ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

ཨེ་མ་ཧོའི་བླ་མཆེད་རིན་ཆེན་ཕྲེང་བ་༡

[རྩོམ་པ་པོ:ཨེ་མ་ཧོ།  ཡོང་ཁུངས:ངེད་  དུས་ཚོད:2012/10/7 10:30:21  བཀླགས་ཐེངས:2200][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །ཨེ་མ་ཧོའི་བླ་མཆེད་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་གྱི་ཞབས་བརྟན་རིན་ཆེན་ཕྲེང་བ་བཞུགས་སོ། ། ༼དང་པོ།༽
ཨེ་མ་ཧོའི་བླ་མཆེད་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་ཞེས་བྱ་བ། །
 
 
༡ རྒྱལ་བ་རིན་པོ་ཆེ།
ཨེ་མ་ཧོ། །
ཨེ་ཝྃ་རིག་པའི་རྟེན་འབྱུང་རྒྱལ་བའི་ལམ། །
ཇི་བཞིན་མངོན་གཟིགས་འགྲོ་ལ་སྟོན་མཁས་པ། །
འཛམ་གླིང་ཞི་བདེའི་འདྲེན་པ་རྒྱལ་བའི་སྲས། །
བསྟན་འཛིན་རྒྱ་མཚོའི་བཞེད་དོན་ལྷུན་གྲུབ་ཤོག །
 
༢ ཀཿཐོག་རིག་འཛིན་ཆེན་པོ་རིན་པོ་ཆེ།
ཨེ་མ་ཧོ། །
བརྒྱུད་གསུམ་རིག་འཛིན་ཡེ་ཤེས་བླ་མའི་རྩལ། །
གནས་གསུམ་མཁའ་འགྲོའི་དཔལ་དུ་ཡོངས་སྨིན་པ། །
ཁམས་གསུམ་འགྲོ་བའི་སྐྱབས་གནས་རིན་པོ་ཆེ། །
པདྨའི་རྒྱལ་ཚབ་དབང་ཆེན་དགྱེས་པར་འདུད། །
 
༣ བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
པན་ཆེན་ངག་དབང་སྙན་བརྒྱུད་གདམས་པའི་མཛོད། །
འཛིན་སྐྱོང་སྤེལ་བའི་མཁས་གྲུབ་རྒྱལ་བའི་སྲས། །
སྔ་འགྱུར་བསྟན་པའི་རྒྱལ་མཚན་བསྒྲེང་བའི་མགོན། །
བྱ་བྲལ་སངས་རྒྱས་རྡོ་རྗེ་རྒྱལ་གྱུར་ཅིག །
ཨོཾ་བུདྡྷ་བཛྲ་སིདྡྷི་ཧྰུྃ། །
 
༤ ཨ་ལགས་གཟན་དཀར་རིན་པོ་ཆེ།
ཨོཾ་སྭྰ་སྟི། །
རྗེ་བཙུན་འཇམ་དཔལ་དབྱངས་དངོས་ཁྲི་སྲོང་རྒྱལ། །
མདོ་སྔགས་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་གར། །
བསམ་བཞིན་སྐྱེ་དགུའི་འདྲེན་པ་དགེ་བའི་བཤེས། །
གཟན་དཀར་ཐུབ་བསྟན་ཉི་མ་ཞབས་བརྟན་ཤོག །
ཨོཾ་ཤྰ་ས་ན་སུརྱ་བཛྲ་སིདྡྷི་ཧྰུྃ། །
 
༥ ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་རིན་པོ་ཆེ།
 
ཨོཾ་ཨྰཿཧྰུྃ་ཧྲྰིཿ
ལྟ་བ་ཀློང་ཆེན་དགོངས་པའི་ངོ་བོར་གཟིགས། །
སྒོམ་པ་མཁྱེན་བརྩེའི་ཕན་བདེ་རང་བཞིན་གསལ། །
སྤྱོད་པ་རྒྱལ་བའི་མྱུ་གུའི་ཐུགས་རྗེ་ཅན། །
འབྲས་བུ་བསྟན་པའི་བདག་པོ་ཞབས་བརྟན་ཤོག ། །
ཨོཾ་ཤྰི་ལ་མ་ཏི་བཛྲ་སིདྡྷི་ཧྰུཾ། །
 
༦མཆོག་སྤྲུལ་བསྟན་འཛིན་རྒྱ་མཚོ་རིན་པོ་ཆེ།
 
ཨོྃ་སྭྰ་སྟི། །
ཐུབ་བསྟན་ཡོངས་རྫོགས་མཁྱེན་བརྩེ་ནུས་པའི་ཐུགས། །
ཟབ་རྒྱས་ལུང་རྟོགས་ཆོས་ཀྱི་གདམས་ངག་གསུང་། །
བསྟན་འཛིན་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྐུ། །
སྐུ་ཚེ་བརྟན་ཅིང་ཕྲིན་ལས་མཐར་ཕྱིན་ཤོག །
ཨོཾ་ཤྰ་ས་ན་དྷརྨྰ་ར་ཛ་བཛྲ་སིདྡྷི་ཧྰུྃ། །
 
༧སྐྱབས་རྗེ་འཇིགས་མེད་བློ་གྲོས་རྒྱལ་མཚན་རིན་པོ་ཆེ། །
ཨེ་མ་ཧོ། །
བདེ་བ་ཅན་དུ་དགེ་བསྙེན་དྷརྨྰ་ཏ། །
གངས་རིའི་ལྗོངས་སུ་ཐོན་མི་སམྦྷོ་ཏྲ། །
ད་ལྟའི་དུས་རིག་སྔགས་རྣལ་འབྱོར་པ། །
འཇིགས་མེད་བློ་གྲོས་རྒྱལ་མཚན་རྒྱལ་གྱུར་ཅིག །
ཨོཾ་ཨ་བྷྱ་ཛྙྰ་ན་བཛྲ་སིདྡྷི་ཧྰུྃ།
 
༨ མ་ཅིག་མཁའ་འགྲོ་གཡུ་མཚོ་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་ཉིད་སྟོང་པའི་རང་གཟུགས་ཡུམ་ཆེན་མོ། །ཆོས་ཅན་བསྟན་པའི་བདག་མོ་ལབ་ཀྱི་སྒྲོན། ། གངས་ཅན་ཆོས་སྲུང་བཤད་སྒྲུབ་སྤེལ་མཛད་མ། །མ་ཅིག་གཡུ་མཚོ་རྒྱལ་མོ་ཞབས་བརྟན་ཤོག ། ཨོཾ་པ་ར་ག་ཏེ་བཛྲ་སིདྡྷི་ཧྰུྃ། །
༩མཁའ་འགྲོ་མ་མུ་མེད་ཡེ་ཤེས་མཚོ་མོ་རིན་པོ་ཆེ།
ཨོཾ་སྭྰ་སྟི། །
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ། །
མུ་མེད་ཡེ་ཤེས་མཚོ་མོ་ཞབས་བརྟན་ཤོག །
ཨོཾ་མ་དྷེ་མ་ཀ་ཛྙྰ་ན་ཌྰཀྐི་ནི་སིདྡྷི་ཧྰུྃ། །
 
༡༠ མཁའ་འགྲོ་བདེ་གཡང་རིན་པོ་ཆེ། །
ཨེ་མ་ཧོ། །
བདེ་ཆེན་གཉུག་མའི་དེ་བཞིན་མངོན་དུ་བྱས། །
བདེ་གཤེགས་བསྟན་པའི་སྙིང་པོ་གསལ་བའི་བདག །
བདེ་མཆོག་ཆོས་དཔལ་རིག་པའི་གཏེར་མཛོད་ཅན། །
བདེ་གཡང་ལྷ་ཡི་དབང་མོ་ཞབས་བརྟན་ཤོག །
ཨོཾ་མ་ཧྰ་སུ་ཁ་ཤྭ་རི་བཛྲ་སིདྡྷི་ཧྰུྃ། །
 
༡༡ མཁན་ཆེན་ཡེ་ཤེས་ཕུན་ཚོགས་རིན་པོ་ཆེ།
ཨོཾ་སྭྰ་སྟི། །
གངས་ལྗོངས་ཆོས་ལྡན་དག་པའི་ཞིང་ཁམས་སུ། །སྔ་འགྱུར་བསྟན་འཛིན་དམ་པ་དགེ་བའི་བཤེས། ། རང་གཞན་དོན་གཉིས་རྒྱ་མཚོའི་ཕྲིན་ལས་ཅན། །མཁན་ཆེན་ཡེ་ཤེས་ཕུན་ཚོགས་ཞབས་བརྟན་ཤོག ། ཨོྃ་ཛྙྰ་ན་ལཀྵཾ་བཛྲ་སིདྡྷི་ཧྰུྃ། །
 
 ༡༢ བདུད་འཇོམས་རིན་པོ་ཆེ།
ཨོཾ་སྭ་སྟི། །
སྔོན་བྱོན་རིག་འཛིན་ནུས་ལྡན་རྡོ་རྗེ་རྩལ། །
ད་ལྟའི་པད་འབྱུང་རྒྱལ་ཚབ་འབྲོག་བན་རྗེ། །
མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་མཆོག །
བདུད་འཇོམས་པདྨ་གེ་སར་ཞབས་བརྟན་ཤོག །
ཨོཾ་གུ་ན་ཀོ་ཥ་པདྨ་བཛྲ་སིདྡྷི་ཧྰུྃ།
 
༡༣ ཨ་འགྱུར་རིན་པོ་ཆེ། །
ཨེ་མ་ཧོ། །
རྒྱལ་བསྟན་སྤྱི་དང་སྔ་འགྱུར་རྫོགས་ཆེན་གྱི། །བཤད་སྒྲུབ་ཕྲིན་ལས་སྤེལ་བའི་བླ་མའི་མཆོག ། ཉམས་ཐག་འགྲོ་དྲུག་འདྲེན་པའི་ཐུགས་རྗེ་ཅན། །ཨ་འགྱུར་ཐུབ་བསྟན་སྙན་གྲགས་ཞབས་བརྟན་ཤོག ། ཨོཾ་ཤྰ་ས་ན་དྷརྨྰ་ཀིརྟི་བཛྲ་སིདྡྷི་ཧྰུྃ། །
༡༤ ཀཿ་ཐོག་པདྨ་དབང་ཆེན་དགྱེས་པ་རིན་པོ་ཆེ།
ཨོཾ་སྭྰ་སྟི། །
སྔ་འགྱུར་འོད་གསལ་རྡོ་རྗེ་ཐེག་པའི་ལམ། །
ཕན་བདེ་འབྱུང་གནས་འཛིན་སྐྱོང་སྤེལ་བ་ལ། །
མཁས་གྲུབ་ཆེན་པོ་ཀཿཐོག་རིག་འཛིན་རྗེ། །
ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག །
ཨོཾ་ཀཿཡ་བཛྲ་བིརྱ་དྷ་ར་སིདྡྷི་ཧྰུྃ། །
༡༥ སེང་རྡོར་རིན་པོ་ཆེ། །
ཨོཾ་སྭྰ་སྟི། །
འཕགས་པའི་ཡུལ་དུ་འཕྲོག་བྱེད་དགའ་བོ་དང་། །
གངས་རིའི་ལྗོངས་སུ་ཀུན་མཁྱེན་གོ་རམས་པ། །
ད་ལྟའི་དུས་སུ་སེངྒེ་རྡོ་རྗེའི་མཚན། །
ཕྱི་ནང་བསྟན་འཛིན་བླ་མའི་ཞབས་བརྟན་ཤོག །
ཨོཾ་སེངྷ་བཛྲ་སིདྡྷི་ཧྰུྃ།
༡༦ འཇམ་གྲགས་རིན་པོ་ཆེ།
ཨོཾ་སྭ་སྟི། །
ཚོགས་གཉིས་ཡེ་ཤེས་རྒྱ་མཚོའི་སྨིན་གྲོལ་ལས། །
དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
བསྟན་དང་འགྲོ་ལ་ཕན་བདེའི་དཔལ་སྟེར་བའི། །
ཁམས་སྤྲུལ་འཇམ་དབྱངས་གྲགས་པ་ཞབས་བརྟན་ཤོག །
ཨོཾ་མཉྫུ་གྷོ་ཥ་ཀིརྟི་བཛྲ་སིདྡྷི་ཧྰུྃ།
 
༡༧ སེམས་དཔའ་ཆེན་པོ་ཡེ་ཤེས་རིན་པོ་ཆེ། །
ཨེ་མ་ཧོ། །
བྱམས་དང་སྙིང་རྗེའི་རང་གཟུགས་རྒྱལ་བའི་སྲས། །
དད་དང་དག་མཉམ་རིས་མེད་བྱ་བྲལ་པ། །
ཐབས་ཤེས་རིག་པའི་དབང་ཕྱུག་མཁས་གྲུབ་རྗེ། །
ཀླུ་སྨྱོན་ཧེ་རུ་ཀ་དཔལ་ཞབས་བརྟན་ཤོག །
ཨོཾ་ནྰ་ག་ཛུ་ན་བཛྲ་སིདྡྷི་ཧྰུྃ། །
 
༡༨ དགེ་བཤེས་རིན་པོ་ཆེ།
ཨོཾ་སྭ་སྟི། །
སྐུ་མཆོག་དག་པ་ངུར་སྨྲིག་རྒྱན་བཟང་གསོལ། །
གསུང་དབྱངས་སྙན་པ་གདམས་ངག་རོལ་མོ་དཀྲོལ། །
ཐུགས་རྗེ་ཐབས་མཁས་ལམ་བཟང་སྟོན་པའི་བཤེས། །
བེ་རི་འཇིགས་མེད་དབང་རྒྱལ་ཞབས་བརྟན་ཤོག །
ཨོཾ་ཨ་བྷྱ་ཤྭ་ཛ་བཛྲ་སིདྡྷི་ཧྰུྃ། ཤྲྰིས་སོ། །
 
༡༩ ཏྰ་རེ་ལྷ་མོ་ཡབ་ཡུམ་རིན་པོ་ཆེ། །
ཨེ་མ་ཧོ། །
ཀ་དག་ཁ་བ་གངས་ཀྱི་ཞིང་ཁམས་སུ། །
ཕན་བདེའི་ལེགས་ཚོགས་མ་ལུས་འབྱུང་བའི་གནས། །
རིགས་གསུམ་ཀུན་འདུས་པདྨའི་རྒྱལ་ཚབ་མཆོག །
ཏྰ་རེ་ལྷ་མོ་ཡབ་ཡུམ་མྱུར་བྱོན་སྨོན། །
ཨོཾ་ཨ་བྷྱ་ཏྰ་ར་བཛྲ་སིདྡྷི་ཧྰུྃ།
 
༢༠ ལ་དྭགས་འཇམ་དཔལ་རིན་པོ་ཆེ། །
ཨེ་མ་ཧོཿ
ལ༵་དྭགས༵་གངས་དཀར་ཤེལ་གྱི་རྫོང་ཁག་ནས། །ལ་རྒྱའི་སྐད་ཡིག་རིག་གཞུང་འཛིན་སྐྱོང་སྤེལ། ། བློ༵་བཟང༵་དབང་ཕྱུག་ལོ་ཙྰ་དགེ་བའི་བཤེས། །འཇམ༵་དཔལ༵་ཆོས་ཀྱི་བཟང་པོ་ཞབས་བརྟན་ཤོག །
 
༢༡ སེ་ར་ཡང་སྤྲུལ་རིན་པོ་ཆེ།
ཨེ་མ་ཧོ། །
སྣང་སྲིད་ཟིལ་གནོན་གྲུབ་པའི་རྟུལ་ཞུགས་ཅན། །
བསམ་བཞིན་འགྲོ་ཁམས་འདྲེན་པའི་རིག་འཛིན་རྗེ། །
སངས་རྒྱས་ཀུན་འདུས་པདྨའི་རྒྱལ་ཚབ་མཆོག །
གསང་སྔགས་གླིང་པའི་དགོངས་དོན་ལྷུན་གྲུབ་ཤོག །
 
༢༢ ཀརྨ་པ་ཨོ་རྒྱན་མཐའ་ཡས་རྡོ་རྗེ། །
ཨེ་མ་ཧོཿ
 ཨོ་རྒྱན་པདྨ་འབྱུང་གནས་བྱིན་རླབས་སྟོབས། །
 ཕྲིན་ལས་མཐའ་ཡས་གསང་གསུམ་རྡོ་རྗེའི་སྐུ། །
 བསྟན་འགྲོའི་ཕན་བདེའི་དཔལ་དུ་ལེགས་བཞུགས་པའི། །
 ༧ཀརྨ་པ་ཉིད་ཞབས་པད་བརྟན་གྱུར་ཅིག །
 
༢༣ ལམ་མཁྱེན་རྒྱལ་པོ་རིན་པོ་ཆེ། །
ཨེ་མ་ཧོ། །
ཐེག་ཆེན་བསྟན་པའི་སྙིང་པོའི་རྩ་བ་བརྟེན། །
ལྔ་ལྡན་ཆོས་དྲུག་དགོངས་པའི་ལམ་མཁྱེན་པས། །
འབྲི་བསྟན་བཤད་སྒྲུབ་སྤེལ་བའི་སྒམ་པོ་པ། །
ལམ་མཁྱེན་རྒྱལ་པོ་རིན་ཆེན་ཞབས་བརྟན་ཤོག །
 
༢༤ འབྲི་གུང་ཆེ་ཚང་རིན་པོ་ཆེ།
ཨེ་མ་ཧོ། །
དཀོན་མཆོག་རིན་ཆེན་གསུམ་གྱི་རྗེས་སུ་ཞུགས། །
རྒྱལ་བའི་བསྟན་པ་འཛིན་ལ་ཐུགས་དགོངས་ཅན། །
ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོའི། །
སྐུ་ཚེ་ཡུན་རིང་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༢༥ ཞེ་ཆེན་རབ་འབྱམས་རིན་པོ་ཆེ།
ཨེ་མ་ཧོ། །
 རབ་འབྱམས་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །
རབ་འབྱམས་ཚོགས་གཉིས་བསགས་པ་མཐར་ཕྱིན་པའི། ། རབ་འབྱམས་མཁྱེན་བརྩེ་ནུས་པའི་མངའ་བདག་མཆོག ། རབ་འབྱམས་ཕྲིན་ལས་ཀུན་ཁྱབ་ཞབས་བརྟན་ཤོག །
 
༢༦ རྫོགས་ཆེན་རིན་པོ་ཆེ། །
ཨེ་མ་ཧོ། །
ཐུགས་རྒྱུད་སྒྱུ་འཕྲུལ་དྲ་བའི་བཀའ་བབས་འཛིན། །
གསུང་དབྱངས་ཟབ་རྒྱས་བཤད་སྒྲུབ་བསྟན་པ་སྐྱོང་།
སྐུ་སྤྲུལ་གསང་ཆེན་ཕྲིན་ལས་སྤེལ་བའི་མགོན། །
རྫོགས་ཆེན་རིན་པོ་ཆེ་རྣམས་ཞབས་བརྟན་ཤོག །
 
༢༧ མཁའ་འགྲོ་བྱང་ཆུབ་ལྷ་མོ། །
 ཨེ་མ་ཧོཿ
ལྷན་སྐྱེས་ཆོས་སྐུའི་མཁའ་འགྲོ་ཀུན་ཏུ་བཟང་། །
སྔགས་སྐྱེས་ལོངས་སྐུའི་མཁའ་འགྲོ་ཝ་ར་ཧི། །
ཞིང་སྐྱེས་སྤྲུལ་སྐུའི་མཁའ་འགྲོ་མཚོ་རྒྱལ་མ། །
དབྱེར་མེད་བྱང་ཆུབ་ལྷ་མོར་གསོལ་བ་འདེབས། །
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་གྲུབ་ཤོག །
 
༢༨ རྣལ་འབྱོར་པ་འོད་ཟེར་མཐར་ཕྱིན།
ཨེ་མ་ཧོ། །
ཀུན་གཟིགས་བཅུ་ཕྲག་རིག་པའི་དབང་ཕྱུག་ཆེ། །
ཀུན་ཕན་བྱམས་བརྩེས་མ་ལུས་འགྲོ་རྣམས་སྐྱོང་། །
ཀུན་བཟང་ཐུགས་ཀྱི་བསྟན་པའི་རྒྱུད་མཆོག །
རྣལ་འབྱོར་འོད་ཟེར་མཐར་ཕྱིན་མྱུར་བྱོན་སྨོན། །
 
༢༩ མདོ་མཁྱེན་བརྩེ་རིན་པོ་ཆེ།
ཨེ་མ་ཧོ། །
མདོ༵་སྔགས་མཁྱེན༵་བརྩེ༵་ཡེ༵་ཤེས༵་རྒྱས་པའི་ཐུགས༵། །
ཟབ་རྒྱས་ཚངས་དབྱངས་སྒྲོག་པ་རྡོ༵་རྗེ༵འི་གསུང་། །
མཚན་དཔེའི་དཔལ་འབར་གསང་གསུམ་སྤྲུལ་པའི་སྐུ། ། འཇམ༵་དཔལ༵་ཆོས༵་ཀྱི༵་རྒྱལ༵་མཚན༵་ཞབས་བརྟན་ཤོག །
 
༣༠ གཡུང་དྲུང་བོན་རིན་པོ་ཆེ།
ཨེ་མ་ཧོ། །
རྟག་བརྟན་འགྱུར་མེད་གཡུང་དྲུང་བོན་གྱི་ལུགས། །
ཚུལ་བཞིན་འཛིན་སྐྱོང༵་སྤེལ་མཛད་སྤྲུལ༵་པའི་སྐུ། །
ལུང༵་རྟོགས༵་བསྟན༵་འཛིན༵་རྣམ༵་རྒྱལ༵་རིན་པོ་ཆེ། །
ཞབས་པད་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
 
༣༡ དཔལ་སྤྲུལ་རིན་པོ་ཆེ།
ཨེ་མ་ཧོ། །
འཕགས་པའི་ཡུལ་དུ་རྒྱལ་སྲས་ཞི་བ་ལྷ། །
གངས་རིའི་ལྗོངས་སུ་དཔལ་སྤྲུལ་རིན་པོ་ཆེ། །
སླར་ཡང་བསྟན་པ་འཛིན་པའི་རྣལ་འབྱོར་པ། །
འཇིགས་མེད་མཐུ་སྟོབས་རྡོ་རྗེ་ཞབས་བརྟན་ཤོག །
 
༣༢ རིག་པའི་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
བླ་མ་དད་གུས་བརྟན་པས་རིག་པའི་དོན། །
ཇི་བཞིན་མངོན་སུམ་རྟོགས་པའི་རྡོ་རྗེ་འཛིན། །
བསྟན་འགྲོར་ཕན་བདེ་མཛད་པའི་ཕྲིན་ལས་ཅན། །
ངེས་དོན་རྫོགས་ཆེན་མཁན་པོ་ཞབས་བརྟན་ཤོག །
 
༣༣ ཁ་བ་རིན་པོ་ཆེ།
ཨེ་མ་ཧོ། །
བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་དཔལ། །
སྡིག་ལྟུང་ཕྲ་མོས་མ་གོས་དགེ་བའི་བཤེས། །
བསྟན་དོན་ཁོ་ནར་བརྩོན་པའི་བཟང་སྤྱོད་ཅན། །
ཀུན་བཟང་པདྨའི་རྒྱལ་ཚབ་ཞབས་བརྟན་ཤོག །
 
༣༤ ཐུབ་བསྟན་ནོར་བུ་རིན་པོ་ཆེ།
ཨེ་མ་ཧོ། །
ཐུབ་བསྟན་སྤྱི་དང་སྔ་འགྱུར་རྒྱལ་བསྟན་པ་ལ། །
ཡིད་བཞིན་ནོར་བུ་ལས་ལྷག་ལུང་རྟོགས་ཀྱི། །
བཤད་སྒྲུབ་ཕྲིན་ལས་འཛིན་སྐྱོང་སྤེལ་བའི་བདག །
དབང་སྟོད་སྤྲུལ་སྐུའི་བཞེད་དོན་ལྷུན་གྲུབ་ཤོག །
 
༣༥  བྱ་བྲལ་བ་མཁན་པོ་ཆོས་དབྱིངས།
ཨེ་མ་ཧོ། །
སྡོམ་བཙུན་དམ་པ་ཙོང་ཁ་བླ་མའི་རྒྱུད། །
མདོ་རྒྱུད་མན་ངག་མཁས་པའི་ཉམས་རྟོགས་ཅན།
རྒྱལ་བསྟན་བཤད་སྒྲུབ་མཛད་པའི་ཕྲིན་ལས་གླིང་། །
བྱ་བྲལ་མཁན་པོ་ཆོས་དབྱིངས་བཞུགས་གསོལ་འདེབས། །
 
༣༦ མཁན་པོ་ཀརྨ་འགྲོ་འདུལ་རྡོ་རྗེ་རིན་པོ་ཆེ། །
 ཨེ་མ་ཧོཿ
 ཚུལ་གནས་ཐོས་བསམ་སྒོམ་པས་རང་རྒྱུད་ཕྱུག །
 མདོ་སྔགས་བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ། །
 སྣང་སྲིད་དག་མཉམ་ལྟ་བའི་མཁན་པོ་མཆོག །
ཀརྨ་འགྲོ་འདུལ་རྡོ་རྗེ་ཞབས་བརྟན་ཤོག །
 
༣༧ སྙན་ངག་པ་སྒོ་རབ་རྒྱས་རིན་པོ་ཆེ།
ཨོཾ་སྭ་སྟི། །
རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་རྗེ། །
འཆི་མེད་པདྨ་འབྱུང་ནས་བརྒྱུད་པར་བཅས། །
གསོལ་བ་འདེབས་སོ་མཆོག་ཐུན་དངོས་གྲུབ་སྩོལ།།
སྙིང་གྲོགས་དཔལ་བེའུའི་བཞེད་དོན་ལྷུན་གྲུབ་ཤོག །
 
༣༨ སྐུ་འབུམ་རྒྱལ་སྲས་རིན་པོ་ཆེ།
  ཨེ་མ་ཧོཿ
ཕྱི་ལྟར་སྐུ་འབུམ་རྒྱལ་སྲས་རིན་པོ་ཆེ། །
ནང་ལྟར་བསམ་གཏན་གྲུབ་པའི་དགེ་བའི་བཤེས། །
གསང་བ་གསང་བདེ་འཇིགས་མཛད་རྡོ་རྗེ་འཆང་། །
ཡང་གསང་བསྟན་འཛིན་དམ་པ་ཞབས་བརྟན་ཤོག །
 
༣༩ དགེ་བཤེས་ཆེན་པོ་ཨ་རིག་དགེ་མཐོང་རིན་པོ་ཆེ། །
ཨེ་མ་ཧོཿ
ཨ་རིག་མཁྱེན་པའི་ཉི་མ་ཀུན་ཏུ་བཀྲ། །
དགེ་མཐོང་བརྩེ་བའི་དུང་ཟླ་རབ་ཏུ་ཤིས། །
ཚེ་འབར་ནུས་པའི་སྐར་ཚོམ་ཤིན་ཏུ་བདེ། །
དགེ་བཤེས་སྣང་གསལ་འོད་འབུམ་ཞབས་བརྟན་ཤོག །
 
༤༠ མཁན་པོ་བཀྲ་ཤིས་ཉི་མ་རིན་པོ་ཆེ།
ཨེ་མ་ཧོ། །
བཀྲ༵་ཤིས༵་ལྷ་ལམ་ཡངས་པའི་ཤེས་བྱ་ལ། །
བདེ་ལེགས་ཉི༵་ཟླའི་མཁྱེན་བརྩེ་ནུས་སྟོབས་ཅན། །
ཕུན་ཚོགས་འོད་སྣང་བསྩལ་བའི་བཤད་སྒྲུབ་དཔལ། །
མ༵་ལུས་ཀུན་བཟང་མཁན་པོ་ཞབས་བརྟན་ཤོག །
 
༤༡ སྨན་པ་མགོན་པོ་སྐྱབས།
ཨེ་མ་ཧོ། །
དམ་ཆོས་ཚུལ་བཞིན་སྤྱོད་པའི་གྲུབ་འབྲས་དང་། །
བསྟན་དང་འགྲོ་བའི་དོན་དུ་བསམ་པ་ཅན། །
གྲོགས་ཀྱི་དྭངས་མ་སྨན་པ་མགོན་པོ་སྐྱབས། །
མཆོག་གིས་གངས་ཅན་གསོ་སྨན་ཕན་བདེའི་ཆར། །
འཛམ་གླིང་འཛིན་མའི་ཁྱོད་ཀུན་ཁྱབ་པར་སྨོན། །
 
༤༢ སྐྱེ་སྔ་རིན་པོ་ཆེ།
ཨེ་མ་ཧོ། །
སྐྱེ་བ་སྔ་ཕྱི་མཁྱེན་པའི་སྤྱན་རིས་གཟིགས། །
ལས་འབྲས་བསླུ་མེད་བག་ཡོད་ཚུལ་བཞིན་མཛད། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་སྤེལ་བའི་མགོན། །
སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཞབས་བརྟན་ཤོག །
 
༤༣ ཤར་སྤྲུལ་རིན་པོ་ཆེ།
ཨེ་མ་ཧོ། །
མཚན་ལྡན་བླ་མས་རྗེས་བཟུང་གདམས་ངག་ཤར༵། །
མ་ནོར་ཉམས་སུ་བླངས་པས་སྙིང་ཐིག་དོན། །
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་སྤྲུལ༵་པའི་སྐུ། །
བསྟན་སྲིད་མཛེས་པའི་རྒྱན་དུ་རིང་འཚོ་ཤོག །
 
༤༤ བླ་མ་ཤེས་རབ་བཟང་པོ། །
ཨེ་མ་ཧོ། །
ཤེས་རབ་བདེ་བཤེགས་བསྟན་པའི་སྙིང་པོ་ཉིད། །
བཟང་པོ་སྤྱོད་པའི་དཔལ་དུ་ལེགས་མཁྱེན་པས། །
བཤད་སྒྲུབ་ཟུང་འཇུག་སྒྲུབ་པའི་ཇོ་ནང་པའི། །
བླ་མ་དམ་པའི་སྐུ་ཚེ་བརྟན་པར་ཤོག །
 
༤༥ དོལ་བོའི་དགེ་རྒན།
ཨེ་མ་ཧོ། །
ཤེས་བྱ་རིག་པའི་གནས་ལ་མཁྱེན་རྒྱ་ཆེ། །
རིས་མེད་སློབ་ཕྲུག་ཀུན་ལ་བྱམས་བརྩེ་ཆེ། །
མི་ཚེའི་མདུན་ལམ་སྟོན་པའི་སློབ་དཔོན་ཆེ། །
ཆེ་ཆོས་གསུམ་ལྡན་དགེ་རྒན་ཞབས་བརྟན་ཤོག །
 
༤༦ ཀརྡོ་རབ་འབྱམས་པ།
ཨེ་མ་ཧོ། །
གནའ་རབས་སྲོལ་རྒྱུན་མ་ནོར་རབ་ཏུ་འཛིན། །
དེང་རབས་ཚན་རྩལ་ཤེས་རིག་བསྟན་པ་སྐྱོང་། །
གནའ་དེང་ཕྱོགས་རིས་མེད་པ་ལེགས་སྤེལ་བའི། །
ཀརྡོ་རབ་འབྱམས་འཇིག་རྟེན་རྒྱན་དུ་བཞུགས། །
 
༤༧ མཁན་པོ་པདྨ་གེ་སར།
ཨེ་མ་ཧོ། །
པདྨ་ཀ་རའི་བསྟན་པར་སྲོག་ལས་གཅེས། །
གེ་སར་རྒྱལ་པོའི་ཐུགས་སྲས་དཔའ་བོ་མཆོག །
མཁས་གྲུབ་རྒྱལ་བའི་རྒྱུད་འཛིན་རིན་པོ་ཆེ། །
མཁན་པོ་པདྨ་གེ་སར་རྟག་བཞད་སྨོན། །
 
༤༨ མཁན་སྤྲུལ་དྲི་མེད་ལྷག་བསམ་རིན་པོ་ཆེ།
ཨེ་མ་ཧོ། །
དྲི༵་མེད༵་འོད་ཟེར་ལྟ་བའི་དགོངས་པ་རྟོགས། །
ལྷག༵་བསམ༵་མཁྱེན་བརྩེ་དབང་པོའི་སྒོམ་པར་གནས། །
སྤྱོད་པ་རྒྱལ་བའི་མྱུ་གུའི་ཕྲིན་ལས་ཅན། །
ཀུན་མཁྱེན་བརྒྱུད་པའི་ཐུགས་སྲས་ཞབས་བརྟན་ཤོག །
 
 
༤༩ རྫོགས་ཆེན་མཁན་པོ་ཐུབ་བསྟན་ཡེ་ཤེས།
ཨེ་མ་ཧོ། །
གཟུར་གནས་བློ་གྲོས་དགའ་བའི་སྐྱེད་ཚལ་དུ། །རིག་གཞུང་པདྨ་གེ་སར་སྙིང་པོ་བཞད། ། ཕན་བདེའི་དྲི་བཟང་ཐུབ་བསྟན་ཡེ་ཤེས་ཀྱི། །ཕྲིན་ལས་ཀུན་ཁྱབ་འཇིག་རྟེན་མཛེས་གྱུར་ཅིག །
 
༥༠ ནམ་མཁའ་རིན་པོ་ཆེ།
ཨེ་མ་ཧོ། །
ནམ་མཁའ་མ་ཞིག་འཁོར་བ་མ་སྟོང་བར། །
ནམ་མཁའ་མཉམ་པའི་འགྲོ་བའི་དོན་མཛད་ནས། ། ནམ་མཁའ་རབ་འབྱམས་ཕན་བདེའི་དཔལ་སྟེར་བའི། །
ནམ་མཁའ་རིག་འཛིན་ཐུགས་དམ་མ་གཡེལ་ཅིག །
 
༥༡ སྤྲུལ་སྐུ་དབང་ཆེན་ཉི་མ་རིན་པོ་ཆེ།
ཨེ་མ་ཧོ། །
སྤྲུལ་སྐུ་རྒྱལ་བའི་སྲས་ཀྱི་སྤྱོད་པ་དག །
སྣ་ཚོགས་རང་གྲོལ་ཞིང་ཁམས་ལོངས་སྤྱོད་རྫོགས། །
སྤྲོས་པ་ཀུན་བྲལ་ཆོས་སྐུའི་དགོངས་པར་སྨིན། །
རྫོགས་ཆེན་པདྨ་དབང་ཆེན་ཞབས་བརྟན་ཤོག །
 
༥༢ གསང་སྔགས་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོཿ
 གསང༵་སྔགས༵་དོན་ལ་ངེས་ཤེས་སྒྲོན་མེ་འབར། །
 རིག༷་པའི༷་འོད༷་སྣང༷་ཟེར་ཕྲེང་འབུམ་དུ་འཇོ། །
 མཐའ་ཡས་འགྲོ་བའི་རྨོངས་མུན་རབ་བསལ་བའི། །
 རྒྱལ་བསྟན༵་འཛིན༵་སྐྱོང་སྤེལ་མཛད་རྒྱལ་གྱུར་ཅིག །
 
༥༣ སྐུ་ཞབས་རྨོག་རུ་བ་བསྟན་པ་རྒྱ་མཚོ།
ཨེ་མ་ཧོ། །
རིགས་ཞེན་དཀར་པོ་ཁ་བའི་རི་དང་མཚུངས། །
གངས་ཅན་བསྟན་སྲིད་སེམས་པར་ཆུ་རྒྱུན་ལྟར། །
ལྷག་བསམ་བཟང་པོའི་གཙང་ཆབ་རྨོག་རུ་བ། །
བསྟན་པ་རྒྱ་མཚོ་ཞི་བདེའི་དཔལ་དུ་སྨོན། །
 
༥༤ སློབ་དཔོན་འཆམ་ར་དྲི་མེད་རྒྱལ་མཚན་རིན་པོ་ཆེ།
ཨེ་མ་ཧོ། །
ཕུན་ཚོགས་སྡེ༵་བཞི་དགེ༵་བར་བལྟམས་པའི་སྐུ། །
དྲི༵་མེད༵་སྙན་ཕྲེང་ངག་རིག་བདེན་པའི་གསུང་། །
བསྟན་པའི་རྒྱལ༵་མཚན༵་བསྒྲེངས་པའི་ཐུགས་དམ་ཅན། །
རྡོ་རྗེ་སློབ་དཔོན་ཞབས་པད་བརྟན་གྱུར་ཅིག །
 
༥༥  བློ་ལྡན་དགེ་འདུན་ཆོས་འཕེལ།
ཨེ་མ་ཧོ། །
བློ་གྲོས་དཔལ་ལྡན་ལྷག་བསམ་དམ་པས་ཕྱུག །
དགེ་འདུན་ཆོས་འཕེལ་རྒྱལ་བའི་ཞལ་གཟིགས་ཐོབ། །
བཤད་སྒྲུབ་ཐོས་བསམ་སྒོམ་པས་ལེགས་འཛིན་པའི། །
སྐལ་བཟང་སྐྱེས་བུ་ཆེན་པོ་ཡུན་གནས་ཤོག །
 
༥༦ མཁན་པོ་སྒྲོན་སྐྱབས་རིན་པོ་ཆེ།
ཨེ་མ་ཧོ། །
རིག་སྟོང་པདྨ་རྒྱལ་པོའི་དགོངས་ཀློང་ལས། །
རིག་འཛིན་གྲུབ་པའི་རྟུལ་ཞུགས་ཡོངས་སྣང་བ། །
རིག་གྲོལ་འཕགས་པའི་དགེ་འདུན་སྒྲོལ་མ་སྐྱབས། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
 
༥༦ འཇུ་བསྟན་སྐྱོང་རིན་པོ་ཆེ།
ཨེ་མ་ཧོ། །
གང་སྐུ་བཤེས་གཉེན་དམ་པའི་མཚན་ཉིད་ཅན། །
དུས་གསུམ་རྒྱལ་དང་རྒྱལ་སྲས་གསུང་དབྱངས་ཅན། །
མུ་མཐའ་མེད་པའི་འགྲོ་ཁམས་འདྲེན་མཛད་པའི། །
འཇུ་རིགས་བསྟན་སྐྱོང་བླ་མ་ཞབས་བརྟན་ཤོག །
 
༥༧ གཅོད་པ་བཀྲ་ཤིས་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ།
ཆོས་སྐུ་ཡུམ་ཆེན་དགོངས་པའི་ཕ་རོལ་ཕྱིན། །
ཕྱིན་དྲུག་ལམ་གྱིས་འགྲོ་ཁམས་ཆོས་ཀྱིས་འདུལ། །
ངེས་དོན་གསང་ཆེན་རྣལ་འབྱོར་རིན་པོ་ཆེ། །
བཀྲ་ཤིས་རྡོ་རྗེ་སྨིན་གྲོལ་དཔལ་དུ་ཤོག །
 
༥༨ ལྷོ་ཁའི་རྣམ་ཞོལ་ཤེས་རབ་ཆོས་འབྱོར་རིན་པོ་ཆེ།
ཨེ་མ་ཧོ། །
ལྷོ་ཁའི་རྣམ་ཞོལ་འབྲས་དཀར་རྒྱལ་བའི་སྲས། །
ཤེས་རབ་སྙིང་རྗེ་ཆེན་པོ་ཆོས་ཀྱིས་འབྱོར། །
བསྟན་འགྲོར་ཕན་བདེ་སྒྲུབ་པའི་དམ་ཚིག་ཅན། །
འཛམ་གླིང་མཛེས་པའི་རྒྱན་ཏུ་རྟག་བཞུགས་གསོལ། །
 
༥༩  མཁན་པོ་ཆོས་ཀྱི་སེངྒེ་རིན་པོ་ཆེ། །
ཨེ་མ་ཧོ། །
དམ་པའི་ཆོས་དང་འཇིག་རྟེན་ཚན་རྩལ་ལ། །
གཟུངས་སྤོབས་བློ་གྲོས་ཡང་དག་རིག་བཞི་ཡིས། །
ཇི་བཞིན་གཟིགས་ནས་སློབ་ཚོགས་སྐྱོང་མཛད་པའི། །
གངས་ཀྱི་སེངྒེ་དམ་པ་ཞབས་བརྟན་ཤོག །
 
༦༠ མཁན་པོ་འོད་གསལ་མཐའ་ཡས་རིན་པོ་ཆེ། །
ཨོཾ་སྭྰ་སྟི། །
རྒྱལ་དབང་ཀུན་བཟང་ཐུགས་ཀྱི་​བསྟན་པའི་སྲོག །
འོད༵་གསལ༵་སྙིང་པོའི་ཐུགས་བསྐྱེད་སྟོབ​ས་འཛིན་པས། །
མཐའ༵་ཡས༵་ཨེ་ཝྃ་ཆོས་སྨན་བདེ་ཆེན་གྱིས། །
མ་ལུས་འགྲོ་ཁམས་སྨིན་གྲོལ་ཞབས་བརྟན་ཤོག །
 
༦༡ ཤར་མི་ཉག་པ་བདེ་ཆེན་བློ་གྲོས་རིན་པོ་ཆེ།
ཨེ་མ་ཧོ། །
ངེས་འབྱུང་རྣལ་མའི་སོ་ཐར་སྡོམ་པས་བཙུན། །
བདེ་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པར་མཁས། །
གསང་ཆེན་བསྟན་པར་བློ་གྲོས་དཔལ་བཟང་པོ། །
ཆོས་མཆེད་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག །
 
༦༢ འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ། །
ཨེ་མ་ཧོ། །
འཇམ་དབྱངས་མཁྱེན་པའི་དབང་ཕྱུག་བླ་མ་རྗེ། །
བརྩེ་ཆེན་འགྲོ་ཁམས་སྐྱོང་བའི་སྤྲུལ་པའི་གར། །
གང་དགར་སྣ་ཚོགས་སྒྱུ་འཕྲུལ་སྟོན་མཛད་པའི། །
རྣམ་འདྲེན་རྒྱལ་བའི་དབང་པོ་ཞབས་བརྟན་ཤོག །
 
༦༣ རྫོགས་ཆེན་མཁན་པོ་ཆོས་དགའ་རིན་པོ་ཆེ།
ཨོཾ་སྭ་སྟི། །
 མི་འགྱུར་བདེ་ཆེན་རྒྱལ་པོ་ཀུན་ཏུ་བཟང་། །
 མི་བརྗེད་གཟུངས་སྤོབས་ཤེས་རབ་སྨྲ་བའི་མཆོག །
 མི་འཇིགས་གསང་སྔགས་གཏེར་ལ་དབང་འབྱོར་པའི། །
 རྫོགས་ཆེན་མཁན་པོ་ཆོས་དགའ་ཞབས་བརྟན་གསོལ། །
 
༦༤ མཁའ་འགྲོ་ཤེས་རབ་ལྷ་མོ།
ཨོཾ་སྭ་སྟི། །
སྟོང་ཉིད་སྙིང་བརྩེ་དོན་གྱི་ཡེ་ཤེས་པ། །
དྲང་བདེན་བྱམས་པའི་རང་གཟུགས་རྗེ་བཙུན་མ། །
སྣང་གསལ་འོད་འབུམ་སྤྲུལ་པའི་མཁའ་འགྲོ་མ། །
ཤེས་རབ་ལྷ་མོའི་ཞབས་པད་བརྟན་གྱུར་ཅིག །
 
༦༥ ཀུན་མཛེས་འཆི་མེད་མཁའ་འགྲོ།
ཨེ་མ་ཧོཿ
ཀུན་བཟང་ཐུགས་ཀྱི་བསྟན་པའི་རྗེས་འཇུག་མཆོག །
 ཀུན་ནས་དད་གུས་མོས་པའི་ལས་འཕྲོ་ཅན། །
 ཀུན་མཐུན་ལྷ་ཆོས་འཛིན་སྐྱོང་སྤེལ་མཛད་མ། །
 ཀུན་མཛེས་འཆི་མེད་མཁའ་འགྲོ་ཞབས་བརྟན་ཤོག །
 
༦༦རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ། །
ཨེ་མ་ཧོཿ
མཁྱེན་རབ་རྨད་བྱུང་མདོ་སྔགས་དགོངས་དོན་འཛིན། །
 བརྩེ་ཆེན་དབང་ཕྱུག་འཕགས་ལམ་སྤྱོད་པ་སྐྱོང་། །
 ནུས་པས་རྒྱལ་བསྟན་བཤད་སྒྲུབ་ཡང་དག་སྤེལ། །
 འབྲུག་ཆེན་རྒྱལ་བའི་རྒྱལ་ཚབ་ཞབས་བརྟན་ཤོག །
 
༦༧སྨིན་གླིང་གདུང་སྲས་རིན་པོ་ཆེ།
མངོན་དགའི་ཞིང་ན་རིགས་བདག་རྡོ་རྗེ་སེམས། །
རྔ་ཡབ་གླིང་དུ་པདྨ་ཐོད་འཕྲེང་རྩལ། །
བྷོ་ཊའི་ལྗོངས་འདིར་འགྱུར་མེད་རྡོ་རྗེའི་སྐུ། །
གདུང་སྲས་ཡིད་བཞིན་ནོར་བུ་གསོལ་བ་འདེབས། །
བཀའ་གཏེར་ཟབ་རྒྱས་དཔལ་ཡོན་དར་གྱུར་ཅིག །
 
༦༨ མཁའ་འགྲོ་རིན་པོ་ཆེ། །
ཨེ་མ་ཧོ། །
བཀའ་གཏེར་ཟབ་དགུའི་སྲོལ་འཛིན་གཏེར་ཆེན་གྱི། །
མདོ་སྔགས་བཤད་སྒྲུབ་བསྟན་པའི་རྒྱུན་སྐྱོང་བའི། །
ཨོ་རྒྱན་སྨིན་གྲོལ་གླིང་པའི་སྲས་མོ་མཆོག །
མཁའ་འགྲོ་རིན་ཆེན་ཞབས་པད་བརྟན་གྱུར་ཅིག །
 
༦༩ ཡུལ་ཤུལ་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
རྨད་བྱུང་སྙན་པའི་ངག་ལ་དབང་འབྱོར་ཞིང་། །
སྡེ་སྣོད་རིག་པའི་གནས་ལ་བྱང་ཆུབ་པའི། །
མཆེད་ཀྱི་དྭངས་མ་ཡུལ་ཤུལ་བསྟན་འཛིན་ཉིད། །
སྐུ་ཚེ་རབ་བརྟན་བཞེད་དོན་ལེགས་འགྲུབ་ཤོག །
 
༧༠  བདེ་ཆེན་གཡང་གི་སྨོན་ལམ།
ཨེ་མ་ཧོ། །
བརྩེ་ཆེན་ཆོས་ཀྱི་རྒྱལ་པོ་མ་ཎི་ཀར། །
 བདེ་ཆེན་དོན་གྱི་དབང་མོ་སྙིང་གྲོགས་མས། །
 བྱམས་ཆེན་དྲོད་ཀྱིས་བདེ་གཡང་མི་འབྲལ་ཞིང་། །
 རྫོགས་ཆེན་བསྟན་པའི་རྒྱན་དུ་རྟག་བཞུགས་གསོལ། །
 
༧༡ གུ་རུ་རྩེ་རྒྱལ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱལ་ཀུན་མཁྱེན་བརྩེ་འོ་མའི་ཆུ་གཏེར་ལས། །
རབ་དཀར་ཐབས་ཤེས་ཕྱག་རྒྱའི་རྟུལ་ཞུགས་ཅན། །
མ་འདྲིས་མཛའ་བཤེས་དམ་པ་རྒྱལ་བའི་སྲས། །
གུ་རུ་རྩེ་རྒྱལ་བསྐལ་བརྒྱལ་འཚོ་བཞེས་བསྐུལ། །
 
༧༢ གོ་འཇོ་རིག་ལྡན་རིན་པོ་ཆེ།
ཨེ་མ་ཧོ། །
རིག་འཛིན་ནུས་ལྡན་སྐུ་གསུམ་རྡོ་རྗེའི་གདངས། །
བདེ་ཆེན་དབྱིངས་ལས་ཟུང་འཇུག་མཆོད་སྤྲིན་ཅན། །
མཚུངས་མེད་དགེ་བའི་བཤེས་གཉེན་རིན་པོ་ཆེ། །
རིག་གྲོལ་གཉིས་ལྡན་བླ་མ་འཚོ་བཞེས་གསོལ། །
 
༧༣ མུ་ར་གནས་ཁོ་རིན་པོ་ཆེ།
ཨེ་མ་ཧོ། །
མུ་མེད་དོན་དམ་སེམས་བསྐྱེད་ཕ་རོལ་ཕྱིན། །
མཚུངས་མེད་ཡོན་ཏན་རྒྱ་མཚོའི་ར་བ་ཅན། །
ཆོས་དབྱིངས་གནས་ལུགས་ཁོ་ནའི་གཏེར་འཛིན་པ། །
རྟོགས་ལྡན་བླ་མ་དམ་པ་ཞབས་བརྟན་ཤོག །
 
༧༤ ཚེ་རིང་ལོ་བརྒྱ་རིན་པོ་ཆེ།
ཨེ་མ་ཧོ། །
ཚངས་སྲས་བཞད་པའི་གུར་ཀུམ་གསར་པའི་མདངས། །
སྙན་འཇེབས་རྒྱ་མཚོའི་གོས་སུ་ཡོངས་ཁྱབ་པའི། །
རབ་འབྱམས་རྒྱལ་བའི་ཕྲིན་ལས་འོད་དཀར་ཅན། །
ནམ་ཡང་མི་ཉམས་སྲིད་མཐར་བརྟན་གྱུར་ཅིག །
 
༧༥ རིག་པའི་བང་མཛོད་རིན་པོ་ཆེ།
ཨེ་མ་ཧོ། །
རེབ་སྐོང་རིག་པའི་བང་མཛོད་གཏེར་ཀློང་ནས། །
ངོ་མཚར་སྙན་ངག་རོལ་མོའི་སྒྲ་དབྱངས་ཀྱིས། །
གངས་ལྗོངས་ཆོས་དཔལ་རིག་པའི་དགའ་ཚལ་ཀུན། །
རྫོགས་ལྡན་དང་པོའི་ཞིང་དུ་མཛེས་གྱུར་ཅིག །
 
༧༦ མཁན་པོ་འཇིགས་མེད་གཞན་ཕན་རིན་པོ་ཆེ།
ཨེ་མ་ཧོ། །
འཇིགས་མེད་ཐབས་ཤེས་དགོངས་པའི་རྫོགས་ཆེན་པ། །
གཞན་ཕན་ལུང་རྟོགས་བསྟན་པས་སྨིན་གྲོལ་བ། །
བཅོས་མིན་དོན་དམ་མཁན་པོ་མཚན་ཉིད་ཅན། །
མཁས་བཙུན་བཟང་པོས་བསྟན་འགྲོར་སྨན་གྱུར་ཅིག །
 
༧༧ མཚོ་བྱུང་རིག་པའི་ཟླ་བ་རིན་པོ་ཆེ།
ཨེ་མ་ཧོ། །
ཤེས་བྱ་རབ་འབྱམས་རྒྱལ་བའི་རྒྱ་མཚོ་རུ། །
མཁྱེན་བརྩེ་རིག་པའི་འོད་དཀར་མཚན་མོའི་མགོན། །
ངེས་དོན་དགེ་བའི་བཤེས་གཉེན་ཡོན་ཏན་ཅན། །
མཚོ་བྱུང་རིག་པའི་ཟླ་བ་ཞབས་བརྟན་ཤོག །
 
༧༨ འདྲ་བ་རྡོ་རྗེ་རིག་རྩལ་རིན་པོ་ཆེ། །
ཨེ་མ་ཧོ། །
བརྟན་མཁས་བཟང་པོ་ཡོན་ཏན་མཁའ་འདྲ་བ། །
རྡོ་རྗེ་ཐེག་པའི་ཟབ་རྒྱས་ཀུན་གཟིགས་པའི། །
རིག་རྩལ་བདེ་ཆེན་དོན་གྱི་བླ་མ་ཉིད། །
ཐུགས་དམ་མི་གཡོ་བསྟན་འགྲོའི་དོན་མཛད་གསོལ། །
 
༧༩ སྤྲུལ་འཇིགས་མེད་བློ་གྲོས་རིན་པོ་ཆེ།
ཨེ་མ་ཧོ། །
སོར་བྱང་སྔགས་ཀྱི་བསྟན་པའི་མཛོད་འཛིན་པའི། །
ཆོས་ལོངས་སྤྲུལ་སྐུའི་བསྟན་འཛིན་དམ་པ་མཆོག །
འཇིགས་མེད་བློ་གྲོས་སྣང་བའི་འགྲོ་དོན་ཅན། །
ཆོས་མཆེད་བླ་མ་རིན་ཆེན་ཞབས་བརྟན་ཤོག །
 
༨༠ འགར་སྲས་སྤྲུལ་འཇིགས་མེད་ཀུན་བཟང་རིན་པོ་ཆེ།
ཨེ་མ་ཧོ། །
འགར་གྱི་རིགས་འཁྲུངས་རྒྱལ་སྲས་དཔའ་བོའི་ཚུལ། །
འཇིགས་མེད་ཆོས་རྗེ་བླ་མའི་ཐུགས་ཀྱི་སྲས། །
ཀུན་བཟང་རྒྱལ་བའི་བསྟན་པ་འཛིན་པའི་མགོན། །
སྐུ་ཚེ་རབ་བརྟན་སྐྱེ་དགུའི་དཔལ་དུ་སྨོན། །
 
༨༡ ཨ་ཅག་ཉི་མ་རིན་པོ་ཆེ།
ཀྱེ་མ་ཧོ། །
མཁས་བཙུན་མིན་ཡང་དམ་པའི་གྲལ་འགོ་འཛིན། །
སྤྲུལ་སྐུ་སྐྱབས་རྗེ་གོ་ས་བཙན་གྱིས་སྐྱོང་། །
བཟང་ལན་ངན་གྱིས་འཇལ་བའི་བླ་བཙོང་པ། །
དམ་པའི་གོ་རྒས་འདི་ཡང་ཚེ་རིང་ཤོག །
 
༨༢ བརྩོན་འགྲུས་རྒྱ་མཚོ་རིན་པོ་ཆེ། །
ཨེ་མ་ཧོ། །
དད་བརྩོན་ཤེས་རབ་ལྡན་པའི་རྣམ་དཔྱོད་དང་། །
གཞན་ཕན་ལེགས་བཤད་འཆད་རྩོད་རྩོམ་པ་དང་། །
བསྟན་དོན་ཐུགས་དམ་འཛིན་པའི་དགེ་བའི་བཤེས། །
བརྩོན་འགྲུས་རྒྱ་མཚོའི་བཞེད་དོན་མྱུར་འགྲུབ་ཤོག །
 
༨༣ ཨ་རིག་དགེ་ལེགས་འབྱུང་གནས་རིན་པོ་ཆེ།
ཨེ་མ་ཧོ། །
ཨ་རིག་ངེས་དོན་ཆོས་ཀྱི་དགའ་ཚལ་ནས། །
རྣམ་དཔྱོད་དཔག་བསམ་སྡོང་པོའི་ཡོན་ཏན་རྒྱས། །
དགེ་ལེགས་ཕན་བདེའི་འབྱུང་གནས་རིན་པོ་ཆེ། །
འཛམ་གླིང་བསྟན་འགྲོའི་མགོན་དུ་རིང་འཚོ་ཤོག །
 
༨༤ ཚུལ་ཁྲིམས་མཐར་ཕྱིན་རིན་པོ་ཆེ།
ཨེ་མ་ཧོ། །
ཚུལ་ཁྲིམས་རྣམ་དག་རྒྱལ་བ་དགྱེས་པའི་སྐུ། །
འཆད་རྩོད་རྩོམ་ཕྲིན་ལས་སྤེལ་བའི་གསུང་། །
སྤངས་རྟོགས་མཐར་ཕྱིན་ངེས་དོན་རྒྱལ་བའི་ཐུགས། །
ཆོས་གྲོགས་དགེ་བའི་བཤེས་གཉེན་རྟག་འཚོ་ཤོག །
 
༨༥ རྫ་སྟོད་གངས་ལྗོངས་ཧྲག་པ་རིན་པོ་ཆེ།
ཨེ་མ་ཧོ། །
གངས་རིའི་ལྗོངས་སུ་མེས་པོའི་སྲོལ་བཟང་འཛིན། །
ལོག་སྨྲ་བདུད་དང་དམ་སྲིའི་རྒོལ་བ་འཇོམས། །
རླབས་ཆེན་མཁས་བཙུན་བཟང་པོའི་ཕྲིན་ལས་ཅན། །
རྫ་སྟོད་གངས་ལྗོངས་ཧྲག་པ་ཞབས་བརྟན་ཤོག །
 
༨༦ འབའ་མཁྱེན་དཔལ་རིན་པོ་ཆེ། །
ཨེ་མ་ཧོ། །
མཁྱེན་རབ་དཔལ་འབར་ཡེ་ཤེས་སྣང་བ་ཅན། །
བརྩེ་ཆེན་བྱམས་པའི་རྒྱལ་ཡུམ་ཉེར་གཅིག་གིས། །
མཐུ་སྟོབས་ནུས་པས་ཆོས་མཆེད་དམ་པ་ཁྱེད། །
གསང་གསུམ་དེ་ཉིད་མངོན་དུ་འགྱུར་པར་ཤོག །
 
༨༧  ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ།
ཨེ་མ་ཧོ། །
ཚུལ་ཁྲིམས་ཡང་དག་རྒྱལ་བའི་རྗེས་འཇུག་མཆོག །
ཐོས་བསམ་སྒོམ་པས་ལུང་རྟོགས་བསྟན་པ་འཛིན། །
བསྙེན་སྒྲུབ་ཕྲིན་ལས་བརྩོན་པའི་དགེ་འདུན་པ། །
ཕྱོགས་ལས་རྣམ་རྒྱལ་འགྲོ་དོན་ལྷུན་གྲུབ་ཤོག །
 
༨༨ འབྲོང་ཡོན་ཏན་ཕུན་ཚོགས་རིན་པོ་ཆེ། །
ཨེ་མ་ཧོ། །
ཚོགས་གཉིས་བསོད་ནམས་དགེ་བའི་སྣང་བ་ལས། ། ཡོན་ཏན་ཕུན་ཚོགས་བཤེས་གཉེན་ཚུལ་བཞིན་བསྟེན། །
དམ་ཆོས་ཡང་དག་སྤྱོད་པའི་སྐལ་བཟང་མཆོག །
ཚེ་དང་སྒྲུབ་པ་མཉམ་པར་གསོལ་བ་འདེབས། །
 
༨༩ ཨ་རིག་མཁན་ཆེན་ཤེས་རབ་བཟང་པོ། །
ཨེ་མ་ཧོ། །
ཤེས་རབ་སྙིང་རྗེས་འགྲོ་ལ་དམ་ཆོས་སྟོན། །
ཏིང་འཛིན་བཟང་པོས་མ་རིག་རྨོངས་པ་སེལ། །
རྨད་བྱུང་ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་ཅན། །
ཨ་རིག་མཁན་ཆེན་ཤེར་བཟང་ཞབས་བརྟན་ཤོག །
 
༩༠ རྫོགས་ཆེན་མཁན་པོ་ཀུན་དགའ་བཀྲ་ཤིས་རིན་པོ་ཆེ།
ཨེ་མ་ཧོ། །
ཀུན་དགའ་ཞི་བདེ་ཐར་པའི་དེད་དཔོན་གྱིས། །
བཀྲ་ཤིས་བདེ་ལེགས་མི་ཟད་སྨིན་གྲོལ་སྟོན། །
ལུགས་རྟོགས་བསྟན་པའི་བདག་པོ་དྲང་བདེན་ཅན། །
རྫོགས་ཆེན་མཁན་པོ་བསྐལ་བརྒྱར་བཞུགས་གསོལ་འདེབས། །
 
༩༡ ཚངས་དབྱངས་རིན་པོ་ཆེ།
ཨེ་མ་ཧོ། །
ཚངས་གནས་སྙན་མངགས་སྒྱུ་འཕྲུལ་དྲ་བ་ལས། །
གངས་ལྗོངས་ཕན་བདེའི་ལེགས་ཚོགས་འཇོ་བའི་དཔལ། །
སྐལ་བཟང་ཡིད་དགའ་གསོ་བའི་སྨན་ཆེན་པོ། །
ཚངས་དབྱངས་རྒྱ་མཚོས་འཇིག་རྟེན་མཛེས་གྱུར་ཅིག །
 
༩༢ སྤྲུལ་སྐུ་ཚེ་དབང་རིན་པོ་ཆེ། །
ཨེ་མ་ཧོ། །
ཆོས་སྐུ་དགོངས་པའི་དབྱིངས་ལས་མ་གཡོས་བཞིན། །
ལོངས་སྐུ་དག་པའི་ཞིང་ཁམས་ཡོངས་སྦྱོང་ནས། །
སྤྲུལ་སྐུ་བཤད་སྒྲུབ་དཔལ་དུ་ཕེབས་པ་ཁྱེད། །
བསྟན་འགྲོའི་དོན་ཆེན་འབད་མེད་མྱུར་འགྲུབ་ཤོག །
 
༩༣ རྣལ་འབྱོར་པ་སྐལ་བཟང་རིན་པོ་ཆེ།
ཨེ་མ་ཧོ། །
སྐལ་བཟང་རྒྱལ་བའི་བསྟན་པའི་རྗེས་སུ་སློབ། །
དལ་འབྱོར་སྙིང་པོ་ལེན་ཕྱིར་སྦས་ཡུལ་བཞུགས། །
ཚེ་དང་སྒྲུབ་པ་མཉམ་པའི་རིན་པོ་ཆེ། །
བསྟན་འགྲོའི་མགོན་ཡུན་རིང་བཞུགས་གསོལ་འདེབས། །
 
༩༤ མཁན་ཆེན་བསོད་ནམས་དོན་གྲུབ་རིན་པོ་ཆེ།
ཨེ་མ་ཧོ། །
བསོད་ནམས་ཡེ་ཤེས་བསགས་པའི་རྟེན་འབྲེལ་ལས། །
བརྟན་མཁས་དོན་གྲུབ་རིན་ཆེན་དགེ་སློང་ཆེས། །
ལྔ་ལྡན་ཆོས་དྲུག་དགོངས་པ་མངའ་བརྙེས་པའི། །
འབྲི་གུང་མཁན་ཆེན་བསྐལ་བརྒྱར་ཞབས་བརྟན་ཤོག
 
༩༥ ཉི་མ་ཚེ་རིང་རིན་པོ་ཆེ། །
ཨེ་མ་ཧོ། །
འཇིག་རྟེན་སྲིད་པའི་ཉི་མ་རབ་ཏུ་གསལ། །
དམ་ཆོས་དུང་གི་ཟླ་བ་ཀུན་ཏུ་ཤིས། །
ཆོས་སྲིད་ཟུང་འབྲེལ་སྐར་ཚོགས་ཚེ་ཐག་རིང་། །
ཆོས་མཆེད་ཉག་རོང་བླ་མ་ཞབས་བརྟན་ཤོག །
 
༩༦ ཟླ་རྒྱུད་མཁན་ཆེན་ཚེ་རིང་བཀྲ་ཤིས་རིན་པོ་ཆེ།
ཨེ་མ་ཧོ། །
གངས་རིའི་བསྟན་སྲིད་འཛིན་སྐྱོང་སྤེལ་བ་ལ། །
མ་སྨད་ལྷག་བསམ་ཡངས་པའི་འོད་སྟོང་ཅན། །
བདུད་དགྲའི་མ་རིག་མུན་ཚོགས་འཇོམས་པའི་དཔལ། །
ཟླ་རྒྱུད་མཁན་ཆེན་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༩༧ འབྲུག་པ་ཀུན་ལེགས་ནོར་བུ་རིན་པོ་ཆེ། །
ཨེ་མ་ཧོ། །
ཡང་གསང་རྫོགས་ཆེན་རྟོགས་པ་ཤར་གྲོལ་ཁྱུང་། །
སྙན་པའི་སྡེབ་སྦྱོར་མཁས་གྲགས་ལྷོ་ཡི་འབྲུག །
ལ་རྒྱའི་བསྟན་སྲིད་འཛིན་པར་གངས་ཀྱི་སེང་། །
ཀུན་ལེགས་ནོར་བུ་མེ་སྟག་ཞབས་བརྟན་གསོལ། །
 
༩༨ གདུགས་དཀར་ཚེ་རིང་རིན་པོ་ཆེ། །
ཨེ་མ་ཧོ། །
རྒྱལ་བསྟན་རིན་ཆེན་གདུགས་དཀར་མཁའ་རུ་སྟེགས། །
མཐའ་ཡས་འཁོར་བའི་ཚ་གདུང་རབ་ཏུ་འཇོམས། །
བསྟན་འགྲོར་སྨིན་པའི་ཚེ་རིང་ཆོས་ཆར་འཇོ། །
ཁམས་གསུམ་དོང་སྤྲུགས་ནུས་པའི་དཔལ་དུ་ཤོག །
 
༩༩  དགེ་བཤེས་བློ་བཟང་དཔལ་ལྡན་རིན་པོ་ཆེ།
ཨེ་མ་ཧོ། །
དགེ་ལེགས་བཤེས་གཉེན་དམ་པའི་མཚན་ཉིད་དག །
བློ་བཟང་དཔལ་ལྡན་བཤད་སྒྲུབ་བསྟན་པའི་མགོན། །
སྐྱེ་དགུའི་རྨོངས་པའི་མ་རིག་བསལ་མཛད་པ། །
སྙིགས་དུས་འདྲེན་པའི་བླ་མ་ཞབས་བརྟན་ཤོག །
 
༡༠༠ མཁའ་འགྲོ་ཨོ་རྒྱན་ཆོས་སྒྲོན།
ཨེ་མ་ཧོ། །
ཨོ་རྒྱན་པདྨའི་ཞལ་མཇལ་དངོས་གྲུབ་ཐོབ། །
དམ་ཆོས་སྒྲོན་མེའི་སྙིང་གི་དཀྱིལ་འཁོར་ཅན། །
བཀའ་གཏེར་གདམས་པའི་མཛོད་འཛིན་མཁའ་འགྲོ་མ། །
མཁྱེན་བརྩེ་ནུས་ལྡན་ཞབས་པད་བརྟན་གྱུར་ཅིག །
 
༡༠༡ བསོད་ནམས་ཕུན་ཚོགས་རིན་པོ་ཆེ། །
ཨེ་མ་ཧོ། །
བསོད་ནམས་རིན་ཆེན་རྒྱལ་བའི་བསྟན་པར་མཇལ། །
ཕུན་ཚོགས་དགེ་ལེགས་ཁྱབ་སྲིད་སྙན་ངག་མཁན། །
ལུགས་གཉིས་སྨྲ་བའི་དྷར་སའི་དགེ་རྒན་ཉིད། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ཡོངས་འགྲུབ་ཤོག །
 
༡༠༢ སྙིང་མིག་རིན་པོ་ཆེ།
ཨེ་མ་ཧོ། །
སྙིང༵་པོའི་བསྟན་པའི་མདོ་རྒྱུད་མན་ངག་ཀུན། །
མིག༵་གི་དགའ་སྟོན་ཐུགས་ཀྱི་དཀྱིལ་སྨིན་པའི། །
ཞི་དུལ་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཅན། །
ཆོས་མཆེད་སེམས་པ་ཆེན་པོ་འཚོ་བཞེས་གསོལ། །
 
༡༠༣ བསོད་ནམས་འོད་ཟེར་རིན་པོ་ཆེ།
ཨེ་མ་ཧོཿ
བསོད༵་ནམ༵ས་ཡེ་ཤེས་ཚོགས་གཉིས་ལས་འཁྲུངས་པའི། ། འོད༵་ཟེར༵་རིག་པའི་སྣང་གསལ་དཔལ་འབར་བའི། །
བསྐལ་བཟང་རྒྱལ་ཀུན་དགྱེས་པའི་སྐྱེས་བུ་ཉིད། །
སྐུ་ཚེ་བརྟན་ཅིང་འགྲོ་དོན་ལྷུན་གྲུབ་ཤོག །
 
༡༠༤ གླུ་རྒྱལ་བདུད་བྷེ་རིན་པོ་ཆེ།
ཨེ་མ་ཧོ། །
ཀ་ལ་མ་ལྟར་དཀར་བའི་ལྷག་བསམ་ཅན། །
ཁ་བའི་ཟློས་གར་མཁན་པོ་ཚངས་དབྱངས་སྲས། །
ག་ས་གང་དུ་སྙན་པའི་དཔལ་འབར་བའི། །
གངས་ལྗོངས་ཁུ་བྱུག་སྔོན་མོ་སྐུ་ཚེ་བརྟན། །
 
༡༠༥ མཁན་པོ་ཆོས་ཉིད་དོན་རྟོགས་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་ཉིད་དོན་རྟོགས་ཐེ་ཝན་ཡུལ་དུ་ཕེབས། །
རྒྱུ་འབྲས་བདེན་པའི་ཆོས་ཀྱི་འཁོར་ལོ་བསྐོར། །
ཆོས་དང་འཇིག་རྟེན་མཉམ་དུ་ལེགས་གྲུབ་པའི། །
ཟླ་རྒྱུད་མཁན་པོ་སྐུ་ཚེ་བརྟན་པར་ཤོག །
 
༡༠༦ ཚེ་རིང་བསམ་གྲུབ་རིན་པོ་ཆེ།
ཨེ་མ་ཧོ། །
ཚེ་དང་ཡེ་ཤེས་བཅོམ་ལྡན་འདས་རྒྱལ་བའི་ལྷ། །
རིང་ནས་སྒྲུབ་པའི་རྩ་གསུམ་ཆོས་སྐྱོང་གིས། །
བསམ་པའི་དོན་ཀུན་ཡིད་བཞིན་མངོན་མཛད་པས། །
གྲུབ་དབང་མཆོག་གི་བཞེད་དོན་ལྷུན་གྲུབ་ཤོག །
 
༡༠༧ མཁའ་འགྲོ་སྒྲོལ་མ་ཚེ་རིང་།
ཨེ་མ་ཧོ། །
ལྷན་སྐྱེས་ཆོས་སྐུའི་དེ་ཉིད་མངོན་སུམ་རྟོགས། །
སྔགས་སྐྱེས་ལོངས་སྐུའི་བསྐྱེད་རྫོགས་རྒྱུན་དུ་གནས། །
ཞིང་སྐྱེས་བཤད་སྒྲུབ་ཕྲིན་ལས་སྤེལ་མཛད་མ། །
སྒྲོལ་མ་ཚེ་རིང་བསྐལ་བརྒྱར་བཞུགས་གསོལ་འདེབས། །
 
༡༠༨ ཧཱུཾ་ཏྲཾ་པ་ནམ་མཁའ་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
ཨོཾ་ཨྰཿགཉུག་མ་ཆོས་སྐུའི་དགོངས་ཀློང་ལས། །
ཧྰུྃ་ཧྲྰིཿནམ་མཁའ་མཛོད་ལ་མངའ་དབང་འབྱོར། །
ཏྲྰྃ་བྷྲྰུྃ་དག་རྫོགས་སྨིན་མཛད་སྤྲུལ་པའི་སྐུ། །
སྙིང་ཐིག་བསྟན་འཛིན་བླ་མ་ཞབས་བརྟན་ཤོག །
·གསར་འགྱུར་གོང་མ:དྲང་སྲོང་ཟིན་བྲིས་འོས་སྦྱོར་ཞུ་བ།
·གསར་འགྱུར་འོག་མ:འཇིག་རྟེན་གྱི་བསྟན་བཅོས་གླེང་བ་ཀུན་ཏུ་དགའ་བའི་གཏམ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 23:04:50 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 0:15:49 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:56:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 58 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།46.88MS