ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

སྐད་ཡིག་སློབ་དེབ་ཀྱི་བརྡ་དག་ལ་ཟུར་ཙམ་དཔྱད་པའི་གཏམ་

[རྩོམ་པ་པོ:ཤར་ཚང་བཀྲ་ཤིས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012/7/6 16:38:46  བཀླགས་ཐེངས:1513][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།།  སྐད་ཡིག་སློབ་དེབ་ཀྱི་བརྡ་དག་ལ་ཟུར་ཙམ་དཔྱད་པའི་གཏམ་ཐིགས།།
 
                                      ཤར་ཚང་བཀྲ་ཤིས་དབྱངས།
 
  བསྡུས་དོན་སྙིང་པོ།     བསླབ་གཞི་རྩོམ་སྒྲིག་མཛད་སྐབས།  སློབ་དེབ་ཀྱི་བརྡ་དག་ལ་ལེགས་པར་བརྟག་སྟེ།  དག་ནོར།  ཚིག་ནོར་སོགས་ཀྱི་སྐྱོན་སེལ་དང༌།   དག་ཆ་གཏན་འབེབས་བཟོ་བའི་བཀས་བཅད་ཀྱི་ནུས་པ་འདོན་ཚུལ།   སློབ་དེབ་ཀྱི་བརྡ་དག་ཞུན་བརྡར་བཅད་ཚུལ་བཅས་དཔེ་དང་སྦྱར་ནས།  ཟུར་ཙམ་དཔྱད་གླེང་བྱས་པའོ།།
        ད་ལྟ་སྐད་ཡིག་བསླབ་ཚན་གྱི་ཚད་གཞི་ནང༌།  བསླབ་གཞི་རྩོམ་སྒྲིག་མཛད་ཕྱོགས་ཐད།     རིན་ཐང་ཅན་གྱི་དགོངས་པ་མང་པོ་བསྟན་ཡོད་དེ།  བསླབ་གཞི་རྩོམ་སྒྲིག་མཛད་པར།   དེང་རབས་ཅན་ལ་ཁ་ཕྱོགས་པ་དང༌།   འཛམ་གླིང་ལ་ཁ་ཕྱོགས་པ།    མ་འོངས་པར་ཁ་ཕྱོགས་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་དང༌།   སྣ་མང་རིག་གནས་ལ་གོ་ཤེས་དང་བརྩི་འཇོག་བྱེད་དགོས་ཞེས་དང༌།      ད་དུང༌།  བསླབ་གཞིས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས།   རྒྱུན་འཛིན་དང་དར་སྤེལ་གཏོང་བར་དོ་སྣང་བྱེད་དགོས་སོགས་གསུངས་ཡོད།།
      གཏམ་འདི་དག་ནི།  ང་ཚོས་ཁ་བདེ་འཕྱར་ས་ཞིག་དང༌།  ཁ་གཡང་འབོད་ས་ཞིག་མིན་པར།    དོན་སྙིང་བླངས་ནས་ལག་ལེན་ལ་ལེགས་པར་སྦྱར་རྒྱུ་ནི་གལ་ཤིན་ཏུ་ཆེའོ།།
    དེ་ཡང༌།  གངས་ཅན་བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྤེལ་བྱེད་པ་དེ་ནི།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ཤིག་འཛིན་སྤེལ་བྱེད་པ་ཡིན།  འཛམ་གླིང་གི་ཕུལ་བྱུང་རིག་གནས་ཤིག་ཀྱང་འཛིན་སྤེལ་བྱེད་པ་ཡིན། མ་ཟད། མིའི་རིགས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཅིག་ཀྱང༌། འཛིན་སྤེལ་བྱེད་པ་ཡིན།   ཞེས་སྨྲ་ཆོག།
    གངས་ཅན་བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྤེལ་བྱེད་དགོས་ན།  བོད་ཀྱི་སྐད་ཡིག་འདི་ལ་མི་བརྟེན་ཐབས་མེད་ཡིན།   བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡག་པོ་ཡོད་ན།  གཞི་ནས།   བོད་ཀྱི་ཕུལ་བྱུང་རིག་གནས་འཛིན་སྤེལ་ཐུབ་པ་དང༌།  བོད་ཀྱི་སྐད་ཡིག་གི་རྨང་གཞི་ཡག་པོ་ཞིག་མེད་ན།      བོད་ཀྱི་ཕུལ་བྱུང་རིག་གནས་དེ།  ནམ་ཡང་འཛིན་སྤེལ་མི་ཐུབ།  བོད་ཀྱི་སྐད་ཡིག་དེ་ཡང༌།  བོད་ཀྱི་ཕུལ་བྱུང་རིག་གནས་ཀྱི་གྲས་ཤིག་ཡིན་མོད།  འདི་ནི།  སྐད་ཡིག་གི་ལག་ཆའི་རང་བཞིན་ངོས་ནས་གླེང་བ་ཡིན།།
    ཁ་ཆེ་ཕ་ལུའི་བསླབ་བྱ་ནང༌།   ཡོན་ཏན་ཀུན་གྱི་རྩ་བ་ཡི་གེ་དང༌། ། ཡོན་ཏན་ཡོངས་ཀྱི་རྒྱལ་པོ་ཡི་གེ་ཡིན། ། གསུངས་པ་ལྟར།  སྐད་ཡིག་གི་ཡོན་ཚད་ནི།  སློབ་ཕྲུག་གིས་རིག་གནས་སམ་རིག་ཚན་གཞན་དག་ལེགས་པར་སྦྱོང་བྱེད་ཀྱི་རྩ་བའི་རྨང་གཞི་དང་ལག་ཆ་ཡིན། །
      སྐད་ཡིག་སློབ་གསོ་དེ།  དེང་རབས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང༌།  མཁོ་དགོས་ལ་འཚམ་པའི་བསླབ་ཚན་ཞིག་ཆགས་ཕྱིར། ང་ཚོས་མ་ཁེ་སི་རིང་ལུགས་དང༌། ཚན་རིག་གི་སློབ་གསོའི་རིགས་ལམ་དེད་ནས།   སྐད་ཡིག་སློབ་གསོའི་དགེ་སྐྱོན་ལ་ཕྱོགས་སྡོམ་དང༌།   སྔོན་ཐོན་གྱི་རྒྱལ་ཁབ་དང༌།  མི་རིགས་ཀྱི།  ཕ་སྐད་སློབ་གསོའི་བསྒྱུར་བཅོས་ཀྱི་ཉམས་མྱོང་ལ་མིག་དཔེ།  སྐད་ཡིག་སློབ་གསོའི་ཆོས་ཉིད་ལ་བརྩི་མཐོང་བཅས་བྱས་ཏེ།  སྐད་ཡིག་བསླབ་ཚན་ལ་བསྒྱུར་བཅོས་གཏིང་ཟབ་དགོས་ངེས་ཡིན །།
       བསླབ་གཞི་ནི།  བསླབ་ཚན་བསྒྱུར་བཅོས་ཀྱི་གལ་ཆེའི་ནང་དོན་ཞིག་ཡིན།  འདི་ལས་སློབ་གསོའི་ལྟ་བ་དང༌།   སློབ་གསོའི་ལམ་ལུགས།   སློབ་གསོའི་ནང་དོན་མངོན་ཐུབ་ལ།  འདིས།     སློབ་གསོའི་སྤུས་ཚད་དང༌།    སློབ་གསོའི་དམིགས་ཚད་དོན་སྨིན་ཡོང་བ་ལ་རམ་འདེགས་ཆེན་པོ་བྱེད་ཀྱི་ཡོད།།
     སྐད་ཡིག་སློབ་དེབ་ནི།   སློབ་མ་ལ་ཐད་ཀར།   ཕ་སྐད་སློབ་གསོ་བྱེད་སའི་མ་དཔེ་ཞིག་ཡིན་པས།   སློབ་དེབ་ལ་སྤུས་ཚད་ཀྱི་རེ་བ་ནན་པོ་དགོས་པ་ནི། བཤད་ཅི་དགོས།   
སྤུས་ཚད་ལ་ཞིབ་ཕྲའི་རེ་བ་མང་པོ་ཡོད་ན་ཡང༌།   རྩ་བའི་རེ་བ་ཞིག་ནི།  སློབ་དེབ་ཀྱི་རྗོད་བྱེད་ཚིག་ལ་དག་ནོར།   ཚིག་ནོར་སོགས་ཀྱི་སྐྱོན་མ་འདྲེས་པར།  བརྡ་དག་ཞུན་བརྡར་ཆོད་པ་ཞིག་དགོས་པ་དེ་ཡིན།།                    
     མིག་སྔར་སློབ་གྲྭ་ཆུང་འབྲིང་གི་བསླབ་གཞི་གང་དུ་བལྟས་ཀྱང༌།  མིང་བརྡ་གཅིག་ལ།   དག་ཆ་འབྲི་སྲོལ་མི་འདྲ་བ་དང༌།   དོན་ནོར་ཚིག་ནོར་གྱི་སྐྱོན་ཆ་བཅས་མང་པོ་མཐོང་རྒྱུ་ཡོད།།
     འདིར།  བདག་གིས་སློབ་གྲྭ་ཆུང་བའི་སྐད་ཡིག་སློབ་དེབ་ནང་གི་སྣང་ཚུལ་འགའ།  མཛུབ་མོས་རི་སྟོན་གྱི་དཔེ་མཚོན་ཚུལ་དུ་དྲངས་ནས།  བརྟག་དཔྱད་བྱས་པའི་བསམ་ཚུལ་ཕྲན་བུ་ཙམ་གླེང་བར་འདོད་དོ། །
        གཅིག   བཀས་བཅད་ཀྱི་ནུས་པ་མ་འདོན་པ།
             དཔེ།  ༡   ཤ་བ་དང་ཤྭ་བ།
       སློབ་ཆུང་སློབ་དེབ་ནང༌། རི་དྭགས་ཤྭ་བའི་ཤྭ་དེ་ལ་ཝ་ཟུར་ཡོད་མེད་གཉིས་ཀ་མཐོང་རྒྱུ་ཡོད།   སློབ་ཆུང་བསླབ་གཞི་གསར་མའི་སློབ་དེབ་དང་པོའི་ནང༌།  གསལ་བྱེད་ངོས་འཛིན་སློབ་ཚན་ལས།  ཤ་ཡི་སྐབས།   ཤ་       ཤ་བ།   ཞེས་ཝ་ཟུར་མེད་པ་དང༌།  ཝ་བཏགས་ཅན་ངོས་འཛིན་སྐབས།  ཤྭ་བ་ཞེས་ཝ་ཟུར་ཡོད་པ་བྲིས་ཡོད།  ད་དུང་བསླབ་གཞི་གསར་མའི་སློབ་དེབ་བཞི་པ་སོགས་ཀྱི་ནང་དུ་ནི། ཝ་ཟུར་མེད། །
    མ་གཞི།  ཤྭ་བའི་ཤྭ་ལ་ཝ་ཟུར་ཡོད་མེད་གང་བཟང་སྙམ་ན།  སོ་སོས་བརྟག་པ་བྱ་ཆོག་སྟེ།      བདག་གིས་བལྟས་ན།  ད་ལྟ་ཡི་གེ་བ་མང་ཆེ་བས། ཤ་ཝ་ཟུར་ཅན་དེ་འབྲི་བར་སྣང་ལ།  ང་རང་སྒེར་གྱི་ངོས་ནས་བརྗོད་ནའང༌།   དེ་ཉིད་གོམས་འདྲིས་ཆགས་ཡོད་དུས།  ཤ་ཝ་ཟུར་ཅན་འབྲི་རྐྱང་བྱེད་ཀྱི་ཡོད།  ཡིན་ནའང།  ཤ་བ་ལྟ་བུ་མིང་མཐའ་ལ་བ་ཡོད་ཚེ།   ཤ་ལ་ཝ་ཟུར་གྱི་སྒྲ་མི་གསལ་བར་འགྱུར་བས་ཝ་ཟུར་མི་ཐོབ་པའི་ཚུལ་དང༌།  མིང་མཐར།   བ་མེད་ཚེ་ཤྭ་ལ་ཝ་ཟུར་གྱི་སྒྲ་ཡོད་ཚུལ་བརྡ་སྤྲོད་བློ་གསལ་དགའ་སྟོན་དུ།  དམུ་དགེ་བསམ་གཏན་གྱིས་གསུངས་པ་དེ།   རྒྱུ་མཚན་ཆེ་བས་བརྩི་དགོས་ངེས་སུ་མཐོང་ངོ༌།།
       དཔེ།    ༢   མགོ་དང་འགོ།
        མགོ་ནི།  དང་པོ་ཙ་ན།  ལུས་ཀྱི་མགོ་བོ་ཉིད་མཚོན་བྱེད་ཀྱི་བརྡ་ལ་སྦྱར་བའི་འདོད་རྒྱལ་གྱི་མིང་ཞིག་ཡིན།  ཕྱིས་སུ།  གཞི་དེ་ལ་བཅོལ་ནས། འདྲ་འབྲེལ་སོགས་རྒྱུ་མཚན་སྣ་ཚོགས་ཀྱིས་ཐ་སྙད་བྱས་པ་དཔེར་ན།  རི་མགོ   བྲག་མགོ   ཆུ་མགོ   མགོ་མཇུག  མགོ་ཚུགས།  མགོ་ཁྲིད།  མགོ་འཛིན།  ལྟ་བུ་ཧ་ཅང་མང་པོ་ཡོད། ཐ་སྙད་འདི་དག་གི་འདྲ་འབྲེལ་བྱེད་སའི་རྩ་བ་ཕུགས་གཏུགས་ས།  མགོ་བོ་ཞེས་པའི་བརྡ་འདི་ཡིན་པས།  འདི་ཉིད་ཀྱི་དག་ཆ་ལྟར་ཀུན་ལ་སྦྱར་ན་རྒྱུ་མཚན་ཡོད་པས་བཟང་བ་ཡིན།།
      མགོ་འདི།  གནས་སྐབས་ཀྱི་དོན་མི་འདྲ་བ་ལ་སྦྱར་བས།  དོན་ལ་ཡང་མི་འདྲ་བ་གོ་རྒྱུ་ཡོད་པ་ནི།   དཔེར་ན།  རྩེ་མོའི་དོན་དང༌།  ཐོག་མའི་དོན།   སྟོད་ཀྱི་དོན།   དང་པོའི་དོན།  གཙོ་བོའི་དོན།  ཏོག་གི་དོན་སོགས་སོ།  །
     འོན་ཀྱང༌།  བརྡ་སྤྲོད་སྨྲ་བ་ཁ་ཤས་ཀྱིས།   ལུས་ཀྱི་མགོ་བོ་འདི་ཉིད་ཕུད་པའི་གཞན་རི་མགོ་དང༌།  བྲག་མགོ   ཆུ་མགོ   མགོ་མཇུག   མགོ་ཁྲིད་སོགས་ཀྱི་མགོ་དེ་སྔོན་འཇུག་འ་བྱས་ཏེ།     མགོ་བོའི་མགོ་དང་མི་ནོར་བའི་ཆེད་དུ་ཡིན།  བཤད་ཀྱང༌། བརྡ་སྤྲོད་ཀྱི་རྩ་བའི་འགྲོ་ལུགས་ནས་བལྟས་ན།   དེ་ནི་སྦྲུལ་ལ་རྐང་ལག་བྲིས་པའི་སྒྲུང་གི་ཚུལ་ལས་ཅུང་ཟད་ཀྱང་མ་འདས་སོ།  སྙམ་མོ།།
    རྒྱུ་མཚན་ནི་དེ་ལྟར་ཡིན་མོད་ཀྱང༌།  སློབ་ཆུང་སྐད་ཡིག་དེབ་བདུན་པའི།  ལྕགས་རི་རིང་པོ་ཞེས་པའི་སློབ་ཚན་ནང༌། འདི་ལྟར། འགོ་ཤར་གྱི་ཧྲན་ཧའེ་ཀོན་འགག་སྒོ་ཞེས་མགོ་དེ་འ་འགོ་དང༌།       མདུན་ལ་བལྟས་ན་མགོ་མི་མཐོང་ཞེས་མགོ་དེ་མ་མགོ་བྲིས་ཡོད།  རྩོམ་གཅིག་གི་ནང་ཡང༌།  དོན་གཅིག་ལ།  ཚིག་གོང་འོག་ཙམ་ལ་དག་ཆ་མ་ངེས་པ་འདི་འདྲ་གང་བྱུང་བྲིས་པ་ནི།  དཔར་ནོར་འདྲ་ཡིན་ན་མ་གཏོགས།   དཔེ་ལྟོས་ཧ་ཅང་ངན་པས།  གཟབ་དགོས་ངེས་སུ་སྣང་ངོ༌།།
                དཔེ། ༣   བྱེའུ་དང་བྱིའུ།
      དེ་ཡང༌།  བྱེའུ་ཞེས་པའི་མིང་འདི་ཡིག་ལམ་དུ་བཀོད་པའི་ཚེ།  ཡི་གེ་བ་ཁ་ཤས་ཀྱིས་བྱེའུ་ཞེས་འགྲེང་བུ་ཅན་དང༌།  ཁ་ཤས་ཀྱིས་ནི་བྱིའུ་ཞེས་གི་གུ་ཅན་དུ་འབྲིའོ།།
      སློབ་ཆུང་སྐད་ཡིག་སློབ་དེབ་ནང་ཡང༌།  སྣང་ཚུལ་དེ་གཉིས་ཀ་མཐོང་རྒྱུ་ཡོད། ད་འདིར།    ཡང་སྙིང་བྱེའུ་དང་བྱིའུ་གཉིས་ལས་གང་ཞིག་འོས་ཆེ་ཟེར་ན།  སྒྲ་ཙམ་གྱི་ངོས་ནས་བཤད་ན།   འདི་འོས་དང་འདི་མི་འོས་ཞེས། བཤད་དཀའ། ཡིན་ནའང༌།  ར་ཆུང་ཆུང་ངམ་ར་ཕྲུག་ལ་རེའུ་དང༌།     བ་ཆུང་ཆུང་ངམ་བ་ཕྲུག་ལ་བེའུ།   རྟ་ཆུང་ཆུང་ངམ་རྟ་ཕྲུག་ལ་རྟེའུ།  མཚོ་ཆུང་ཆུང་ལ་མཚེའུ།      རྡོ་ཆུང་ཆུང་ལ་རྡེའུ།  མདའ་ཆུང་ཆུང་ལ་མདེའུ། ལྟ་བུ་སོགས།  སྔར་ཆུང་ཆུང་ངམ་ཕྲུ་གུའི་དོན་དང་མི་ལྡན་པ།  ར་སོགས་ལ།  གསར་དུ་དབྱངས་ཨེ་དང༌།   འུ་ཡིག་སྦྱར་བས་ཆུང་ཆུང་ངམ་ཕྲུ་གུའི་དོན་དང་ལྡན་པའི་རེའུ་སོགས་གྲུབ། ཚུལ་འདི་ནི།  ཐ་སྙད་འདི་དག་ལ་ལྡན་པའི་ཐུན་མོང་གི་ཁྱད་ཆོས་ཡིན།  ཁྱད་ཆོས་འདི་ནི། བོད་ཀྱི་སྐད་བརྡའི་རང་བཞིན་ཞིག་དང༌།  བརྡ་དག་སྦྱོར་ཚུལ་གྱི་སྤྱི་འགྲོས་ཤིག་ལ་བརྩི་ཆོག་པས།  ཚུལ་འདི་འདྲ་ནས་བལྟས་ན།   བྱེའུ་ཞེས་འབྲི་དགོས་པ་མཐོང༌།
      ཡང་མིན་ན།  འདབ་ཆགས་བྱ་ཡི་རིགས་ལས།  ལུས་ཀྱི་ཆེ་ཆུང་ལ་ལྟོས་ནས།   ཆུང་གྲས་ལ་བྱེའུ་དང༌།   བྱ་ཕྲུག་ལ་བྱིའུ་ལྟ་བུ་དབྱེ་བ་འབྱེད་པའི་བརྡ་རྟགས་གཏན་འཁེལ་བྱས་ན་ཡང་མི་ཆོག་པ་མེད་སྙམ་མོ། །
    གྲོགས་པོ་དག   དབྱངས་ཨི་ཨེ་ཙམ་གྱི་ཁྱད་པ་ཆུང་ཆུང་འདི་ཙམ་ལ་གླེང་རིན་མེད་ཅེས་མ་བརྙས་པར།  རྟགས་ཀྱི་འཇུག་པ་ལས།   མིང་ཚིག་གསལ་བར་མེད་ན་ནི །།  དོན་རྣམས་བརྗོད་པར་མི་འགྱུར་རོ།། ཞེས་དང༌།   དཔལ་སྒང་ལོ་ཙཱ་བས།  ཨེ་མ་ཤེས་བྱ་ཕ་མཐའ་ཡས།།  དེ་དག་རེ་རེའི་མིང་གི་ཡང༌།།  རྒྱུ་མཚན་ངེས་ཚིག་མི་ཤེས་ན །།  བརྡ་དག་སྦྱོར་བ་ཇི་ལྟར་འབྱུང༌།། ཞེས་པ་ལ་བསམས་ནས།    ཐ་སྙད་ཆུང་ཡང་བརྟག་པ་བྱ་བ་གལ་པོ་ཆེ་ལ་རྩིས་ཤིག།
     མ་གཞི་བརྡ་དང་ཐ་སྙད་ཚང་མ་མིས་བཏགས་པ་ཞིག་ཡིན་དུས།   དོན་གཅིག་ལ་ཡང་གནས་སྐབས་མི་འདྲ་བའི་དབང་གིས།  བརྡ་དང་ཐ་སྙད་འདོགས་ཚུལ་མི་འདྲ་བ་ཡོད་ངེས་པ་བཤད་མི་དགོས་ལ།  གལ་སྲིད།  བརྡ་དང་ཐ་སྙད་འབོད་ཚུལ་གཅིག་ཡིན་ནའང༌།  མཁས་པའི་བཞེད་དགོངས་མི་འདྲ་བའི་དབང་གིས།  དེ་མཚོན་བྱེད་ཀྱི་རྟགས།  ཡི་གེའི་གཟུགས་སམ་དག་ཆ་ཡང༌།  མི་འདྲ་བ་བྱེད་སྲིད་པ་ཡིན།།
    ཡིན་ནའང༌།  མིང་དོན་གཅིག་ལ་དག་ཆ་མི་འདྲ་བ་ཡོད་པ་ལས།   གཅིག་ཏུ་བསྒྲིལ་རྒྱུ་ནི།     བཀས་བཅད་ཀྱི་གནད་དོན་ཡིན།  གཞུང་གཅིག་གམ་རྩོམ་གཅིག་གམ།  ཡང་ན།  བསླབ་གཞི་སྒྲིག་པ་འདི་འདྲའི་སྐབས།   ངེས་པར།  བཀས་བཅད་ཀྱི་ནུས་པ་འདོན་དགོས།  དེ་འདྲ་མི་བྱེད་པར།      འདི་ཡང་འགྲིགས།  དེ་ཡང་འཚམས།  འདི་ཡང་འབྲི་འོས།   དེ་ཡང་འབྲི་ཆོག་ཟེར་ནས། སྣང་བར་གང་དྲན་བཀོད་ན།   ཁྲིད་མཁན་གྱི་ངོས་ནས་བཤད་ནའང་འདྲ།   སྦྱོང་མཁན་གྱི་ངོས་ནས་བཤད་ནའང་འདྲ།  ལྷག་པར་སྐད་ཡིག་གི་དགོས་པའི་ངོས་ནས་བཤད་ནའང་སྐྱོན་ལས་དགེ་མ་མཐོང་ངོ༌།།
    དེ་ཕྱིར།  དགེ་མིན་སྐྱོན་ཅན་གྱི་དོན་དག་ཕྲ་མོ་འདི་དང༌།  འདི་འདྲའི་རིགས་ལ་དོ་སྣང་ཅུང་ཞིག་བྱས་ཏེ།   ང་ཚོའི་སློབ་དེབ་འདི་དག་གི་ནང་དུ།   ཡང་ཡང་མི་འབྱུང་བར།  མྱུར་དུ་གཙང་སེལ་གནང་བའི་རེ་བ་ཆེའོ།།
     མ་གཞི།  མཁས་པས་བཤད་ན་ཅི་ཡང་བདེན་ལྟ་བུ།  ཟེར་སྲོལ་ཡོད་མོད།  རང་ཚུགས་མེད་པར་ཀུན་གྱི་རྗེས་སུ་འབྲངས་ན།  དེ་ཡང་བླུན་པོ་ཆུ་སྣ་གར་ཁྲིད་ཟེར་བ་ལགས་པས། དེ་ལུགས་རྟོགས་ནས་མིང་བརྡའི་གནད་དོན་འདི་རིགས་ཐད།  བསླབ་གཞིས་གཏད་སོ་ཡོད་པའི་སྒོ་ནས། སྤངས་བླངས་གང་ལེགས་ཀྱིས། བཀས་བཅད་ནན་པོ་མཛད་དགོས་ངེས་སུ་མཐོང་ངོ༌།།
                 གཉིས།   བརྡ་དག་ཞུན་བརྡར་མ་ཆོད་པ།
     སྐད་ཡིག་སློབ་དེབ་གསར་རྙིང་གང་དུ་བལྟས་ཀྱང༌།   ཚིག་སྐྱོན་དོན་སྐྱོན་ཡང་མི་ཉུང་བ་མཐོང་རྒྱུ་ཡོད།   ནོར་སྐྱོན་དེ་དག་དང་པོ་བསྒྱུར་དུས་ནོར་བ་ཡིན་ན་འདྲ།  བར་དུ་བསྒྲིགས་དུས་ནོར་བ་ཡིན་ན་འདྲ།  ཐ་མ་དཔར་དུས་ནོར་བ་ཡིན་ན་འདྲ།  འདིར་གླེང་བའི་དགོས་པ་ནི།  སྐད་ཡིག་བསླབ་གཞི་དེ་ཚིག་དོན་གང་གི་ཐད་ནས་ཀྱང༌།  ཡག་ཐོག་ཡག་རྩེག   ཇེ་ལེགས་ཇེ་བཟང༌།   ཡོང་ཕྱིར།  འབྲེལ་ཡོད་མི་སྣ་གཙོས་བློ་ལྡན་ཀུན་ལ་དོ་སྣང་དང༌།  སེམས་ཁུར་དགོས་ངེས་ཀྱི།  འབོད་བརྡའི་ཚུལ་ཁོ་ན་ཙམ་ཡིན།།
        1. སྐད་ཡིག་སློབ་དེབ་བདུན་པའི་རྙིང་པནང༌།      
          ༡  ཀྲའོ་ཀྲོའུ་ཟམ་པ་ཞེས་པའི་སློབ་ཚན་ཞིག་ཡོད།  དེ་ནི་རྒྱ་ཡིག་སློབ་ཚན་ནས་བསྒྱུར་བའི་རྩོམ་ཞིག་ཡིན།  དེ་ཡི་ནང་ཚིག་སྐྱོན་འདི་འདྲ་ཡོད་དེ།།
       ཟམ་གཞུང་གི་དཀྱིལ་ལ་ཤིང་རྟ་དང་རྟ་པ་འགྲོ་ས་ཡོད།  ཟེར།  འདི་ལྟར་ན།     ཟམ་གཞུང་ཟེར་དུས་བརྡ་གང་འདྲ་ཞིག་གོ་དགོས།  གལ་སྲིད། ཟམ་ཙམ་གྱི་དོན་ཡིན་ན།  གཞུང་སྦྱར་དགོས་དོན་མི་འདུག  གལ་སྲིད། ལམ་གཞུང༌།  ཆུ་གཞུང༌།  ཟམ་གཞུང་ལྟ་བུའི་བརྡ་ལ་གོམས་འདྲིས་ཡོད་མཁན་ཞིག་ཡིན་ན།  དཀྱིལ་དེ་དགོས་དོན་ཨེ་འདུག 
  ངས་བསམས་ན་མི་འདུག་སྟེ།  དཀྱིལ་སྦྱར་བ་ལས་ལྷག་པ།  གཞུང་དེ་ཉིད་ཀྱིས་དོན་གསལ་པོ་བསྟན་ཡོད།  དེ་ལས།  ཟམ་གཞུང་ལ་ཤིང་རྟ་དང་རྟ་པ་འགྲོ་ས་ཡོད།  ལྟ་བུ་བརྗོད་ན།  ཚིག་ངོས་གཙང་ལ་བརྡ་དོན་གསལ་པོ་ཆགས།
   ད་དུང༌།   ཟམ་མིག་ཆུང་བ་བཞི་པོའི་ནང་ནས་ཀྱང་ཆུ་བཤང་ཆོག  ཟེར་བ་འདི་ནང༌།  སློབ་ཚན་གྱི་སྐབས་དོན་ལ་གཞིགས་ན།  ཆུ་བཤང་ཆོག་ཟེར་བ་དེ་འདིར།  མི་འཚམ་སྟེ།       བཤང་ནི་བྱེད་པ་པོ་དང་འབྲེལ་བའི་བྱ་བ་ཞིག་ཡིན།  རང་བྱུང་གི་ཆུ་ཆེན་པོ་དེ་འདྲ།  རང་བཞིན་གྱིས་བབས་པ་ལ།  བཤང་མཁན་གྱི་བྱེད་པ་པོ་ཞིག  དོན་ལ་མ་མཐོང༌།  བྱེད་པ་པོ་མེད་བཞིན་དུ་བྱེད་པ་པོ་དང་འབྲེལ་བའི་བྱ་བ་བཀོད་པ་ཅི་ཚུལ་ཡིན།   བཞི་པོའི་ནང་ནས་ཀྱང་ཟེར་བ་དེ།  ཚིག་ནོར་ཞིག་མ་ཡིན་ཀྱང༌།  ཚིག་སྡུད་ཀྱིས་ཚིག་ཟོར་ཡང་དུ་གཏང་ཆོག  དེ་ཡང་ཚིག་དེ།  ཟམ་མིག་ཆུང་བ་བཞི་ནས་ཀྱང་ཆུ་འགྲོ་ཐུབ་ལྟ་བུའམ།   ཟམ་མིག་ཆུང་བ་བཞི་ནས་ཀྱང་ཆུ་བབས། ལྟ་བུར་དག་བཅོས་འོས་སོ་སྙམ།
    རྒྱུགས་ཆུས་ཟམ་པར་ཕོག་ཟེར་བའི་ཚིག་སྐྱོན་ནས་བཤད་ན།  རྒྱུག་ཆུའི་རྒྱུག་ལ་ས་མཐའ་མེད།  རྒྱུག་ཆུ་ནི་སྐབས་འདིར། ཟམ་པ་ལ་འཕོག་བྱའི་རྒྱུའམ་ལས་ཡིན་པ་ལས།  བྱེད་སྒྲ་ཐོབ་པའི་གནས་ཞིག་མིན། །  
    གལ་སྲིད།  བྱེད་སྒྲ་བཞག་པའི་དབང་དུ་བཏང་ན།  དེ་ལ་ལྟོས་པའི་བྱ་ཚིག་འོས་ངེས་ཤིག་སྦྱར་དགོས་པ་ལས།  ཕོག་ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་སྦྱར་ན། བརྡ་ལ་མ་བྱང་བའི་རྟགས་སུ་འགྲོའོ། །
     དེ་ནི།  དལ་གྱིས་སོང༌།  ཤུགས་ཀྱིས་ཕོག  རིམ་གྱིས་བབས་ལྟ་བུ།  ངང་ཚུལ་བསྟན་པ་ལ་སྦྱར་བ་དང་གཏན་ནས་འདྲ་བ་ཞིག་མིན།། 
     དེ་ནི།  བྱེད་པ་དང་ལས་གཉིས་ཕན་ཚུན་འཁྲུལ་བ་ཞིག་ཡིན།  དཔེར་ན། རྡོ་མགོ་ལ་ཕོག་ལྟ་བུའི།  རྡོ་དེ་ལས་ཡིན་མོད།  དེ་བྱེད་པ་ལ་འཁྲུལ་ནས།  རྡོ་ཡིས་མགོ་ལ་ཕོག་ཟེར་བ་ལྟར།  བྱེད་སྒྲ་མི་ཐོབ་བཞིན་དུ་བཙན་སྦྱར་བྱེད་པ་དང་གཅིག་མཚུངས་རེད།།
    ཟམ་པར་ཆུས་གཏོར་སྐྱོན་ཡོང་དཀའ།  ཟེར།  འདི་འདྲ།  བྱེད་སྒྲ་མི་ཐོབ་བཞིན་དུ་བྱེད་སྒྲ་སྦྱར་བའི་ཚིག་སྐྱོན།  སློབ་དེབ་ནང་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད།  ཚང་མས་ཚིག་དོན་ལ་དོ་ནན་ཅུང་ཞིག་བྱེད་ན།   འདི་འདྲ་ཡོང་དོན་མེད།  དེ་ནི།  ཟམ་པར་ཆུའི་གཏོར་སྐྱོན་ཡོང་དཀའ་ལྟ་བུ།   འབྲེལ་སྒྲའི་ཚིག་གིས་མཚོན་ཆོག་ལ།  ཟམ་པར་ཆུས་གཏོར་སྐྱོན་གཏོང་དཀའ་ལྟ་བུ།  བྱེད་སྒྲ་བཞག་ནས།   དེ་ལ་ལྟོས་པའི་བྱ་ཚིག་སྦྱར་ནས་ཀྱང་མཚོན་ཆོག་གོ།
      གཞན་ཡང༌། གཞུང་དབྱིབས་ཅན་ཞེས་པ་ནི།  དཔར་ནོར་ཡིན་རྒྱུ་རེད།  དོན་ཐོག་ནས་བལྟས་ན།  དེ་གཞུ་དབྱིབས་ཅན་ཡིན་ནོ།།
        ༢  ད་དུང་སློབ་དེབ་བདུན་པ་འདི་ནང༌།  ལྕགས་རི་རིང་པོ་ཞེས་པའི་སློབ་ཚན་ཞིག་ཡོད།  དེའི་ནང༌། མཐོ་ཞིང་གཟར་བའི་རི་སྟེང་དུ་དབོར།  ཞེས་པའི་ཚིག་ཅིག་ཡོད།  ཚིག་ངོས་ཁོ་ནའི་ཐོག་ལ་བལྟས་ན།   སྐྱོན་ཞིག་མེད་ན་ཡང༌།   དོན་སྟེང་ནས་དཔྱད་ན།  སྐྱོན་ཞིག་མཐོང་སྟེ།  དེ་ནི།   ཚིག་འདི་ནང་གི་རི་དང་སྟེང་གི་བར་གྱི།  དྲུག་སྒྲ་བསྡུས་པ་ལས་བྱུང་སོང་སྙམ།  རི་སྟེང་ཟེར་དུས།  རིའི་སྟེང་ཐོག་གི་ཆ་ཤས་དེ་ཉིད་ཙམ་བསྟན་པའི་མིང་ཞིག་ཡིན།   དེ་འདྲའི་ཆ་ཤས་ལ་ད་དུང༌།  མཐོ་ཞིང་གཟར་བའི་ཁྱད་ཆོས་ཤིག་སྲིད་དམ།།
    དེ་འདྲ་བརྗོད་པས་མཐོ་ཞིང་གཟར་བ་ནི།  རི་ཡི་ཁྱད་ཆོས་དུ་མི་འགྲོ་བར།   རི་དེའི་སྟེང་གི་ཁྱད་ཆོས་དུ་གོ་འགྲོ་བས།   དོན་ནོར་ཆེན་པོ་ཞིག་མ་ཡིན་ནམ།།
      2   བསླབ་གཞི་གསར་པའི་སྐད་ཡིག་སློབ་དེབ་བཞི་པ་ལས།  
        ༡  ཤོག་གྲངས་༡༧ པར།  སློབ་ཚན།  ལུ་གུ་ཞིག་ཅེས་པའི་ནང༌།
     དཔེར་ན། ལུ་གུ་གཅིག་གྲོག་མོའི་རོང་དུ་ལྷུང་ཡོད་པ་མཐོང༌།  ཟེར། ཚིག་འདིར་སློབ་ཚན་གྱི་གོང་འོག་གི་ནང་དོན་ལ་གཞིགས་ནས་བརྟག་ན།  དེའི་ལྷུང་དེ་དོན་ལ་འབྱོར་པོ་རང་ཨེ་འདུག་ཤེ།  སྙམ།  གང་ལགས་ཟེར་ན།  ལྷུང་ནི་ཟག་པའི་དོན་ཡིན་པས།  བློ་བཟང་ཞེས་པས་མཐོང་བ་དེ།  ལྷུང་བ་ཡིན་པ་ཇི་ལྟར་རྟོགས་སམ།  ལུ་གུ་གྲོག་རོང་དུ་ཡོད་པ་ཙམ་གྱིས།  ལྷུང་བ་ལ་ཐག་བཅད་ན་ཨེ་འགྲིག   ཡང་ན།  གྲོག་རོང་དེ་གཡང་གཟར་བས་ཨེ་ཡིན།  ཡང་ན།  ལུ་གུ་དེ་བརྡབ་ཆག་འདྲ་བྱུང་བས་ཨེ་ཡིན།  དེ་འདྲའི་ངེས་པ་གང་ཡང་མ་མཆིས་པས།  ག་འདྲས་དཔག་པ་ཞིག་ཡིན་ནམ།     དེ་ལས་ལྷུང་དེ།  ལུས་སམ་འགགས་ལྟ་བུར་བཅོས་ན།  ཚིག་སྦྱོར་དེ་དོན་ལ་འབྱོར་ཆེ་བ་ཡོང་ངོ་སྙམ་མོ།།
     (༢) ཡང་དཔེར་ན།   སློབ་ཚན་དེའི་ནང༌།   སང་ཉིན་སློབ་གྲྭ་གྲོལ་རྗེས་བློ་བཟང་ཁྱིམ་དུ་ལོག་པ་ན།  ཞེས་པ་ཞིག་ཡོད། སང་ཉིན་ནི་ནམ་ཡང་དུས་མ་འོང་པའམ་འབྱུང་འགྱུར་མཚོན་པ་ལས།  བྱུང་ཟིན་པའི་དུས་ཤིག་གོ་ཚུལ་མེད།  སང་ཉིན་ནི།  དེ་རིང་ལ་ལྟོས་ནས་བཏགས་པའི་ཉིན་གཉིས་པའི་མིང་ཡིན།  འདི་འདྲ་ཐད་ཀར་སྦྱར་ན་རྩ་བ་ནས་མི་འགྲིགས།   གལ་སྲིད།  དོན་འདི་འདྲའི་སྐབས་སུ་སྦྱར་དགོས་ཐུག་ཚེ།  ཕྱི་ཉིན་ནམ་ཉིན་གཉིས་པ་ལྟ་བུ། ཡང་ན་ཉི་མ་དེའི་སང་ཉིན་ལྟ་བུ།   གང་འཚམ་བྲིས་ན་དོན་ལ་མི་འབྱོར་བའི་སྐྱོན་ཞིག་ལྷག་མི་སྲིད་དོ།།
     ཡང༌།   ལུ་གུ་བརླགས་མིན་འདུག་ཟེར། འདི་ནི་ལྗོན་དབང་གི་དགོངས་དོན།  མ་མི་ཐོག་མ་མིན་མེད་མཇུག།  ཅེས་པ་དང་བསྟུན་ནས།  དགག་སྒྲའི་ཕྲད་མིན་དེ།  མི་ལ་བཅོས་དགོས་ངེས་ཡིན།
    མི་དང་མིན་གཉིས་ཀ་དགག་སྒྲའི་ཕྲད་ཡིན་པ་འདྲ་ཡང༌།   གནས་སྐབས་བརྗོད་དོན་བསྟན་ཚུལ་ལ་ཁྱད་ཆེ།  དཔེར་ན།  དགེ་རྒན་མིན་འདུག་ལྟ་བུའི་ཚིག་གིས། མི་གང་དེ་དགེ་རྒན་ཡིན་པ་དགག་པ་སྟེ།  དགེ་རྒན་མ་ཡིན་པ་བསྟན་ལ།  དགེ་རྒན་མི་འདུག་ཟེར་བའི་ཚིག་གིས།  དགེ་རྒན་དེ་ཡོད་པ་དགག་པ་སྟེ།   དགེ་རྒན་དེ་གནས་གང་དེར་མེད་པའི་བརྡ་བསྟན་པ་བཞིན་ནོ།།   
        ༢  ཤོག་གྲངས་༢༡པར།  ཞིམ་ཕྲུག་གིས་ཉ་བཟུང་བ་ཞེས་པའི་སློབ་ཚན་ནང༌།  ཞིམ་ཕྲུག་གིས་ཉ་ཆེན་པོ་གཅིག་བཟུང་ཐུབ་པ་རེད།  ལྟ་བུའི་ཚིག་ལས། བཟུང་ཐུབ་པ་རེད། ལྟ་བུས་བསྟན་འདོད་པའི་བརྡ་དེ།   ཟིན་གཅིག་པུས་བསྟན་ཐུབ།  ཚིག་ལྷད་ཡིག་ལྷད་འདི་འདྲའི་རིགས་ལ་དོ་སྣང་ཅུང་ཞིག་བྱས་ཏེ། བརྗོད་པའི་ཚིག་ནང་མ་འདྲེས་པ་བཟོ་ཐུབ་ན།   སློབ་དེབ་དེ། ཉོབ་རྫོབ་ཅན་དུ་མི་འགྲོ་བ་ལ་ཧ་ཅང་སྨན་ནོ། །
     ༣  ཤོག་གྲངས་༢༦པར།  རི་བོང་དཀར་པོ་དང་རི་བོང་ནག་པོ།  ཞེས་པའི་སློབ་ཚན་འདི་ནང༌།   ཚལ་སོན་ཏོག་ཙམ་སྟེར་རོགས་གནང༌།  ཟེར།  རང་ཉིད་ཀྱི་ཚལ་སོན་མིན་པས།  སྟེར་རོགས་ཟེར་བ་ལས།  སྦྱིན་རོགས་ཟེར་ན་གནས་སྐབས་དང་འཚམས་ལ་གུས་ལུགས་ལྡན།
    ༤  ཤོག་གྲངས་༣༢པར།  སློབ་ཚན། རྔ་མོང་དང་ར་རྒན།  ཞེས་པ་ལས།
     ཡལ་ག་གྱང་གི་ཕྱི་ལ་འཕྱང་ཡོད་པས།  འདིར་འདས་ཚིག་འཕྱངས་འབྲི་མི་དགོས་སམ།
     མིན་འདུག་གམ།  ཞེས་པའི་དགག་སྒྲའི་ཕྲད་མིན་དེ།  སློབ་ཚན་གྱི་གནས་སྐབས་བརྗོད་དོན་ལ་བལྟས་ན།  དགག་སྒྲའི་ཕྲད་མི་ལ་བཅོས་དགོས།    དགག་སྒྲའི་ཕྲད་མིན་དང་མི་གཉིས་ལ་ཁྱད་པར་ཡོད་ཚུལ།  གོང་དུ་མདོར་ཙམ་གླེང་ཚར་བས།  བསྐྱར་ལྡབ་མི་བྱེད།  སྣང་ཚུལ་འདི་རིགས་སློབ་ཚན་གཞན་དག་ནང་ཡང་མཐོང་རྒྱུ་ཡོད།
       )  མཐར་ཁོ་གཉིས་ཀྱིས་གླང་རྒན་ལ་སུ་བདེན་འདྲི་བར་ཕྱིན།   ཚིག་འདི་ལས།     འདྲི་བར་ཕྱིན།  ཟེར་བའི་བྱ་ཚིག་གཙོ་བོ་ཕྱིན་ཡིན་པ་ལས་འདྲི་མིན་པས་བྱེད་སྒྲ་མི་ཐོབ།  
དེ་གལ་སྲིད། སུ་བདེན་དྲིས།  ལྟ་བུའི་ཚིག་ཡིན་ན།  དེ་ལ་བྱེད་སྒྲ་སྦྱར་དགོས།
          ༥  ཤོག་གྲངས་༤༤ པར།  སློབ་ཚན། དཔྱིད་ཀ་སླེབས་བྱུང་ནང༌།
    )  ཁམ་སྡོང་དང་ལི་སྡོང་གི་མེ་ཏོག་བཞད། འདིར་སྡོང་མ་སྣོན་ཡང༌། ཁམ་བུ་དང་ལིའི་མེ་ཏོག་བཞད་ཟེར་ན་བརྡ་གསལ་པོ་བསྟན་གྱི་ཡོད།  བརྡ་དང་ཐ་སྙད་ལ་བྱང་བ་ཞིག་ཡིན་ན།  དེ་དེ་དག་གི་འབྲས་བུ་ཉིད་ལ་འཁྲུལ་དོགས་ག་ལ་ཡོད།
        རྩད་མོ་རྩེས། ལྟ་བུ། འདས་ལ་རྩེས་འབྲི་བའི་ལུགས་ཡོད་མོད། བས་འཕུལ་ཅན་བཟང་སྙམ།།   དེ་བཞིན་དུས་གསུམ་གྱི་བྱ་ཚིག་སྦྱར་ལུགས་མང་དག་ལ་གནད་དོན་ལྷག་ཡོད་པ་མཐོང༌།
        ༦   ཤོག་གྲངས་༥༤པར།  སྦྲང་ཆར། ཞེས་པའི་སློབ་ཚན་ནང༌།  ཡལ་གའི་ཐོག་ལ་ལྗང་ལོ་རྒྱས་ཟེར།  གལ་སྲིད།  ཡལ་གའི་ཐོག་ལ་ལོ་མ་སྔོན་པོ་སྐྱེ་བའི་བརྡ་དོན་དེ་བསྡུ་འདོད་པ་ཡིན་ན།    ལྗང་ལོ་དེ། ལོ་ལྗང་ལ་བཅོས་དགོས་ས་རེད།  ལྗང་ལོ་ཟེར་དུས།  ལྗང་བུའི་ལོ་མ་ལ་གོ་འགྲོ་བས།     གད་མོ་སློང་བྱེད་དུ་ཆགས།
    ༧  ཤོག་གྲངས་༧༨པར།ཝ་མོ་དང་ཁྭ་ཏ།  ཞེས་པའི་སློབ་ཚན་ནང༌།   
          )  ཀྭ་ཀྭ་ཞེས་ཁ་གདངས་མ་ཐག་ཟེར་བའི་ནང༌།  ཀྭ་ཀྭ་ནི།  འདིར་ཁྭ་ཏའི་སྐད་ཀྱི་བརྗེས་སུ་བྱེད་པའི་སྒྲའམ།  ཁྭ་ཏའི་སྐད་མཚོན་པའི་བརྡ་ཡིན།  དེ་འདྲ་ཡིན་དུས།  ཀྭ་ཀྭ་སྒྲོག་གམ་ཀྭ་ཀྭ་གྲགས་ཟེར་ན་ལེགས་ས་རེད།   སྐད་སྒྲོག་དུས་ཁ་གདངས་པ་དེ་ཤུགས་ལ་གོ་འགྲོ།  ཁ་ནས་ཤ་རྡོག་ཤོར་བའང་ཤུགས་ནས་ཤེས་བདེ། 
          རང་དོན་ཡིན་གྱིས་གུས་ཕྱིར་མིན།   གྱིས་དེ།  གྱི་ལ་བཅོས་དགོས།
         ༨  ཤོག་གྲངས་༡༠༡པར།  ཆར་པ་འབབ་པ་འདུག །  ཅེས་པའི་སློབ་ཚན་ནང༌།
           ཚ་གདུང་གདུགདྲག་པོས་མནར་བར་བརྟེན་ཡར་ལངས་ནས་གནམ་ལ་བལྟ་བར་ཐལ།  ཟེར།  འདིར། གདུང་དེ་སྤྱོད་སྟངས་ནོར་བ་ཡིན།  ཚ་བས་གདུང་ཟེར་བའི་སྐབས་ཀྱི་གདུང་དེས།  མནར་བའི་དོན་བསྟན་པ་ཡིན། སྐབས་འདིར་དེ་ཡི་དོན་རེད་མི་འདུག  འདིར་གདུང་དེ་གདུག་ལ་བཅོས་དགོས།   གདུག་ནི།  ངན་པའམ་མ་རུངས་པ།  དྲག་པོ་བཅས་ཀྱི་དོན་ལྡན་པས།  སྐབས་དོན་ལ་འབྱོར།   ད་དུང༌། ངེད་ཚོའི་ཁ་སྐད་ལྟར།  ཚ་གདུང་དེ་ལ་ཚ་དུག་ཟེར་ན་ཡང༌།  བརྡ་དག་པོ་ཞིག་རེད་བསམས།
      གཟན་རྩྭ་རྔ་དུས་སྒུར་སྒུར་བྱས་ནས་རྔ་བ་ལས།  བསྡད་ནས་རྔ་བ་ཡིན་མི་སྲིད་པས་དགྱེ་དགྱེ་བྱས་ནས།   གནམ་ལ་བལྟས།  མི་ཟེར་བར་ཡར་ལངས་ནས་ཟེར་དུས། ཚིག་དེ་གནད་ལ་འཕྲོད་པོ་ཞིག་མ་མཐོང༌།   
         ང་ཚོ་ཆུ་ཁར་འཕྱོ་དོན་ནི་བསིལ་རླུང་རྔུབ་པའི་ཆེད་དུ་ཡིན།  ཟེར། བསིལ་རླུང་རྔུབ་པས་ཅི་བྱེད།  དེ་དབུགས་རྔུབ་བམ་མཁའ་དབུགས་རྔུབ་ལྟ་བུར་བརྗོད་དགོས།
       ༩   ཤོག་གྲངས་༡༠༧པར།  གྲོགས་པོ་ཡག་པོ།  ཞེས་པའི་སློབ་ཚན་ནང༌།།
      སང་ཉིན་ཨང་རྩིས་རྒན་ལགས་ཀྱིས་རྩིས་གཞི་དེ་གཉིས་ང་ནག་པང་ཐོག་ཏུ་བརྩི་རུ་བཅུག་པ་དང་ཟེར། ཚིག་འདིའི་ནང༌།  སང་ཉིན་དེ་ཕྱི་ཉིན་ནམ་ཉིན་གཉིས་པ་ལྟ་བུར་བཅོས།       
   ང་ནག་པང་ཐོག་ཏུ་བརྩི་རུ་བཅུག །  ཟེར་བའི་ནང༌། ལ་དོན་གྱི་ཕྲད་ཏུ་དང༌།  རུ་སྐབས་འདིར་བསྡུས་ན་ཆོག་མོད།   སུ་ལ་བརྩི་བཅུག་པ་བསྟན་པའི་ལ་དོན་གྱི་ཕྲད་བསྡུས་པ་དེ་ནོར་བ་ཡིན།   
           ()  ངས་ལམ་སེང་བརྩི་ཐུབ་སྟབས།   རྒན་ལགས་ཀྱིས་ང་ལ་ཁ་ས་ཁྱོད་ཀྱིས་བརྩི་མི་ཤེས་ཀྱང༌།   དེ་རིང་མགྱོགས་པོ་དེ་འདྲ་རྩི་ཐུབ་པ་གང་ཡིན།  ཟེར།  འདི་ཡང་དཔེར་ན།  ངས་ལམ་སེང་བརྩིས་སྟབས།   རྒན་ལགས་ཀྱིས།  ཁ་སང་ཁྱོད་ཀྱིས་བརྩི་མ་ཐུབ་པར།  དེ་རིང་མགྱོགས་པོ་འདི་འདྲ་བརྩི་ཐུབ་པ་གང་ཡིན།   ཞེས་པ་ལྟར་བྲིས་ན་གང་འདྲ་
འདུག་གམ།།    
     ཡོན་ཏན་གྱིས་བསླབ་བྱུང༌། འདིར་བྱ་ཚིག་བསླབ་དེ། འདས་ཚིག་བསླབས་ལ་བྱས་ན་བདེའོ། །
          གསུམ།     མཇུག་བསྡུའི་གཏམ། 
       ཇི་སྐད་དུ།  དེ་ཡང་བྱིས་པའི་སྐྱེ་བོ་རྣམས།།  བརྡ་དག་འདི་ཀོ་ལུང་རིགས་ཀྱིས།།   དཔྱད་གཞི་ཆུང་ཞིང་ཚེགས་མེད་དུ།།  ཤེས་སྙམ་འཁྲུལ་པས་མགོ་བོ་རྨོངས།།   སོ་སོའི་རིག་བཞི་ས་དགུ་པ།།   མ་ཐོབ་དེ་སྲིད་ཆོས་ཀུན་གྱི།།  ངེས་ཚིག་ཤེས་མིན་དེ་ཡི་ཕྱིར།།  མཐའ་དག་སྡེབ་སྦྱོར་སུ་ཡིས་ཤེས།།   འོན་ཀྱང་ཕྱོགས་རེའི་བརྡ་དག་ཀྱང༌།།  འབད་པ་དུ་མས་བཙལ་བར་བྱ།།  ཡི་གེའི་སྦྱོར་བ་ལ་འཁྲུལ་ན།།   དོན་རྣམས་འཁྲུལ་བ་སྨོས་ཅི་དགོས།།  ཞེས་སོགས་གསུངས་པ་བཞིན།   ང་ཚོ་ལ་དེ་འདྲའི་བསམ་ཚུལ་ཞིག་དང༌།  དེ་འདྲའི་ལྟ་ཚུལ་ཞིག   དེ་འདྲའི་བློ་མིག་ཞིག  དེ་འདྲའི་སྤོབས་པ་ཞིག་དགོས་ངེས་སུ་མཐོང༌།།
      ང་ཚོའི་སློབ་དེབ་ནང༌།   སྐྱོན་ཕྲ་མོ་ཞིག་ཡིན་ནའང་མེད་དགོས།  དགེ་མཚན་ཕྲ་མོ་ཞིག་ཡིན་ནའང་འཛོམས་དགོས།   དེ་འདྲ་སོང་དུས། སློབ་དེབ་སྤུས་དག་ཅིག་ཡོང་ཕྱིར།   སྐྱོན་ཆུང་ཆུང་ཞིག་ཡིན་ནའང༌། དེ་མཐོང་དགོས།  དེ་བཏོན་དགོས།  དེ་སེལ་དགོས། ། 
      སྐད་ཡིག་སློབ་གསོ་འདི་ནི།  ང་ཚོ་མི་ཁ་ཤས་ཀྱི་ལྟོ་བའི་དོན་ཙམ་མིན་ལ།   སྐད་ཡིག་ལ་དགའ་ཞེན་ཙམ་གྱི་བརྩེ་དུང་གི་དོན་ཙམ་ཡང་མིན།   མི་རིགས་གང་ཉིད་ཀྱི་གནད་དོན་ཁོ་ན་ཡང་མ་ཡིན་པར།  དེ་ནི་རྒྱལ་ཁབ་གཅིག་གི་སྲིད་ཇུས་ཀྱི་གནད་དོན་རེད།  ལམ་ཕྱོགས་ཀྱི་གནད་དོན་རེད།  མི་རིགས་ཁག་གི་འདྲ་མཉམ་ཀྱི་གནད་དོན་རེད།   ཡར་རྒྱས་ཀྱི་གནད་དོན་རེད།  འཛམ་གླིང་གི་སྣ་མང་རིག་གནས་སྲུང་སྐྱོང་གི་གནད་དོན་རེད།།
      དེ་འདྲ་ཡིན་དུས།  ང་ཚོ་རང་ངོས་ནས་ཀྱང་སྐད་ཡིག་སློབ་གསོ་ལ་འགན་འཁྲི་ཡི་འདུ་ཤེས་ཤིག་དང༌།   དོ་སྣང་གི་བློ་ཞིག  གཞུངས་དྲང་གི་བློ་ཁོག་ཅིག་ཅི་ནས་ཀྱང་བསྐྱེད་དགོས་ངེས་སུ་མཐོང༌།།
        སྐད་ཡིག་སློབ་གསོ་ལ་ཤ་ཞེན་གཏིང་ནས་ཡོད་ན།   སྐད་ཡིག་སློབ་གསོའི་སྦྱང་སྤྱོད་སྤེལ་གསུམ་གྱི་ལས་ལ་བརྩོན་འགྲུས་བསྐྱེད་རྒྱུ་དེ། ཐབས་ཀྱི་མཆོག་ཡིན། ། 
     
·གསར་འགྱུར་གོང་མ:ཞི་བདེའི་མཁའ་འགྲོ་དཀར་པོའི་འཁྲུངས་ཚེས་ལ་བཀྲ་ཤིས་བདེ་ལེཊ།
·གསར་འགྱུར་འོག་མ:མཆོག་སྤྲུལ་རྨད་བྱུང་མཐའ་ཡས་ཀྱི་ཆོས་སྦྱིན་ལ་ཕུལ་བའི་སྨོན་ཚིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 18:38:42 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 23:46:37 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 11:35:13 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS