནམ་ཡང་འདི་ལྟར་བསམ་གཞིག་བྱེད་ཀྱིན་ཡོད་དེ།  ང་ཚོས་མུ་མཐུད་འདི་ལྟར་དབྱར་རྩྭ་དགུན་འབུ་བརྩད་དེ་ལོ་ནས་ལོ་མཐུད་ཞིང་མི་ཤི་རྟ་འགྱེལ་དང་མགོ་ལྕོག་ལག་རྡུམ་བྱས་ནས་སོང་ན་མ་འོངས་བ་ཞིག་ལ་དབྱར་རྩྭ་དགུན་འབུ་ནི་ང་ཚོའི་མི་རིགས་འདི་ཁ་ཁར་གཏོང་བའི་བྱེད་གཏེ་རུ་མི་འགྱུར་བའི་ངེས་པ་ཡང་ག་ལ་ཡོད།   ང་ཚོས་རང་ས་རང་ཡུལ་ན་སྐྱེ་ཞིང་སྐྱེ་བའི་རིན་ནོར་དབྱར་རྩྭ་དགུན་འབུ་འདི་དག་བཀོལ་ཤེས་དང་སྤྱོད་བྱས་ན་འདི་ནི་ང་ཚོའི་དཔལ་འབྱོར་གྱི་ཡོང་ཁུངས་ཡག་ཤོས་ཤིག་རེད་ལ་ནམ་ཡང་ང་ཚོ་རང་ཉིད་ཀྱི་རེད་མོད།   དེ་མ་གཏོགས་ཧམ་སེམས་དང་ཧམ་སེམས་འཕྲད་པའི་རྩུབ་རྡར་ལས་ཁྲག་དམར་མུ་རུ་བཞུར་ཏེ་གཡུལ་འགྱེད་བསྟུད་མར་བྱས་ནས་སོང་ན།   ནམ་ཞིག་སྤྱི་དམངས་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཡོད་ཚད་གཞུང་བཞེས་དང་ཐལ་བའི་རྡུལ་དུ་གྱུར་སོང་ན་ང་ཚོ་སུ་ལ་ཡང་ཐབས་བཀོད་ཅི་ཡང་མེད་དེ་འགྱོད་གདུང་གི་ན་ཟུག་ཇི་འདྲ་ཆེ་ཡང་སྡུག་གྱོང་ཁོ་ན་ཡིན།   ནོར་བུ་རང་ལ་ཡོད་དུས།    ནོར་བུའི་ནོར་ངོ་མ་ཟིན།     ནོར་བུ་མི་ལ་ཤོར་དུས།     སྙིང་རླུང་སྟོད་ལ་འཚང་བྱུང་།    ཞེས་པ་ཇི་བཞིན་ད་ལྟ་རང་ལག་ན་ཡོད་དུས་བཀོལ་ཤེས་དང་སྤྱོད་ཤེས་མི་བྱེད་པར་ཡོད་ཚད་ལ་བདག་ཁོ་ནའི་བདག་འཛིན་གྱི་བསམ་བློ་འཆང་ནས་ཕྱིར་བལྟ་མ་བྱས་ན།  ནམ་ཞིག་གཞན་ལ་ཤོར་དུས་སྙིང་རླུང་འཚང་བཞིན་དབུགས་རིང་འཐེན་དགོས་པ་ནི་ཆོས་ཉིད་ཡིན། 
ཡང་ཁ་ཤས་ནས་རང་ཉིད་ལ་དབྱར་རྩྭ་དགུན་འབུ་བརྐོ་ས་ལག་མཐིལ་ཙམ་མེད་ན་ཡང་ས་རིན་སོགས་སྐར་གང་ཡང་མི་སྟེར་བར་བཙན་ཤེད་དང་གཡོ་སྒྱུའི་སྤྱོད་པ་ལ་བརྟེན་ནས་གཞན་གྱི་ས་ཐོག་ལ་ལག་པ་བསྲིངས་ཏེ་སྨན་རྩྭ་འཐུ་གྱིན་པ་ནི་ཇི་འདྲའི་སྐྱུག་བྲོ་བའི་བྱ་སྤྱོད་ཐ་ཤལ་བ་ཞིག་སྟེ་མཐའ་གཅིག་ཏུ་བརྐུ་བྱས་པ་དང་འཕྲོག་བཅོམ་བྱས་པ་ལ་གཏོགས་པས་ན་རྒྱ་སྲང་གི་སྨད་འཚོང་མ་དག་ལས་ཀྱང་མཐུ་བ་མ་ཡིན་ནམ།  དེ་འདྲའི་སྦྱོར་བ་རྩོམ་མཁན་གྱི་མི་དག་ལ་རིག་གནས་ཡོན་ཏན་གྱི་རྒྱབ་ལྗོངས་ཅི་ཡང་མེད་པ་ཕར་ཞོག་དང་།   ཐ་ན་མི་བུ་ཞིག་གི་ཆེས་སྤྱིར་བཏང་གི་མ་མཐའི་རྒྱུ་སྤུས་ཀྱང་མེད་སོང་བས་ཐང་གི་རི་དྭགས་དང་ཁྱད་པར་ཅི་ཞིག་ཡོད།   ཁོ་ཚོའི་ནག་ཉེས་ནི་ཧ་ཅང་ཆེ་སྟེ།   ཁོ་ཚོ་ནི་ཤེས་རིག་གི་སྤྱི་ཚོགས་འཛུགས་བསྐྲུན་ལ་གཏོར་བརླག་བྱེད་མཁན་ཡིན་ལ།   ཁོ་ཚོ་ནི་མདུན་དུ་བསྐྱོད་བཞིན་པའི་སྤྱི་ཚོགས་ལ་བཀག་འགོག་དང་ཕྱིར་འཐེན་བྱེད་མཁན་ཡིན།   དེ་བས་ཁོ་ཚོ་ནི་ང་ཚོའི་དགྲ་བོ་ཡིན་པར་མ་ཟད་མིའི་རིགས་སྤྱི་ཡི་དགྲ་བོ་ཡིན་ལ།  ཐ་ན་རང་བྱུང་ཁམས་ཀྱི་དགྲ་བོ་ཡང་ཡིན།   ཁོ་ཚོ་ནི་མི་ཡི་ལུས་ཡིན་ཀྱང་ཁྱི་ཡི་སེམས་དང་ལྡན་མཁན་ཡིན་པས་ངས་རང་གི་རིགས་མཐུན་སྤུན་ཟླ་དང་ཕུ་ནུ་མིང་སྲིང་དག་ལ་དེ་ལྟར་མི་བྱེད་པའི་ཞུ་བ་ཡང་ཡང་ཞུ་གི་ཡིན།   མཐར་གཏུགས་ནས་བཤད་ན་ངས་བཤད་འདོད་པ་ནི་རང་ཉིད་ཁོ་ན་ལས་མི་སེམས་པའི་བྱ་སྤྱོད་དེ་དག་གཞོགས་སུ་གཡུགས་ནས་འོས་འཚམས་ཀྱིས་གནད་དོན་ཐག་གཅོད་བྱས་ཏེ་འོས་མཚམས་ཀྱི་སྒོ་ནས་འཛད་སྤྱོད་བྱེད་པ་དང་མི་རིགས་མཐུན་སྒྲིལ་སེམས་ནས་མི་འབོར་བར་མ་ཟད་ཁོར་ཡུག་སྲུང་སྐྱོབ་ལ་ཡང་བྱེད་ཐབས་སྣ་ཚོགས་ཀྱིས་འབད་བརྩོན་བྱས་ན་རང་གཞན་ཀུན་ལ་ཕན་པ་རྒྱ་ཆེར་འདུག་ཅེས་པ་དེ་ཡིན། 
 
ལོ་རེ་རེའི་དབྱར་ཟླ་ལྔ་བ་ནས་དྲུག་པའི་བར་ལ་གོང་གསལ་གྱི་དོན་དག་དེ་དག་གིས་སེམས་ཀྱི་གཏིང་རིམ་ལ་ན་ཟུག་དྲག་པོ་བྱུང་ནས་བཟོད་ཐབས་མེད་པར་བྱས་འགྲོ་ལ།  འདིའི་སྐབས་ཀྱི་ན་ཟུག་དག་ནི་སྤྱིར་བཏང་གི་ན་ཟུག་རང་ག་བ་ཞིག་དང་མི་འདྲ་སྟེ་སེམས་ཀྱི་གཏིང་དུ་ཟུག་འགྲོ་ཞིང་ཟུག་ནས་ཀྱང་ཆེས་ཆེར་སྐྲངས་ཏེ་སེམས་པ་དུམ་བུ་འགའ་རེ་ལ་བཏང་འགྲོ།  ན་ཟུག་འདི་དག་ལ་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཞོར་ནས་ན་ཟུག་གཞན་ཞིག་ཀྱང་ངང་གིས་སྐྱེས་འོངས་འགྲོ།  དེ་ཡང་གང་རེད་ཟེར་ན།  ཕ་ཡུལ་རོང་འབྲོག་མང་ཚོགས་དག་གིས་དཀའ་ལས་བརྒྱ་ཕྲག་བརྒྱབ་ནས་འཐུས་ཡོང་བའི་དབྱར་རྩྭ་དགུན་འབུ་དེ་དག་ཁ་ཆེའི་གཙོས་པའི་སྨད་ཕྱོགས་ཀྱི་ཚོང་བ་དེ་དག་གིས་རིན་གོང་དམའ་མོས་བདེ་བླག་ངང་ཉོས་འགྲོ་བ་དེ་རེད།   དབྱར་རྩྭ་དགུན་འབུ་དེ་དག་ནི་རོང་འབྲོག་མང་ཚོགས་དག་གིས་བདེ་བླག་ངང་གཞན་ཞིག་ནས་ཁྱེར་ཡོང་བ་ག་ལ་ཡིན་ཏེ།  ཁོ་ཚོས་ཐང་ཆེན་པོ་འཕྲེད་ཀྱིས་གཏུབ་ཅིང་ལ་གཟར་མོ་གོམ་པས་འཇལ།  གྲང་ལྟོགས་གང་ཡང་བཟོད་བསྲན་བྱས་ཏེ་རྐང་ལག་བཞི་བོ་ས་ལ་ཕབ་ནས་གོག་ནུར་གྱིས་མིག་རིལ་ས་ལ་ལྷུང་ལ་ཁད་ཅིག་བྱས་ན་ད་ང་བཟོད་གཅིག་གཉིས་རེ་རྙེད་ཐུབ་པས་ན་དེ་ནི་སླ་མོ་ཞིག་ག་ལ་ཡིན།   དཀའ་སྡུག་ལ་སྔ་མོ་ནས་གོམས་ཡོད་པའི་ང་ཡི་ཡུལ་མི་སྤུན་ཟླ་དག་གིས་དཀའ་ལས་གང་མང་མྱངས་བའི་འབྲས་བུ་ཙམ་པོ་སྒོར་རྡོག་ཉུང་ཤོས་ཤིག་ལ་བརྗེས་རྗེས་ཡིད་ཚིམས་པའི་ངོ་གདོང་ན་འཛུམ་མདངས་པདྨ་བཞིན་རྒྱས་པ་མཐོང་དུས།  བདག་གི་མིག་ཆུ་ག་ལེར་སེམས་ཁོངས་སུ་བཞུར་སོང་ལ་བཞུར་ནས་ཀྱང་སྙིང་ཆུང་དམར་པོ་ཡོངས་སུ་བརླན་ནས་ལུས་སེམས་ཧྲིལ་བོ་འཁྱག་སིབ་སིབ་ཏུ་བྱས་སོང་།  ཡུལ་མི་ཚོས་སྒོར་རྡོག་ཉུང་ཤོས་ཤིག་ལ་བརྗེས་སོང་བ་ཅི་ལ་མིན་ཏེ།   ང་ཚོའི་ས་ཆ་དབྱར་རྩྭ་དགུན་འབུ་སྐྱེ་སའི་ས་ཆ་དགནས་དབྱར་རྩྭ་དགུན་འབུ་རྐང་གཅིག་ལ་ཆ་སྙོམས་ཀྱིས་སྒོར་ཉི་ཤུ་ནས་སུམ་ཅུའི་བར་ཡིན་ཞིང་།   ཆེས་མཐོ་ཤོས་ཀྱིས་ཀྱང་སུམ་ཅུ་ཆ་རེ་མ་གཏོགས་ཟིན་གྱི་མེད།   ཁ་ཆེའི་ཚོང་བ་དེ་དག་གིས་གོང་བདེ་མོས་དབྱར་རྩྭ་དགུན་འབུ་མང་པོ་ཉོས་ཏེ་ནང་ལོགས་ཀྱི་གྲོང་ཁྱེར་ཆེ་ས་དང་ཕྱི་རྒྱལ་སོགས་སུ་སོང་ན་དབྱར་རྩྭ་དགུན་འབུ་རྐང་གཅིག་ལ་སྒོར་བརྒྱ་ནས་ཉིས་བརྒྱ་དང་།   ཐ་ན་སུམ་བརྒྱ་ནས་བཞི་བརྒྱ་བྱས་ཏེ་ཡང་བཙོང་ཐུབ་གི་ཡོད་པ་རེད།   སྤྱིར་བཤད་ན་གྲང་ངར་དང་ཚ་གདུག་ལ་གདོང་གཏད་དེ་རི་ལུང་བརྒལ་ནས་དབྱར་རྩྭ་དགུན་འབུ་འཐུ་མཁན་ནི་ངའི་ཕ་ཡུལ་གྱི་མི་དམངས་མང་ཚོགས་དག་ཡིན་ན་ཡང་།   ཁེ་སྤོགས་མང་པོ་དང་རྒྱུ་ནོར་མང་པོ་བསགས་མཁན་ནི་ཁང་སྐམ་དུ་སྡོད་ཅིང་རླངས་འཁོར་དུ་བགྲོད་པའི་ཁ་ཆེའི་གཙོས་པའི་མི་རིགས་གཞན་གྱི་ཚོང་བ་དག་ཡིན་ན་འདི་ལ་སེམས་མི་སྐྱོ་མཁན་སུ་ཞིག་ཡོད།   ཚོང་བ་དེ་ཚོས་འུ་ཚོའི་ས་ནས་གོང་དམའ་མོས་དབྱར་རྩྭ་དགུན་འབུ་མང་པོ་ཉོས་ཏེ་ཕྱི་ཕྱོགས་སུ་སོང་ནས་རིན་གོང་མཐོན་པོས་ཕྱིར་འཚོང་བྱས་རྗེས་ད་བཟོད་འཛུམ་མདངས་ལྷུག་ལྷུག་ཏུ་བཞད་ཀྱང་འདང་རྒྱག་ཅི་ཞིག་ཡོད།  ཐ་ན་དབྱར་རྩྭ་དགུན་འབུ་རྐང་གཅིག་གི་མགོ་ནས་ཀྱང་ཁེ་སྤོགས་ལྡབ་བཅུ་ཕྲག་ཁ་ཤས་ནས་བརྒྱ་ཕྲག་རེ་ལེན་གྱིན་པ་མ་ཡིན་ནམ།  བལྟས་ཚོད་ལ་འདི་ནི་སྤྱིར་བཏང་གི་དོན་དག་དཀྱུས་མ་ཞིག་དང་གཞི་ནས་འདྲ་ན་ཡང་།   འདིའི་རྒྱབ་ལྗོངས་ན་དོན་དག་ཧ་ལས་དགོས་པ་ཞིག་བསྐུངས་འདུག་པ་མི་རིག་གམ།  འདི་ནི་ང་ཚོ་སྟེ་ཐབ་ཀ་མ་གཏོགས་ས་མི་ཤེས་པ་དང་ཨ་མ་མ་གཏོགས་མི་མི་ཤེས་པ་དག་གིས་རིག་གནས་དང་ཡོན་ཏན་མ་སྦྱངས་བས་ལན་པ་རེད།  འུ་ཅག་ཚོས་ལོ་ངོ་དུ་མང་གི་རིང་ལ་རྙིང་ཞེན་རྨོངས་དད་དང་ཨུ་ཚུགས་མཁྲེགས་འཛིན་བྱས་འོངས་པའི་ལན་སོང་བ་རེད།   གསར་བརྗེ་དང་གསར་གཏོད།   ནང་འདྲེན་སོགས་ཡེ་ནས་མ་ནུས་པས་རེད།   ང་ཚོས་ཀྱང་རིག་གནས་ཡོན་ཏན་སྦྱངས་ཤིང་འཛམ་གླིང་མིག་གིས་མཐོང་སྟེ་ས་ཆ་གང་དུ་སོང་ཡང་ཡུལ་ཡིན་པ་ལྟ་བུ་ཞིག་དང་བྱ་བ་ཅི་ཞིག་བྱས་ཀྱས་རང་མགོ་ཐོན་པ་ཞིག་ཏུ་ཆགས་ཡོད་པ་ཡིན་ན།   ཁེ་སྤོགས་མང་པོ་གཞན་ལག་ཏུ་བཞག་ནས་རང་ཉིད་ཀྱིས་ཁེ་སྤོགས་ཕྲན་བུ་ཞིག་གི་ཕྱིར་དུ་ལ་བརྒྱབ་ལུང་བརྒྱབ་བྱས་ནས་རྔུལ་ཁྲག་བར་མེད་དུ་འཛགས་དགོས་དོན་ག་རེ་ཡོད་དམ།   རེད་དེ།   འདི་ནི་རིག་གནས་ཡོད་མེད་ཀྱི་བར་གྱི་ཧེ་བག་རེད་ལ།   འདི་ནི་ཀླད་ཤུགས་ངལ་རྩོལ་དང་ལུས་ཤུགས་ངལ་རྩོལ་གྱི་རྩ་བའི་མི་འདྲ་ས་རེད།   ངའི་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་དག་ལ་དཔའ་གདེང་དང་སྙིང་སྟོབས་ཀྱིས་ཕྱུག་ན་ཡང་རིག་གནས་ཀྱི་ནང་རྫོང་ཀྱིས་སྟོང་བས་ནམ་ཡང་རྗེས་སུ་མི་ལུས་རང་ལུས་རེད།   འདི་ནི་སྲོལ་རྒྱུན་གྱི་བག་ཆགས་ངན་པའི་ཤན་ཤུགས་ལ་རིག་གནས་ཀྱི་སྒོ་ཐེམ་སྙེགས་པའི་མི་བུ་ཧ་ཅང་ཉུང་ཞིང་།   དེ་བས་ཀྱང་རྙིང་ཞེན་གྱི་བག་ཆགས་བཙན་པོའི་རུམ་ཁ་ནས་གསར་གཏོད་ཀྱི་བསམ་བློ་ཡོད་མཁན་དེ་ལས་ཀྱང་ཉུང་བའི་མཇུག་འབྲས་རེད། 
 
འདི་དག་བསམ་གྱིན་བསམ་གྱིན་བཟོད་མེད་ཀྱི་ན་ཟུག་ཇེ་ཆེ་ནས་ཇེ་ཆེར་སྐྱེས་པས་རྩོམ་ཐུང་འདི་ཉིད་སྨྱུག་རྩེར་མི་འགོད་རང་དབང་བྲལ་བས་ཅིས་ཀྱང་བཀོད་པ་ལགས་ན།  དཔྱོད་ལྡན་དག་གིས་བླང་དོར་གྱི་བུ་གར་བརྒྱུས་ནས་བསམ་བློ་གཏོང་རྒྱུ་གལ་ཆེའོ།  ། 
 

·གསར་འགྱུར་གོང་མ:གླུ་མ་རིག་འཛིན་སྒྲོལ་མ་དང་མོའི་བོད་ཡིག་འཛིན་གྲྭ།
·གསར་འགྱུར་འོག་མ:ཨེ་ཝྃ་ལྔ་རིག་དཔེ་མཛོད་ཁང་།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ལྗོངས་ཀྱིས་ཚངས་དབྱངས་རྒྱ་མཚོའི་རིག་གནས་ཞིབ་འཇུག་མཐུན་ཚོགས་བཙུགས་པ། 2016/8/8 16:09:28
·ཡོངས་འཛིན་བོད་ཡིག་འཚོལ་བཤེར་ཚོད་གཏོང་བྱས་པ། 2016/8/8 16:06:37
·ཀློང་ཐང་སྒྲོལ་མ་དང་འབྲེལ་བའི་གཏམ། 2016/5/18 22:43:23
·ཆབ་སྤེལ་གྱི་དགག་ཡིག ༼བརྡ་སྤྲོད་སྐོར། 2015/10/25 11:01:07
·བདེ་སྐྱིད་ཀྱི་འཇུག་ངོགས། 2015/9/22 14:50:05
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 11:31:14 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:05:09 [来自: 112.5.248.152]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 15:05:07 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS