ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

ཨེ་མ་ཧོའི་བླ་མཆེད་རྒྱལ་བའི་དཀྱིལ་འཁོར་༢

[རྩོམ་པ་པོ:ཨེ་མ་ཧོ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2012-10-10 7:54:45  བཀླགས་ཐེངས:896][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །ཨེ་མ་ཧོའི་བླ་མཆེད་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་གྱི་ཞབས་བརྟན་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། ༼གཉིས་པ།༽
 
 
༡༠༩ ཨོ་རྒྱན་བསྟན་འཛིན་རྡོ་རྗེ་རིན་པོ་ཆེ། །
ཨེ་མ་ཧོཿ
 རྒྱལ་བསྟན༵་འཛིན༵་སྐྱོང་སྤེལ་ལ་གཅིག་ཏུ་དཔའ། །
 གསང་ཆེན་རྡོ༵་རྗེ༵་ཐེག་པའི་གཉིས་ཕན་ལམ། །
 མ་ནོར་འགྲོ་ལ་སྟོན་མཁས་སུམ་ལྡན་པ། །
 སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
 
༡༡༠ རྫོགས་ཆེན་པ་སྨན་སྤྲུལ་དགེ་གྲགས་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་ཀྱི་བདུད་རྩི་གདམས་པས་ཐུགས་རྒྱུད་ཕྱུག །
སྨན་གྱི་འགྲོ་དོན་སྐྱེ་དགུར་ཕན་བདེ་མཛད། །
དགེ་ལེགས་གྲགས་པ་རྒྱལ་ཁམས་ཡོངས་ཁྱབ་པའི། །
རྫོགས་ཆེན་སྨན་སྤྲུལ་བསྐལ་བརྒྱར་འཚོ་བཞེས་གསོལ། །
 
༡༡༡ རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་དར་རྒྱས་རིན་པོ་ཆེ། །
 ཨེ་མ་ཧོཿ
 ཀ་དག་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །
 ལྷུན་གྲུབ་སྣང་བ་མི་བསྐྱོད་རྡོ་རྗེའི་གར། །
 རང་བྱུང་པདྨ་རིག་འཛིན་སྤྲུལ་པའི་སྐུ། །
 བསྟན་འཛིན་དར་རྒྱས་ཞབས་པད་བརྟན་གྱུར་ཅིག །
 
༡༡༢ ཀུན་དགའ་ཡེ་ཤེས་རིན་པོ་ཆེ།
ཨེ་མ་ཧོ། །
ཀུན་དགའ་བྱམས་བརྩེ་སྙིང་རྗེ་ཆེན་པོ་དང་། །
ཡེ་ཤེས་མཚུངས་མེད་ཤེས་བྱ་རབ་འབྱམས་མཁས། །
གངས་ཅན་རྒྱལ་སར་བཤད་སྒྲུབ་སྤེལ་བའི་མགོན། །
རྡོ་བྲག་རིན་ཆེན་ཞབས་པད་བསྐལ་བརྒྱར་སྨོན། །
 
༡༡༣ འབུམ་རམས་པ་དཔལ་ལྡན་མཁས་གྲུབ་རིན་པོ་ཆེ།
ཨེ་མ་ཧོ། །
ཚོགས་གཉིས་ཡེ་ཤེས་དཔལ་ལྡན་མཁས་གྲུབ་རྗེ། །
སྦས་པའི་རྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་པ། །
མན་ཤེལ་འོད་ཀྱིས་འགྲོ་ཁམས་གསོ་མཛད་པ། །
གནའ་དེང་རིག་པའི་རྒྱལ་པོ་ཞབས་བརྟན་ཤོག །
 
༡༡༤ བློ་བཟང་ཚེ་རིང་རིན་པོ་ཆེ།
ཨེ་མ་ཧོ། །
བཅོས་མིན་དད་པས་བླ་མར་སངས་རྒྱས་མཇལ། །
ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན། །
དད་བརྩོན་ཤེས་རབ་ལྡན་པའི་སློབ་བུ་མཆོག །
བློ་བཟང་ཚེ་རིང་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༡༡༥ བསོད་ནམས་དབང་ཆེན་རིན་པོ་ཆེ།
ཨེ་མ་ཧོ། །
བསོད་ནམས་རྟེན་འབྲེལ་བཟང་པོས་བསྟན་དང་མཇལ། །
དཔལ་ལྡན་དབང་ཆེན་དགྱེས་པའི་རྗེས་སུ་བཟུང་། །
ལུང་རྟོགས་བསྟན་པའི་དྲོགས་རྟགས་སྤེལ་མཛད་པ། །
སྙིང་གི་སློབ་མས་བསྟན་འགྲོར་སྨན་པར་ཤོག །
 
༡༡༦ མཁན་པོ་གུར་སྐྱབས་རིན་པོ་ཆེ།
ཨེ་མ་ཧོ། །
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
བླ་མ་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །
བཟང་པོ་སྤྱོད་པའི་སྨོན་ལམ་མངོན་བརྩོན་པའི། །
མཁན་པོ་གུར་སྐྱབས་བཞེད་དོན་མྱུར་འགྲུབ་ཤོག །
 
༡༡༧ རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
རྫོགས་པ་ཆེན་པོའི་ལྟ་བ་རང་ངོ་ཤེས། །
ཕྱག་རྒྱ་ཆེན་པོའི་སྒོམ་པའི་བདེ་ཆེན་རྒྱས། །
འདུལ་འཛིན་ཆེན་པོ་གནས་བརྟན་སྡེ་སྡོད་འཛིན། །
འཇམ་དཔལ་བསྟན་འཛིན་བཟང་པོ་ཞབས་བརྟན་ཤོག །
 
༡༡༨ སྤོབས་པ་མཐའ་ཡས་རིན་པོ་ཆེ།
ཨེ་མ་ཧོ། །
ཐ་སྙད་མ་འདྲིས་གསལ་གཟིགས་ཤེས་རབ་དང་། །
དོན་དམ་མཁའ་ལྟར་མཇལ་བའི་གཟུངས་སྤོབས་ཅན། །
ལེགས་ཉེས་འགྱེད་པའི་ནོར་བུ་ཀེ་ཏ་ཀ །
དགེ་ལུགས་སྤོབས་པ་མཐའ་ཡས་ཞབས་བརྟན་ཤོག །
 
༡༡༩ མཁན་པོ་དྲི་མེད་ཟླ་བ་རིན་པོ་ཆེ།
ཨེ་མ་ཧོ། །
འཇིག་རྟེན་ཤེས་བྱ་མཁྱེན་པའི་འབུམ་རམས་པ། །
དམ་ཆོས་དགོངས་པ་རྟོགས་པའི་མཁན་པོ་རྗེ། །
ཟུང་འཇུག་ཉམས་སུ་ལེན་པའི་རྣལ་འབྱོར་པ། །
མཁན་པོ་དྲི་མེད་ཟླ་བ་ཞབས་བརྟན་ཤོག །
 
༡༢༠ སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་རིན་པོ་ཆེ།
ཨེ་མ་ཧོ། །
བཤད་དང་སྒྲུབ་པའི་སློབ་དཔོན་ཚད་མཐར་ཕྱིན། །
བསོད་ནམས་ཡེ་ཤེས་ཚོགས་ལ་མངའ་དབང་འབྱོར། །
འབྲི་བསྟན་སྐྱབས་མགོན་རྣམ་པའི་ཡོངས་འཛིན་པ། །
སྒྲུབ་དཔོན་བསོད་ནམས་འབྱོར་འཕེལ་ཞབས་བརྟན་ཤོག །
 
༡༢༡ མཁའ་འགྲོ་ཆོས་སྒྲོན་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་དབྱིངས་ཀུན་ཏུ་བཟང་མོའི་སྒྱུ་འཕྲུལ་ལས། །
ལོངས་སྐུ་སྒྲ་དབྱངས་ལྷ་མོའི་མཁྱེན་བརྩེའི་བདག །
ཟབ་གཏེར་བསྟན་བདག་མཁའ་འགྲོ་ཆོས་ཀྱི་སྒྲོན། །
གསང་གསུམ་ཆོས་བདུན་ངོ་བོར་ཞབས་བརྟན་ཤོག །
 
༡༢༢ མཁའ་འགྲོ་དཔལ་ལྡན་ཆོས་སྒྲོན།
ཨེ་མ་ཧོ། །
བདེ་ཆེན་ཞིང་ཁམས་མངོན་སུམ་ཡིད་ཀྱིས་མཇལ། །
འགྲོ་དྲུག་ཀུན་ལ་མ་གཅིག་བུ་ལྟར་བརྩེ། །
སྲོག་སྡོག་གཟེར་བཞིས་སྒྲུབ་པའི་རྒྱལ་མཚན་གཙུགས། །
དཔལ་ལྡན་ཆོས་སྒྲོན་བཞེད་དོན་ལྷུན་གྲུབ་ཤོག །
 
༡༢༣ རྡོ་གྲུབ་རིན་པོ་ཆེ།
ཨོཾ་སྭ་སྟི། །
 ཀ་དག་ལྷུན་གྲུབ་རིག་པར་བྱང་ཆུབ་པའི། །
བརྒྱུད་པ་གསུམ་ལྡན་བླ་མ་བྱིན་རླབས་ཅན། །
སྔ་འགྱུར་བསྟན་པའི་བདག་པོ་སྐྱབས་རྗེ་མཆོག །
རྡོ་གྲུབ་རིན་ཆེན་ཞབས་པད་བརྟན་གྱུར་ཅིག །
 
༡༢༤ རྒྱལ་དབང་འབྲུག་ཆེན་རིན་པོ་ཆེ།
ཨེ་མ་ཧོཿ
མཁྱེན་རབ་རྨད་བྱུང་མདོ་སྔགས་དགོངས་དོན་འཛིན། །
 བརྩེ་ཆེན་དབང་ཕྱུག་འཕགས་ལམ་སྤྱོད་པ་སྐྱོང་། །
 ནུས་པས་རྒྱལ་བསྟན་བཤད་སྒྲུབ་ཡང་དག་སྤེལ། །
 འབྲུག་ཆེན་རྒྱལ་བའི་རྒྱལ་ཚབ་ཞབས་བརྟན་ཤོག །
 
༡༢༥ འབྲུག་རྒྱལ་ཡབ་ཡུམ་རིན་པོ་ཆེ།
ཨོཾ་སྭ་སྟི། །
 ཆོས་ཉིད་ངང་ལས་མ་འགག་སྙིང་རྗེའི་གར། །
 རིས་མེད་འགྲོ་བའི་དོན་དུ་བྱང་སེམས་ཆེ། །
 གཏོང་མིན་རྡོ་རྗེ་ལྟ་བུའི་དམ་ཚིག་ཅན། །
 འབྲུག་རྒྱལ་ཡབ་ཡུམ་རྣམ་གཉིས་ཞབས་བརྟན་ཤོག །
 
༡༢༦ མཁའ་འགྲོ་རིག་འཛིན་ཆོས་སྐྱིད་དབང་མོ།
ཨེ་མ་ཧོ། །
 བླ་མར་དད་གུས་མོས་པའི་ལས་འཕྲོ་སད། །
 བརྩེ་བའི་རིག་འཛིན་དྲན་པའི་ཕྱག་རྒྱ་མ། །
མཁྱེན་རབ་དཔལ་གྱིས་ཕྱུག་པའི་རིགས་བཟང་མས། །
 བཞེད་དོན་འབད་མེད་ལྷུན་གྱིས་འགྲུབ་པར་ཤོག །
 
༡༢༧ དཔལ་ཆེན་རྡོ་རྗེ་རིན་པོ་ཆེ། །
 ཨེ་མ་ཧོ། །
 དད་གུས་དག་སྣང་བླ་མར་སངས་རྒྱས་མཐོང་། །
 ཆགས་སྡང་རྨོངས་བྲལ་གྲུབ་མཐའ་ཕྱོགས་རིས་དབེན། །
 ཕན་བདེའི་ལེགས་ཚོགས་བྱང་སེམས་རིན་པོ་ཆེ། །
 དཔལ་ཆེན་རྡོ་རྗེའི་ཞབས་པད་བརྟན་གྱུར་ཅིག །
 
༡༢༨ ཨོ་བྷ་མ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱལ་ཁམས་སྲུང་སྐྱོབ་ཤེས་པའི་རྣམ་དཔྱོད་ཅན། །
ཞི་བདེའི་བརྩེ་བ་འགྱུར་མེད་དམ་ཚིག་ཅན། །
འགྲོ་བ་མི་གཤིས་བཟང་པོའི་སྲིད་འཛིན་པ། །
ཨོ་བྷ་རིན་ཆེན་འཛམ་གླིང་རྒྱན་དུ་ཤོག །
 
 ༡༢༩ འབྲུག་རྗེ་རིན་པོ་ཆེ།
ཨོཾ་སྭ་སྟི། །
 མཁྱེན་རབ་ཕུལ་བྱུང་སྐྱེས་སྦྱོང་ལང་ཚོ་ལྡན། །
 བརྩེ་བའི་སྙིང་རྗེ་ཆེན་པོས་ཀུན་ནས་འཛུམ། །
 མཐུ་སྟོབས་ནུས་པའི་དབང་ཕྱུག་འབྲུག་ཆེན་རྗེ། །
 འཇིགས་མེད་པདྨ་དབང་ཆེན་ཞབས་བརྟན་ཤོག །
 
༡༣༠ ཀརྨ་པ་ཞྭ་དམར་རིན་པོ་ཆེ།
ཨེ་མ་ཧོཿ
བདེན་པའི་རང་ཚུགས་མ་ཤོར་བསྟན་པ་འཛིན། །
ངན་སྨྲས་གླེང་བརྗོད་བྲལ་བས་གཞན་སེམས་སྐྱོང་། །
བཤད་སྒྲུབ་ཕྲིན་ལས་སྤེལ་བའི་ཀརྨ་པ། །
ཞྭ་དམར་རིན་ཆེན་ཞབས་པད་བརྟན་གྱུར་ཅིག །
 
༡༣༡ ཤངས་པ་རིན་པོ་ཆེ།
ཨེ་མ་ཧོཿ
སྐུ་ཡི་བཀྲ་ཤིས་སྐུ་ཚེ་ཞབས་པད་བརྟན། །
གསུང་གི་བཀྲ་ཤིས་གསུང་དབྱངས་ཆོས་སྒྲ་སྒྲོགས། །
ཐུགས་ཀྱི་བཀྲ་ཤིས་ཐུགས་རྗེའི་ཐབས་ཤེས་དཔལ། །
ཕྲིན་ལས་རབ་འབྱམས་འགྲོ་ཁམས་རྒྱན་དུ་ཤོག །
 
༡༣༢ རྗེ་བཙུན་ཨ་མ་ཨོ་རྒྱན་སྒྲོན་མ།
ཨེ་མ་ཧོཿ
 
དད་གུས་མི་ཕྱེད་འདུན་པས་སྐྱབས་སེམས་དང་། །
བླང་དོར་ཚུལ་བཞིན་མཛད་པའི་ཨ་མ་རྗེ། །
མི་ལོ་ཉེར་ལྔར་མཚམས་སྒྲུབ་ལེགས་མཛད་མ། །
མཁྱེན་བརྩེ་ནུས་པའི་ཡུམ་ཆེན་ཞབས་བརྟན་ཤོག །
 
༡༣༣  ཤེས་རབ་བཟང་པོ་རིན་པོ་ཆེ།
ཨེ་མ་ཧོ། །
ལོ་ཙྰའི་མཁྱེན་བརྩེ་ཉི་ཟླ་འདྲ་བའི་སྐུ། །
བསྟན་འགྲོའི་དོན་ཆེན་སྒྲུབ་པའི་ཤེས་རབ་ཅན། །
བཟང་པོའི་ཡོན་ཏན་ཀུན་ལྡན་དག་སྣང་གིས། །
རྨོངས་པའི་སྨག་ཆེན་བསལ་བའི་སྒྲོན་མེ་ཤོག །
 
༡༣༤ ལྷ་མོ་ཚེ་སྐྱིད་ལ་སྨོན་གསོལ། །
 
ཨེ་མ་ཧོ། །
ལྷ༵་དང་དཀོན་མཆོག་བདེན་པ་ཆེན་མོ༵འི། །
ཚེ༵་རིང་ནད་མེད་བདེ་སྐྱིད༵་ལྡན་ཞིང་། །
 འདི་ཕྱི་ཀུན་ཏུ་བསྟན་འགྲོར་སྨན་ནས། །
 གང་བསམ་ཡིད་བཞིན་འགྲུབ་པར་སྨོན་ནོ། །
 
༡༣༥ ཨ་ནེ་ཉི་མ་ཚེ་རིང་།
ཨེ་མ་ཧོ། །
ངེས་འབྱུང་རྣལ་མའི་སོར་ཐར་སྡོམ་པ་ལྡན། །
གཞན་ཕན་སྒྲུབ་པའི་བྱང་ཆུབ་སེམས་མཆོག་མངའ། །
སྣང་སྲིད་དག་མཉམ་སྒོམ་པའི་རྣལ་འབྱོར་མ། །
ཨ་ནེ་ཉི་མའི་སྐུ་ཚེ་བརྟན་པར་ཤོག །
 
༡༣༦ ལྷ་ལྕམ་ཚེ་རིང་བཟང་མོ།
ཨོཾ་སྭ་སྟི། །
སྐལ་བཟང་སྔ་འགྱུར་བསྟན་པའི་ཆོས་སྒོར་ཞུགས། །
ཡང་གསང་གདམས་པའི་བླ་མར་དད་གུས་ཅན། །
ཐབས་ཤེས་དྲང་བདེན་མཛད་པའི་མཛེས་མཛངས་མ། །
ཚེ་རིང་བཟང་མོའི་བསམ་དོན་ལྷུན་གྲུབ་ཤོག །
 
༡༣༧ སྲིད་སྐྱོང་བློ་བཟང་སེངྒེ་རིན་པོ་ཆེ།
ཨེ་མ་ཧོ། །
 འཛམ་གླིང་ཞི་བདེ་གླིང་པའི་ཕོ་ཉ་མཆོག །
གངས་ལྗོངས་བསྟན་སྲིད་འཛིན་པའི་དཔའ་བོ་ཆེ། །
རིགས་མཐུན་ཁ་བའི་རང་དབང་སྤེལ་མཛད་པའི། །
དབུ་མའི་རྒྱལ་རྒྱུད་བློ་བཟང་སེངྒེ་རྒྱལ། །
 
༡༣༨  ཀརྨ་དགེ་ལེགས་རིན་པོ་ཆེ།
ཨེ་མ་ཧོ། །
ཀརྨ་རྒྱུ་འབྲས་རྟེན་འབྱུང་ཚུལ་བཞིན་སྲུང་། །
དགེ་ལེགས་ཕུན་ཚོགས་ཡོན་ཏན་དཔལ་གྱིས་ཕྱུག །
བསྟན་སྲིད་རིག་གཞུང་འཛིན་སྐྱོང་སྤེལ་མཛད་པ། །
ཆོས་མཆེད་དམ་པའི་བར་ཆད་ཀུན་སེལ་ཤོག །
 
༡༣༩  ཤིང་བཟའ་རིན་པོ་ཆེ།
ཨེ་མ་ཧོ། །
འོད་དཀར་ཆོས་ཀྱི་སྣང་བས་ས་གསུམ་ཁྱབ། །                             
གངས་ཅན་བདེན་པའི་རང་བཞིན་གསལ་བོ་སྟོན། །                    
བསྟན་སྲིད་རིན་ཆེན་འཛིན་པའི་སྤྲུལ་པའི་སྐུ། །                                     
ཤིང་བཟའ་བླ་མའི་ཞབས་པད་བརྟན་གྱུར་ཅིག །
 
༡༤༠ མཁན་པོ་བསྟན་འཛིན་རྣམ་རྒྱལ་རིན་པོ་ཆེ།
ཨེ་མ་ཧོ། །
སྔ་འགྱུར་རྒྱལ་བའི་ཆོས་ཀྱི་སྒོར་ཞུགས་ཀྱང་། །
འགྲོ་མགོན་བཀའ་བརྒྱུད་བསྟན་པ་འཛིན་སྐྱོང་སྤེལ། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་ཕྱག་རྒྱ་ཆེའི། །
ཕྱོགས་ལས་རྣམ་རྒྱལ་འགྲོ་དོན་མཐར་ཕྱིན་ཤོག །
 
༡༤༡  མཁན་ཆེན་པདྨ་དབང་རྒྱལ་རིན་པོ་ཆེ།
ཨེ་མ་ཧོ། །
པདྨ་ཀ་རའི་རྒྱལ་ཚབ་དབང་གྱི་རྒྱལ། །
སྒྱུ་འཕྲུལ་གསང་བའི་བཀའ་བབས་རིག་པ་འཛིན། །
སྔ་འགྱུར་བསྟན་སྲིད་སྤེལ་མཛད་དགེ་བའི་བཤེས། །
མཁན་ཆེན་དམ་པའི་ཞབས་པད་བརྟན་གྱུར་ཅིག །
 
༡༤༢ མཁའ་འགྲོ་རིག་འཛིན་དབང་མོ་རིན་པོ་ཆེ།
ཨེ་མ་ཧོ། །
རིག་འཛིན་པན་ཆེན་བླ་མའི་སྐུ་ཡི་སྲས། །
ཟབ་རྒྱས་གདམས་ངག་གཏེར་མཛོད་གསུང་གི་དཔལ། །
བདེ་ཆེན་པདྨ་གར་གྱི་དབང་མོའི་ཐུགས། །
གངས་རིའི་མཁའ་འགྲོ་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༡༤༣ མཁན་ཆེན་འཆི་མེད་རིག་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
འཆི་མེད་རིག་འཛིན་བརྒྱུད་གསུམ་བླ་མའི་སྲོལ། །
མ་ནོར་ཉམས་སུ་བླངས་པའི་དགེ་བའི་བཤེས། །
ངེས་དོན་ཆོས་རྗེ་དམ་པའི་ཐུགས་ཀྱི་སྲས། །
མཁན་ཆེན་མཆོག་གི་བཞེད་དོན་ལྷུན་གྲུབ་ཤོག །
 
༡༤༤ མཁན་པོ་བསོ་དར་རྒྱས་རིན་པོ་ཆེ།
ཨེ་མ་ཧོ། །
བསོད་ནམས་ཡེ་ཤེས་ཆུ་གཏེར་བསྲུབས་པ་ལས། །
དར་རྒྱས་ཕུན་ཚོགས་ཕན་བདེའི་འོད་དཀར་ཅན། །
བསྟན་འགྲོར་དགེ་ལེགས་བསྐྲུན་པའི་ལོ་ཙྰ་བ། །
རྒྱ་བོད་མུན་སེལ་སྒྲོན་མེ་རྟག་སྣང་ཤོག །
 
༡༤༥  རྫོགས་ཆེན་སྐལ་བཟང་རིན་པོ་ཆེ། །
ཨེ་མ་ཧོ། །
སྙིགས་ལྔའི་ཉེས་པ་མུན་སྤྲིན་ལྟར་འཁྲིགས་ཀྱང་། །
ཐུགས་རྗེ་འོད་སྣང་ཕྲིན་ལས་ཀུན་ཁྱབ་ནས། །
ཡང་གསང་རྫོགས་ཆེན་བསྟན་པའི་སྐལ་བཟང་དཔལ། །
སྣང་སྲིད་རྒྱན་དུ་བཞུགས་པར་ཡང་ཡང་བསྐུལ། །
 
༡༤༦ མཁའ་འགྲོ་སྒྲོལ་དཀར་རིན་པོ་ཆེ།
ཨེ་མ་ཧོ། །
དཀོན་མཆོག་རྩ་གསུམ་རྒྱ་མཚོའི་ངོ་བོ་དག །
སྣང་སྲིད་རྣམ་དག་ཞིང་གི་རང་བཞིན་རྫོགས། །
ཐུགས་རྗེ་ཀུན་བཟང་དགྱེས་པའི་ཕྲིན་ལས་སྨིན། །
ཨ་ནེ་རྗེ་བཙུན་སྒྲོལ་དཀར་རྟག་འཚོ་ཤོག །
 
༡༤༧  པདྨ་ཀུན་དགའ་རིན་པོ་ཆེ།
ཨེ་མ་ཧོ། །
པདྨའི་ཐུགས་སྲས་ཀློང་ཆེན་དཔལ་སེངྒེ། །
འོད་གསལ་སྙིང་པོའི་བསྟན་པ་ལེགས་སྤེལ་བའི། །
ཀུན་བཟང་རྒྱལ་བའི་གདུང་སྲས་རིན་པོ་ཆེ། །
དགའ་རབ་རྡོ་རྗེ་གཉིས་པར་ཞབས་བརྟན་ཤོག །
 
༡༤༨ པདྨ་སྒྲོལ་མ་རིན་པོ་ཆེ། །
ཨེ་མ་ཧོ། །
པདྨ་དཀར་པོ་ལས་ལྷག་ལྷག་བསམ་ཅན། །
དུང་དཀར་རིན་ཆེན་ལས་ལྷག་བྱམས་བརྩེ་ཅན། །
འཁོར་ལོ་གསེར་བཟང་ལས་ལྷག་གཤིས་རྒྱུད་ཅན། །
ཤེས་རབ་ཕུན་ཚོགས་སྒྲོལ་མ་བཞུགས་གསོལ་འདེབས། །
 
༡༤༩ དར་ཐང་རིན་པོ་ཆེ།
ཨེ་མ་ཧོ། །
སྐྱེན་པོའི་དགེ་སློང་ཇི་བཞིན་རབ་ཏུ་བྱུང་། །
བོད་སྤྲུལ་མཆོག་ལས་རིག་པའི་རང་ངོ་འཕྲོད། །
སྔ་འགྱུར་བསྟན་པའི་སྨོན་ལམ་ཚོགས་ཆེན་གཙུགས། །
སྨོན་ལམ་གླིང་པའི་ཞབས་པད་བརྟན་གྱུར་ཅིག །
 
༡༥༠ ཁང་གསར་བསྟན་པའི་དབང་ཕྱུག་རིན་པོ་ཆེ།
ཨེ་མ་ཧོ། །
འཇམ་དཔལ་མཁྱེན་རབ་ཉི་མ་ཐུགས་ལ་འཁྲུངས། །
དབྱངས་ཅན་ངག་རིག་ཟླ་བའི་ཆོས་ཆར་འཇོ། །
གསང་ཆེན་ཕྱག་རྒྱའི་རྡོ་རྗེ་འཛིན་པའི་སྐུ། །
སྔ་འགྱུར་བསྟན་པའི་བླ་མ་ཞབས་བརྟན་ཤོག །
 
༡༥༡ མཁའ་འགྲོ་བདེ་ཆེན་དབང་མོ་རིན་པོ་ཆེ།
ཨེ་མ་ཧོ། །
བདེ་ཆེན་ཆོས་ཀྱི་དབང་མོའི་ཕྱག་རྒྱ་ཅན། །
གཡང་དགུའི་རིག་པའི་གཏེར་མཛོད་ཡིད་བཞིན་ནོར། ། ངེས་དོན་དབུ་མའི་བསྟན་སྲིད་འཛིན་མའི་དཔལ། །
མཁའ་འགྲོ་བདེ་ཆེན་དབང་མོ་སྐུ་ཚེ་བརྟན། །
 
༡༥༢ བན་བོན་གྱི་བླ་མ་རོང་ལེ་རིན་པོ་ཆེ། །
ཨོྃ་སྭྰ་སྟི། །
ཀུན་ཕན་གསོ་བྱེད་རིག་པའི་གནས་ལ་མཁས།།
གཞན་དོན་བྱམས་དང་སྙིང་རྗེའི་བདག་ཉིད་ཆེ།།
གཡུང་དྲུང་གཉུག་མའི་བསྟན་པ་འཛིན་པའི་རྗེ།།
བན་བོན་བླ་མ་རོང་ལེ་ཞབས་བརྟན་ཤོག།
 
༡༥༣ ཀུན་བཟང་རིག་རྩལ་རིན་པོ་ཆེ།
ཨེ་མ་ཧོ། །
ཀུན་བཟང་ཐུགས་ཀྱི་བསྟན་པ་འཛིན་པ་ལ། །
དགྱེས་རབ་རྡོ་རྗེས་བསྔགས་པས་ལུང་གིས་ཟིན། །
རིག་རྩལ་མངོན་སུམ་མཇལ་བའི་སྤྲུལ་པའི་སྐུ། །
ཀུན་དཔལ་བླ་མའི་སྐུ་ཚེ་བརྟན་པར་ཤོག །
 
༡༥༤ མར་པ་ཆོས་དབྱིངས་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་དབྱིངས་དེ་ཉིད་གཟིགས་པའི་རྣལ་འབྱོར་རྗེ། །
གསང་ཆེན་བླ་མེད་རྡོ་རྗེ་ཐེག་པའི་སྲོལ། །
ཇི་བཞིན་བྱིན་རླབས་མཛད་པའི་ཐུགས་རྗེ་ཅན། །
ནོར་ཕྱུག་རིན་ཆེན་བླ་མ་མྱུར་བྱོན་གསོལ། །
 
༡༥༥ རིག་པའི་ཁུ་བྱུག་རིན་པོ་ཆེ།
ཨེ་མ་ཧོ། །
རིག་པའི་གནས་ལ་མཁྱེན་པའི་བཀའ་སྲུང་མགོན། །
བཀའ་བསྟན་འཆད་རྩོད་རྩོམ་པའི་སྙིང་བརྩེ་ཅན། །
བོད་བརྒྱུད་དུང་བས་འཛིན་སྐྱོང་སྤེལ་མཛད་པ། །
སྔགས་འཆང་ཁུ་བྱུག་གཞོན་ནུ་སྐུ་ཚེ་བརྟན། །
 
༡༥༦ མཁན་ཆེན་བསོད་ནམས་ཚེ་རྒྱལ་རིན་པོ་ཆེ། །
ཨེ་མ་ཧོ། །
བསོད་ནམས་བཟང་པོས་སྔ་འགྱུར་བསྟན་པར་དད། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་རྨད་བྱུང་བས། །
ཚེ་རབས་ཀུན་ཏུ་རྒྱལ་བསྟན་འཛིན་པའི་སྲས། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
 
༡༥༧ འཁྲུལ་ཞིག་རིན་པོ་ཆེ།
ཨེ་མ་ཧོ། །
ནང་རྒྱུད་སྡེ་གསུམ་དགོངས་པའི་ཀློང་དུ་དཀྱིལ། །
འཁོར་འདས་རེ་དྭོགས་འཁྲུལ་བ་དབྱིངས་སུ་ཞིག །
བཀའ་གཏེར་ཟབ་དགུའི་སྨིན་གྲོལ་སྟེར་པའི་མགོན། །
སྐྱབས་རྗེ་འཁྲུལ་ཞིག་རིན་ཆེན་མྱུར་བྱོན་གསོལ། །
 
༡༥༨  གྲུབ་དབང་རིན་པོ་ཆེ།
ཨེ་མ་ཧོ། །
ལྔ་བརྒྱའི་གཙུག་རྒྱན་པན་ཆེན་བི་མ་ལ། །
གྲུབ་པའི་དབང་ཕྱུག་མཆོག་ཏུ་སྐུར་བཞེངས་པ། །
པདྨ་ནོར་བུའི་ཞབས་ལ་གསོལ་བ་འདེབས། །
ཐུགས་བྱིན་ཞིང་འདིར་ཕེབས་པའི་དངོས་གྲུབ་སྩོལ། །
 
༡༥༩ ཆོས་རྗེ་ཡིད་བཞིན་ནོར་བུ་རིན་པོ།
ཨེ་མ་ཧོ། །
ངག་དབང་བློ་གྲོས་མཚུངས་མེད་འཇམ་དཔལ་དབྱངས། །
འདྲེན་པའི་ཐུགས་དམ་འཇིགས་མེད་སྤྱན་རིས་གཟིགས། །
ཡོན་ཏན་ཕུན་ཚོགས་འབྱུང་གནས་རྡོ་རྗེ་འཛིན། །
རིགས་གསུམ་ཀུན་འདུས་བླ་མ་འབྲལ་མེད་ཤོག །
 
༡༦༠ བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེ།
ཨེ་མ་ཧོ། །
ཀ་དག་ཆོས་དབྱིངས་ངང་དུ་མངོན་སངས་རྒྱས། །
ལྷུན་གྲུབ་ཁྱབ་བརྡལ་རིག་པས་འགྲོ་དོན་མཛད། །
དོན་དམ་ཡེ་ཤེས་བླ་མ་རིན་པོ་ཆེར། །
གསོལ་བ་འདེབས་སོ་སྣང་བཞི་མཐར་ཕྱིན་ཤོག །
 
༡༦༡ མཁན་ཆེན་པདྨ་ཚེ་དབང་ལྷུན་གྲུབ་རིན་པོ་ཆེ། །
ཨེ་མ་ཧོ། །
པདྨ་ཀ་རའི་བསྟན་འཛིན་མཁས་གྲུབ་མཆོག །
ཚེ་དབང་ལྷུན་གྲུབ་རིག་འཛིན་བརྒྱུད་པའི་ཞལ། །
བདེ་ཆེན་ཕྱག་རྒྱའི་སྒྱུ་འཕྲུལ་སྣང་བའི་སྐུ། །
མཁན་ཆེན་པདྨ་ཚེ་དབང་གསོལ་བ་འདེབས། །
ཨོཾ་བཛྲ་གུ་རུ་པདྨ་སིདྡྷི་ཧྰུྃ། །
 
༡༦༢ མགོན་བླ་པདྨ་རིན་པོ་ཆེ། །
ཨེ་མ་ཧོ། །
བཀའ་བརྒྱད་བདེ་གཤེགས་འདུས་པའི་དཀྱིལ་འཁོར་དང་། །
གཏེར་ཆེན་བརྒྱུད་པའི་ཕྱག་བཞེས་མ་ཉམས་པར། །
ཚེ་དང་སྒྲུབ་པ་མཉམ་པའི་མགོན་བླ་མཆོག །
པདྨའི་རྒྱུད་འཛིན་ཆེན་པོར་གསོལ་བ་འདེབས། །
 
༡༦༣ མཁན་ཆེན་བསོད་ནམས་ཚེ་རིང་རིན་པོ་ཆེ།
ཨེ་མ་ཧོ། །
དཀོན་མཆོག་གསུམ་དངོས་རྒྱལ་བའི་རྒྱལ་སྲས་ཉིད། །
གསང་ཆེན་བསྟན་པའི་མགོན་དུ་ཡོངས་ཕེབས་པས། །
རྩ་རླུང་འཕྲུལ་འཁོར་གནས་ལ་བྱང་ཆུབ་པའི། །
མཁན་ཆེན་བསོད་ནམས་ཚེ་རིང་གསོལ་བ་འདེབས། །
 
༡༦༤ མཁན་ཆེན་འབྲུག་སྡེ་རིན་པོ་ཆེ།
ཨེ་མ་ཧོ། །
ཐུབ་བསྟན་འདུལ་བའི་ཚུལ་ཁྲིམས་རྣམ་པར་དག །
བྱང་ཆུབ་སེམས་དཔའི་བསམ་སྤྱོད་ཡོངས་སུ་རྫོགས། །
སྒྱུ་འཕྲུལ་སྙིང་པོའི་བསྐྱེད་རྫོགས་ཡོངས་སུ་སྨིན། །
མཁན་ཆེན་རྡོ་རྗེ་འཆང་དབང་ཞབས་བརྟན་ཤོག །
 
༡༦༥  མཁན་ཆེན་དབང་སྡེ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱལ་བསྟན་རྩ་བ་འདུལ་སྡོམ་རྨིང་ནས་གསོས། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་རྒྱལ་མཚན་བསྒྲེངས། །
རྡོ་རྗེ་ཕུར་བའི་གསང་གསུམ་མངོན་གྱུར་པའི། །
གྲུབ་ཆེན་ཐང་རྒྱལ་གཉིས་པར་གསོལ་བར་འདེབས། །
 
༡༦༦ མཁན་ཆེན་དབང་ལོ་རིན་པོ་ཆེ།
ཨེ་མ་ཧོ། །
མི་བརྗེད་གཟུངས་ཐོབ་སྒྱུ་འཕྲུལ་སྙིང་པོའི་དོན། །
འཛིན་སྐྱོང་སྤེལ་བའི་ཕྲིན་ལས་ཟླ་བྲལ་བའི། །
མཁས་གྲུབ་གཉིས་ལྡན་འཕགས་བོད་འདྲེན་པ་མཆོག །
མཁན་ཆེན་གར་གྱི་དབང་ཕྱུག་གསོལ་བ་འདེབས། །
 
༡༦༧ མཁན་ཆེན་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ། །
ཨེ་མ་ཧོ། །
འཇིགས་མེད་གཟུངས་སྤོབས་བློ་གྲོས་གཏེར་ལ་དབང་། །
སྲིད་ཞིའི་རྣམ་རྒྱལ་མཁྱེན་བརྩེ་ནུས་པའི་བདག །
གསང་ཆེན་བླ་མེད་སྦས་པའི་རྣལ་འབྱོར་པ། །
ངེས་དོན་ཆོས་ཀྱི་རྒྱལ་པོ་གསོལ་བ་འདེབས། །
 
༡༦༧ རྩེ་བའི་མཁའ་འགྲོ་རིན་པོ་ཆེ།
ཨེ་མ་ཧོ། །
དུས་གསུམ་མཁྱེན་པའི་འཁོར་འདས་གསལ་གཟིགས་པ། །
རྗེ་བཙུན་སྒྲོན་དཀར་བསམ་བཞིན་སྤྲུལ་པའི་གར། །
འདི་ཕྱིའི་བར་མཚམས་མངོན་སུམ་ལུང་བསྟན་པའི། །
རིག་འཛིན་མཁའ་སྤྱོད་དབང་མོས་རྟག་སྐྱོབ་མཛོད། །
 
༡༦༨ མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
ཚུལ་ཁྲིམས་རྣམ་དག་འདུལ་འཛིན་དགེ་སློང་མཆོག །
སྙིང་རྗེ་བྱང་སེམས་བསྟན་འཛིན་རྒྱལ་བའི་སྲས། །
གསང་ཆེན་དེ་ཉིད་མངོན་རྟོགས་པའི་མཁན་པོ་རྗེ། །
ཞི་བདེའི་དེད་དཔོན་དམ་པར་གསོལ་བ་འདེབས། །
 
༡༦༩ འཇམ་དབྱངས་བློ་གྲོས་རིན་པོ་ཆེ།
ཨེ་མ་ཧོ། །
འཇམ་དཔལ་དབྱངས་དངོས་བླ་མའི་ཐུགས་རྗེ་མཐུས། །
སྙན་འཇེབས་ངག་གི་དབང་ཕྱུག་མགྲིན་པར་བཞད། །
བློ་གྲོས་རིག་པའི་སྒོ་བརྒྱས་འགྲོ་ཁམས་འདྲེན། །
སྒྱུ་རྩལ་དམ་པའི་བཞེད་དོན་མྱུར་འགྲུབ་ཤོག །
 
༡༧༠ མཁན་ཆེན་ཤེས་བྱ་རིན་པོ་ཆེ།
ཨེ་མ་ཧོ། །
སྙིང་རྗེ་ཆེན་པོས་འཛུམ་པའི་ཞལ་རིས་ཅན། །
ཤེས་རབ་ཆེན་པོས་རིག་གནས་མ་ལུས་མཁྱེན། །
བསྟན་འགྲོར་ཕན་བདེ་ཁོ་ནར་རྟག་བརྩོན་པའི། །
སྨིན་གླིང་མཁན་ཆེན་དམ་པ་ཞབས་བརྟན་ཤོག །
 
༡༧༡ མཁན་ཆེན་ཡེ་ཤེས་རྒྱ་མཚོ་རིན་པོ་ཆེ།
ཨེ་མ་ཧོ། །
ཨེ་ཝྃ་སྒྱུ་འཕྲུལ་སྙིང་པོའི་དགོངས་དོན་རྟོགས། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་དཔལ་འབར་བའི། །
མཁས་གྲུབ་ཡེ་ཤེས་རྒྱ་མཚོའི་སྤྱོད་པ་ཅན། །
ཟླ་རྒྱུད་ཨ་རིག་མཁན་ཆེན་ཞབས་བརྟན་གསོལ། །
 
༡༧༢ མཁན་ཆེན་ཚུལ་ཁྲིམས་རྣམ་དག་རིན་པོ་ཆེ།
ཨེ་མ་ཧོ། །
ཚུལ་ཁྲིམས་རྣམ་དག་འདུལ་ལུང་བཞིན་དུ་མཛད། །
ཏིང་འཛིན་གསལ་དག་ཕྱག་རྒྱ་ཆེན་པོ་སྒོམ། །
ཤེས་རབ་ཡང་དག་རྫོགས་ཆེན་ལེགས་རྟོགས་པའི། །
བསླབ་གསུམ་བསྟན་པའི་རྒྱལ་མཚན་ཞབས་བརྟན་ཤོག །
 
༡༧༣ མཁའ་འགྲོ་རྣམ་གསལ་སྒྲོལ་མ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱལ་དབང་གོང་མ་ནས་བཟུང་ཆོས་སྲུང་མཆོག །
གདོད་མའི་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི། །
ངེས་དོན་ཇི་བཞིན་རྟོགས་པའི་མཁའ་འགྲོ་མ། །
རྣམ་གསལ་སྒྲོལ་མ་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༡༧༤ ཞེ་ཆེན་རྒྱལ་ཚབ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱལ་དབང་པདྨ་ཀ་རའི་རྒྱལ་ཚབ་མཆོག །
བསམ་བཞིན་སྲིད་པར་བཟུང་བའི་ཐུགས་རྗེ་ཅན། །
སྔ་འགྱུར་བསྟན་པའི་བཤད་སྒྲུབ་ཕྲིན་ལས་དཔལ། །
འཛིན་སྐྱོང་སྤེལ་བའི་སྐྱབས་མགོན་ཞབས་བརྟན་ཤོག །
 
༡༧༥ མཁན་ཆེན་པདྨ་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
བྱམས་བརྩེ་ཆེན་པོས་ཨ་མའི་དྲིན་ལས་འཇལ། །
ཤེས་རབ་ཟབ་མོས་མདོ་སྔགས་དགོངས་དོན་མཁྱེན། །
དམ་ཆོས་ཚུལ་བཞིན་མཛད་པའི་བླ་མ་མཆོག །
པདྨ་བསྟན་འཛིན་བཞེད་དོན་ལྷུན་གྲུབ་ཤོག །
 
༡༧༦ མཁན་ཆེན་པདྨ་རྡོ་རྗེ་རིན་པོ་ཆེ། །
ཨེ་མ་ཧོ། །
མཁས་བཙུན་བཟང་པོའི་འོད་སྟོང་ནམ་མཁར་ཤར།། །
འཆད་རྩོད་རྩོམ་པའི་འོད་སྣང་ཕྱོགས་ཀུན་ཁྱབ། །
བསྙེན་སྒྲུབ་ཕྲིན་ལས་ཕན་བདེའི་དཔལ་འབར་བའི། །
མཁན་ཆེན་པདྨ་རྡོ་རྗེ་ཞབས་བརྟན་ཤོག །
 
༡༧༧ མཁན་ཆེན་རྣམ་གྲོལ་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་རྗེ་དམ་པའི་ཐུགས་སྲས་རྣམ་གྲོལ་སྐུ། །
མདོ་སྔགས་ཟབ་རྒྱས་གདམས་ངག་འཆད་པའི་གསུང་། །
ཡང་གསང་རྫོགས་ཆེན་མངོན་སུམ་རྟོགས་པའི་ཐུགས། །
མཁན་ཆེན་རྣམ་གྲོལ་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༡༧༨ མཁན་ཆེན་ཁྱབ་བརྡལ་རིན་པོ་ཆེ།
ཨེ་མ་ཧོ། །
ཡུམ་ཆེན་ཤེས་ཕྱིན་དགོངས་དོན་ཇི་བཞིན་གཟིགས། །
བདེ་ཆེན་ཕྱག་རྒྱའི་དངོས་གྲུབ་དོན་གྱིས་མྱང་། །
རྫོགས་ཆེན་བསྟན་པ་ཁྱབ་བརྡལ་སྤེལ་བའི་མགོན། །
མཁན་ཆེན་དམ་པའི་འགྲོ་དོན་མཐར་ཕྱིན་ཤོག །
 
 
༡༧༩ མཁན་ཆེན་རྡོ་རྗེ་བཀྲ་ཤིས་རིན་པོ་ཆེ།
ཨེ་མ་ཧོ། །
བཀའ་གཏེར་དམ་པའི་ལུང་གིས་རབ་ཏུ་ཟིན། །
གཞུང་ཆེན་བཅུ་གསུམ་ཐུགས་ཀྱི་དཔལ་དུ་ཤར། །
རྫོགས་ཆེན་སློབ་གྲྭའི་བཤད་སྒྲུབ་ཕྲིན་ལས་ཅན། །
མཁན་ཆེན་རྡོ་རྗེ་བཀྲ་ཤིས་ཞབས་བརྟན་ཤོག །
 
༡༨༠ སློབ་དཔོན་བཀྲ་ཤིས་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
རྒྱ་བརྒྱུད་བསྟན་པའི་དགེ་སློང་སློབ་མཐར་ཕྱིན། །
བོད་བརྒྱུད་ཆོས་ཀྱི་བཅུ་ཕྲག་རིག་པར་མཁས། །
ལུང་རྟོགས་བཤད་སྒྲུབ་མཛད་པའི་ཕྲིན་ལས་ཅན། །
སློབ་དཔོན་བཀྲ་ཤིས་རྡོ་རྗེ་ཞབས་བརྟན་ཤོག །
 
༡༨༡ མཁན་པོ་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད། །
ལུང་རྟོགས་བཤད་སྒྲུབ་སྤེལ་བའི་རང་བཞིན་ཅན། །
འགྲོ་རྣམས་སྐྱོབ་པའི་ཐུགས་རྗེ་མཚུངས་མེད་པ། །
མཁན་པོ་མཆོག་ཉིད་བསྐལ་བརྒྱར་འཚོ་བཞེས་གསོལ། །
 
༡༨༢ སྤྲུལ་སྐུ་འཇམ་བློ་རིན་པོ་ཆེ།
ཨེ་མ་ཧོ། །
སྒྱུ་འཕྲུལ་སྙིང་པོའི་དེ་ཉིད་མངོན་སུམ་རྟོགས། །
བྱང་ཆུབ་སྤྱོད་འཇུག་མཛད་པའི་ཕྲིན་ལས་སྐྱོང་། །
འཇམ་མགོན་བླ་མའི་དགོངས་པ་དང་མཉམ་པའི། །
སྤྲུལ་སྐུ་འཇམ་བློའི་བཞེད་དོན་ལྷུན་གྲུབ་ཤོག །
 
༡༨༣ མཁའ་འགྲོ་ཀུན་བཟང་དབང་མོ་རིན་པོ་ཆེ།
ཨེ་མ་ཧོ། །
ནམ་མཁའ་འཇིགས་མེད་སྐུ་ཡི་སྲས་མོ་མཆོག །
སྒྲ་དབྱངས་ལྷ་མོའི་གསུང་གི་བདེན་ཚིག་ཅན། །
རིག་འཛིན་རྣམ་བཞིའི་ཐུགས་རྗེར་སྨིན་གྲོལ་མ། །
ཀུན་བཟང་དབང་མོ་གཏེར་ཆོས་རྒྱན་དུ་བཞུགས། །
 
༡༨༤ མཁན་ཆེན་འབུམ་པ་རིན་པོ་ཆེ།
ཨེ་མ་ཧོ། །
ཀ་དག་ཁྲེགས་ཆོད་ལྟ་བའི་དགོངས་དོན་རྟོགས། །
ལྷུན་གྲུབ་ཐོད་རྒལ་རིག་པ་ཚད་དུ་ཕེབས། །
ཡང་གསང་རྫོགས་ཆེན་སྟོན་པའི་བླ་མ་མཆོག །
མཁན་ཆེན་འབུམ་པའི་ལམ་འབྲས་རྒྱལ་གྱུར་ཅིག །
 
 
༡༨༥ མཁན་ཆེན་མུན་སེལ་རིན་པོ་ཆེ།
ཨེ་མ་ཧོ། །
རྣམ་སྨིན་རིག་འཛིན་སྤྲུལ་སྐུས་མུན་པ་སེལ། །
ཚེ་དབང་རིག་འཛིན་རང་སྣང་དག་པར་སྦྱང་། །
ཕྱག་ཆེན་རིག་འཛིན་བདེ་སྟོང་མངོན་གྱུར་པའི། །
ལྷུན་གྲུབ་རིག་འཛིན་རྒྱལ་པོ་གསོལ་བ་འདེབས། །
ཨོཾ་གུ་རུ་ཛྙྰ་ན་ཨ་ལོ་ཀེ་སིདྡྷི་ཧྰུྃ། །
 
 ༡༨༦ སྤྲུལ་སྐུ་ཕུར་པ་རིན་པོ་ཆེ།
ཨེ་མ་ཧོ། །
སྤྲུལ་སྐུའི་མཛད་པ་ལུང་རྟོགས་བསྟན་པ་འཛིན། །
ལོངས་སྐུའི་སྣང་བ་ཟབ་གཏེར་གདམས་པ་སྐྱོང་། །
ཆོས་སྐུའི་དགོངས་པ་ཡེ་ཤེས་བླ་མ་སྤེལ། །
གསང་ཆེན་ཕུར་པ་རིན་ཆེན་གསོལ་བ་འདེབས། །
 
༡༨༧ གྲུབ་དབང་ཀརྨ་ཆོས་འཕེལ་རིན་པོ་ཆེ།
ཨེ་མ་ཧོ། །
འཁོར་འདས་ཞེན་ཆགས་ཁྲེགས་ཆོད་ལྟ་བས་བཅད། །
རང་གཞན་འདོད་ཡོན་ཐོད་རྒལ་རྒྱན་དུ་ཤར། །
ཚེ་གཅིག་སྨིན་གྲོལ་ཐོབ་པའི་གྲུབ་དབང་རྗེ། །
ཀརྨ་ཆོས་འཕེལ་ཞབས་ལ་གསོལ་བ་འདེབས། །
 
 
༡༨༨ འཇུ་རྣམ་རྒྱལ་རྒྱ་མཚོ་རིན་པོ་ཆེ།
ཨེ་ཀྱེ་ཧོ། །
ཕན་དང་བདེ་དགའ་མ་ལུས་འགྲོ་ལ་བསྔོས། །
གནོད་དགུ་ཉེས་པའི་དཔུང་ཚོགས་བདག་གིར་བཞེས། །
རྒྱལ་བསྟན་ཚུལ་བཞིན་འཛིན་པའི་སྤྲུལ་པའི་སྐུ། །
རྣམ་རྒྱལ་རྒྱ་མཚོའི་བར་ཆད་ཀུན་སེལ་ཤོག །
 
༡༨༩ རྣམ་མཁྱེན་ཆོས་སྒྲོན་རིན་པོ་ཆེ།
ཨེ་མ་ཧོ། །
རྣམ་མཁྱེན་རྒྱལ་བའི་བསྟན་ལ་མཆོག་ཏུ་དད། །
མི་ལོ་ཉེར་ལྔར་རེག་པའི་ཟས་སྤོང་ཞིང་། །
ཆོས་བཞིན་སྒྲུབ་པའི་དཀའ་སྤྲད་བདག་གིས་བཞེས། །
སྲིད་པའི་སྒྲོན་མེ་རིན་ཆེན་ཞབས་བརྟན་གསོལ། །
 
༡༩༠ སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ།
ཨེ་མ་ཧོ། །
འདུལ་ཁྲིམས་ལྡན་པའི་དགེ་སློང་རྡོ་རྗེ་འཛིན། །
བྱང་གཏེར་ཟབ་དགུའི་གདམས་པའི་སྲོལ་རྒྱུན་སྐྱོང་། །
སྔ་འགྱུར་བཤད་སྒྲུབ་བསྟན་པ་སྤེལ་བའི་མགོན། །
རྩེ་སྤྲུལ་རིན་ཆེན་བསྐལ་བརྒྱར་འཚོ་བཞེས་གསོལ། །
 
༡༩༡ དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ།
ཨེ་མ་ཧོ། །
མཁན་སློབ་ཆོས་རྒྱལ་བརྒྱུད་པའི་བཀའ་གཏེར་བདག །
མཁྱེན་བརྩེ་ནུས་སྟོབས་མཚུངས་མེད་གུ་རུ་རྗེ། །
འཇིག་རྟེན་ཆོས་བརྒྱད་གྲགས་པས་མ་གོས་པའི། །
ཀུན་དགའ་དར་རྒྱས་བསྟན་འགྲོའི་དཔལ་དུ་སྨོན། །
 
༡༩༢ དགེ་ལྡན་ཁྲི་རབས་རིན་པོ་ཆེ།
ཨེ་མ་ཧོ། །
རྣམ་དག་བསླབ་པའི་ནོར་འཛིན་རབ་ཏུ་བརྟན། །
ཐོས་བསམ་སྒོམ་པའི་ཆུ་ལུད་དྲོད་བསིལ་འཛོམས། །
རིམ་གཉིས་ལོ་ཏོག་འབྲུ་དྲུག་ཡོངས་སྨིན་པའི། །
འབྲས་ལྡན་ཁྲི་རབས་བརྒྱ་རྩ་དགོངས་རྫོགས་ཤོག །
 
༡༩༣ མཁན་ཆེན་ངག་དབང་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
ངག་དབང་མཁྱེན་རབ་ཉི་མ་ཐུགས་ལ་ཤར། །
དབྱངས་ཅན་དུང་གི་ཟླ་བའི་བརྩེ་ཆེན་རྒྱས། །
དཔལ་ལྡན་རྒྱུ་སྐར་རིག་པའི་རྡོ་རྗེ་འཆང་། །
ཇོ་ནང་མཁན་ཆེན་དམ་པ་ཞབས་བརྟན་ཤོག །
 
༡༩༤ སྒྲུབ་དཔོན་བསམ་གཏན་རིན་པོ་ཆེ།
ཨེ་མ་ཧོ། །
ཤེས་རབ་སྙིང་རྗེ་རིག་པའི་གནད་གསང་རྟོགས། །
སྒྲུབ་བརྒྱུད་དམ་པའི་དགོངས་དོན་ལེགས་སྤྱོད་པའི། །
སྐྱོབ་པ་འཇིག་རྟེན་གསུམ་མགོན་སྤྲུལ་པ་མཆོག །
སྒྲུབ་དཔོན་བསམ་གཏན་བསྐལ་བརྒྱར་འཚོ་བཞེས་གསོལ། །
 
༡༩༥ གཅོད་པ་རྡོ་རྗེ་དོན་གྲུབ་རིན་པོ་ཆེ།
ཨེ་མ་ཧོ། །
ཕྱི་ནང་གཟུང་འཛིན་འཁྲུལ་བའི་བདུད་ལས་རྒྱལ། །
ངེས་དོན་རྡོ་རྗེ་ཐེག་པའི་གདམས་ངག་ཅན། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་འཁོར་སྒྱུར་པ། །
རང་གཞན་དོན་གྲུབ་རིན་ཆེན་གསོལ་བ་འདེབས། །
 
༡༩༦ པན་ཆེན་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་སྐུ་སྣང་བ་མཐའ་ཡས་སྒྱུ་འཕྲུལ་གར། །
ལོངས་སྐུ་འཇིག་རྟེན་དབང་ཕྱུག་སྤྲུལ་པའི་སྐུ། །
པན་ཆེན་ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས། །
བསྟན་འགྲོའི་དོན་ཆེན་འགྲུབ་པའི་དངོས་གྲུབ་སྩོལ། །
 
༡༩༧ མཁན་ཆེན་ཐོས་ལྡན་རིན་པོ་ཆེ།
ཨེ་མ་ཧོ། །
ཡུམ་ཆེན་རྒྱལ་བའི་དགོངས་པའི་བཀའ་གནད་དང་། །
གསང་ཆེན་རྡོ་རྗེ་ཐེག་པའི་དེ་ཉིད་མཇལ། །
ངེས་དོན་རྫོགས་ཆེན་མཁན་པོ་རྒྱལ་བའི་སྲས། །
གཞན་ཕན་མཐའ་ཡས་འོད་ཟེར་ཀུན་ཁྱབ་ཤོག །
 
༡༩༨ མཁན་པོ་ཀུན་སྨོན་རིན་པོ་ཆེ།
ཨེ་མ་ཧོ། །
ཀུན་བཟང་རྒྱལ་བའི་བསྟན་པར་ཐོས་བསམ་སྒོམ། །
བཟང་པོ་སྤྱོད་པའི་སྨོན་ལམ་མཛད་པ་ཅན། །
དམ་ཆོས་ལམ་བཟང་ཚུལ་བཞིན་སྒྲུབ་པའི་མཆེད། །
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག །
 
༡༩༩ རྩིས་པ་གུ་རུ་རིན་པོ་ཆེ།
ཨེ་མ་ཧོ། །
ཤེས་བྱའི་རྣམ་གྲངས་རིག་པའི་ཐབས་ཀྱིས་རྩིས། །
ཕྱི་ནང་གསང་བའི་བླང་དོར་ལེགས་སྟོན་པའི། །
དབྱངས་ཆར་མཁས་གྲུབ་རྒྱ་མཚོའི་མཁྱེན་བརྩེ་བདག །
སློབ་དཔོན་དུས་ཀྱི་འཁོར་ལོ་རྒྱལ་གྱུར་ཅིག །
 
༢༠༠ མགོན་པོ་རྡོ་རྗེ་རིན་པོ་ཆེ།
ཨེ་མ་ཧོ། །
གནས་ལྔ་རིག་པའི་གཞུང་ལ་ཤིན་ཏུ་མཁས། །
ཕྱིན་དྲུག་སྤྱོད་པའི་མཛད་པ་རབ་ཏུ་བཙུན། །
ཆོས་བདུན་ངོ་བོར་བཞུགས་པ་ཀུན་ཏུ་བཟང་། །
འཇུ་རིགས་མཁས་གྲུབ་དམ་པ་ཞབས་བརྟན་ཤོག །
 
༢༠༡ རྩིས་པ་སྐྱབས་མགོན་རིན་པོ་ཆེ།
ཨེ་མ་ཧོ། །
པྲ་རྩིས་བླང་དོར་སྟོན་པར་བྱང་ཆུབ་ནས། །
ཆོས་སྨན་ཕན་བདེས་འགྲོ་བའི་དོན་མཛད་པའི། །
ཀུན་ཤེས་རིག་པའི་རྩིས་པ་སྐྱབས་མགོན་ཉིད།
བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྲུབ་ཤོག །
 
༢༠༢ འཇམ་དཔལ་ལེགས་བཤད་རིན་པོ་ཆེ།
ཨེ་མ་ཧོ། །
འཇམ་དཔལ་ངག་གི་དབང་པོ་སྤྲུལ་པའི་སྐུ། །
ལེགས་བཤད་གདམས་པའི་གཏེར་མཛོད་རིག་པ་འཛིན། །
གསང་ཆེན་ཆོས་ཀྱི་ཉི་མ་གསལ་མཛད་པའི། །
སྔགས་འཆང་རྡོ་རྗེ་དཔལ་བཟང་ཞབས་བརྟན་ཤོག །
 
༢༠༣ གསང་ཡུམ་བཀྲ་ཤིས་སྒྲོལ་མ་རིན་པོ་ཆེ།
ཨེ་མ་ཧོ། །
བཀྲ་ཤིས་ཚེ་རིང་མཆེད་ལྔ་བསྟན་སྐྱོང་དང་། །
རྗེ་བཙུན་སྒྲོལ་མ་ཉེར་གཅིག་ཡི་དམ་ལྷ། །
མཁའ་འགྲོ་དམ་ཅན་བཛྲ་ཝ་ར་ཧི། །
ཡུམ་ཆེན་གསང་གསུམ་ཀུན་འདུས་ཞབས་བརྟན་ཤོག །
 
༢༠༤  བཤད་སྒྲུབ་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
བྱིས་པའི་དུས་སུ་རྡོ་ལ་ཞབས་རྗེས་བཞགས། །
གྲུབ་དབང་བླ་མས་ངོས་འཛིན་མཁན་ཆེན་དཔལ། །
ལུང་རྟོགས་བཤད་སྒྲུབ་ཕྲིན་ལས་སྤེལ་མཛད་པའི། །
བསྟན་འཛིན་དམ་པའི་སྐུ་ཚེ་བརྟན་པར་ཤོག །
 
༢༠༥ བསྐལ་བཟང་རྣམ་འདྲེན་རིན་པོ་ཆེ།
ཨེ་མ་ཧོ། །
བསྐལ་བཟང་རྒྱལ་བསྟན་འཛིན་པའི་ལྷག་བསམ་ཅན། །
རྣམ་འདྲེན་བཤད་སྒྲུབ་སྐྱོང་མཛད་དགེ་བའི་བཤེས། །
ཕན་བདེ་ཀུན་སྤེལ་སྙན་ངག་མཁན་ཆེན་ཉིད། །
སྐུ་ཚེ་བརྟན་ཅིང་བཤད་དོན་མྱུར་འགྲུབ་ཤོག །
 
༢༠༦ བྱམས་བཟང་རིན་པོ་ཆེ།
ཨེ་མ་ཧོ། །
བྱམས་པ་མགོན་པོའི་དགོངས་དོན་ཇི་བཞིན་རྟོགས། །
བཟང་པོ་སྤྱོད་པའི་སྨོན་ལམ་མཛད་པ་ཅན། །
ཚེ་དང་སྒྲུབ་པ་མཉམ་པའི་བླ་མ་རྗེ། །
གསང་གསུམ་ནམ་ཡང་ཉམས་པར་མེད་གྱུར་ཅིག །
 
༢༠༧ ཨ་ཁྱུག་རིན་པོ་ཆེ།
ཨེ་མ་ཧོ། །
ཀ་དག་ཆོས་ཟད་དགོངས་པ་ཀློང་དུ་དག །
ལྷུན་གྲུབ་སྒྱུ་འཕྲུལ་དཀྱིལ་འཁོར་ཡོངས་རྫོགས།།
ཟུང་འཇུག་རིག་པའི་ཡེ་ཤེས་སྨིན་གྲོལ་བ། །
ལུང་རྟོགས་བསྟན་པའི་རྒྱལ་མཚན་རྒྱལ་གྱུར་ཅིག །
ཨོཾ་ཛྙྰ་ན་གུ་རུ་བི་ཛ་ཡནྟུ། །
 
༢༠༨ དིལ་མགོའི་མཁྱེན་བརྩེ་རིན་པོ་ཆེ།
ཨེ་མ་ཧོ། །
ངོ་བོ་ཀ་དག་གནས་ལུགས་རང་ས་དག །
རང་བཞིན་ལྷུན་གྲུབ་སྐུ་དང་ཞིང་ཁམས་རྫོགས། །
ཐུགས་རྗེ་ཀུན་ཁྱབ་དབྱིངས་རིག་ལེགས་སྨིན་པའི། །
དིལ་མགོའི་མཁྱེན་བརྩེའི་ཞབས་ལ་གསོལ་བ་འདེབས། །
ཨོཾ་ཛྙྰ་ན་གུ་རུ་བིརྱ་དྷ་ར་སིདྡྷི་ཧྰུྃ། །
 
༢༠༩ཁུ་ནུའི་བསྟན་འཛིན་རིན་པོ་ཆེ།
ཨེ་མ་ཧོ། །
སྙིང་རྗེ་བྱང་ཆུབ་སེམས་ལ་མངའ་དབང་འབྱོར། །
ཤེས་རབ་བཅུ་ཕྲག་རིག་པའི་མཁྱེན་རྒྱ་ཡངས། །
གསང་ཆེན་དེ་ཉིད་རྟོགས་པའི་མཁས་གྲུབ་རྗེ། །
ཁུ་ནུ་བླ་མས་དུས་ཀུན་སྐྱོབ་པར་མཛོད། །
ཨོཾ་གུ་རུ་བཛྲ་སིདྡྷི་ཧྰུྃ། །
 
༢༡༠སྟག་ལྗོངས་འཆི་མེད་རིན་པོ་ཆེ།
ཨེ་མ་ཧོ། །
འཆི་མེད་རིག་འཛིན་བརྒྱུད་པའི་བྱིན་རླབས་དང་། །
ཡི་དམ་མཁའ་འགྲོ་ཆོས་སྐྱོང་བདེན་སྟོབས་ཀྱིས། །
ཕན་བདེའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ཡི། །
འཆི་མེད་སྟག་ལྗོངས་བསྐལ་བརྒྱར་ཞབས་བརྟན་ཤོག །
 
༢༡༡ ཨ་ནེ་ཆོས་དབྱིངས་སྒྲོལ་མ་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་དབྱིངས་སྐྱེ་མེད་དབྱིངས་མ་གཡོས་ཀྱང་། །
ཆོས་ཀྱི་སྒྲ་དབྱངས་སྙན་ངག་གླུ་རུ་འགུགས། །
ཆོས་མཛད་སྒྲོལ་མའི་སྡེ་དགོན་གསར་དུ་བསྐྲུན། །
ཨ་ནེ་རིན་ཆེན་གསང་གསུམ་བདེ་བར་སྨོན། །
 
༢༡༢ མཁན་ཆེན་བསོད་ནམས་འོད་ཟེར་རིན་པོ་ཆེ།
ཨེ་མ་ཧོ། །
ངེས་འབྱུང་རྣལ་མའི་ནོར་འཛིན་ཡོངས་པ་རུ། །
བྱང་ཆུབ་སེམས་ཀྱི་དཔག་བསམ་ལྗོན་བཟང་འཁྲུངས། །
གསང་ཆེན་སྒྱུ་འཕྲུལ་འབྲས་བུ་ལེགས་སྨིན་པའི། །
མཁན་ཆེན་བསོད་ནམས་འོད་ཟེར་ཞབས་བརྟན་ཤོག །
 
༢༡༣ ཨ་ཁུ་ཆོས་དབྱིངས་རིན་པོ་ཆེ།
ཨེ་མ་ཧོ། །
ཆོས་བརྒྱད་རེ་དོགས་མུན་པ་དབྱིངས་སུ་སངས། །
ཆོས་ཉིད་བདེན་པའི་རང་བཞིན་གསལ་མཛད་པའི། །
ཆོས་པ་ཡང་དག་བྱ་བྲལ་རྣལ་འབྱོར་པ། །
ཨ་ཁུ་དམ་པའི་བཞེད་དོན་ལྷུན་གྲུབ་ཤོག །
 
༢༡༤ མཁན་པོ་ཀརྨ་འཕྲིན་ལས་རིན་པོ་ཆེ།
ཨེ་མ་ཧོ། །
ལམ་མཁྱེན་རྒྱལ་པོ་རིན་ཆེན་ཐུགས་དགོངས་བཞིན། །
དཔལ་ལྡན་ཕག་གྲུའི་བསྟན་པའི་བཤད་སྒྲུབ་མཛད། །
དད་བརྩོན་ཤེས་རབ་ལྡན་པ་སློབ་མའི་མཆོག །
ཀརྨ་འཕྲིན་ལས་སྐུ་ཚེ་བརྟན་པར་ཤོག །
 
༢༡༥གདུང་སྲས་ཕྲིན་ལས་ནོར་བུ་རིན་པོ་ཆེ།
ཨེ་མ་ཧོ། །
ཐབས་ཤེས་ལམ་བཟང་སྟོན་པའི་རྡོ་རྗེ་འཛིན། །
གསང་ཆེན་བསྟན་པའི་བདག་པོ་མ་ཎི་ཀ །
རིག་འཛིན་བརྒྱུད་པའི་གདུང་སྲས་བླ་མ་རྗེ། །
ཕྲིན་ལས་ནོར་བུ་ཞིང་འདིར་མྱུར་ཕེབས་ཤོག །
 
༢༡༦ སྨིན་གླིང་གཏེར་ཆེན་རིན་པོ་ཆེ།
ཨེ་མ་ཧོ། །
ཁྱད་ཆོས་དྲུག་གི་མངོན་པར་བྱང་ཆུབ་པའི། །
ཀུན་བཟང་གདོད་མའི་མགོན་པོ་རྡོ་རྗེ་འཆང་། །
བསམ་བཞིན་སྲིད་པར་བཟུང་མཛད་གཏེར་བདག་གླིང་། །
སླར་ཡང་ཞིང་འདིར་འདྲེན་པར་གསོལ་བ་འདེབས། །
༄༅། །ཨེ་མ་ཧོའི་བླ་མཆེད་རིག་འཛིན་རྒྱལ་བའི་དཀྱིལ་འཁོར་གྱི་ཞབས, ་བརྟན་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
·གསར་འགྱུར་གོང་མ:ཚན་རིག་སྨྲ་བ་ལ་དོགས་འདྲི་ཞིག
·གསར་འགྱུར་འོག་མ:རིན་མེད་ཟ་རྐྱང་གི་ཁ་ཟས་ཤིག་གླིང་ན་མེད།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:ezyrdecrnq
HFlWpg  <a href="http://mqharcbufyle.com/">mqharcbufyle</a>, [url=http://huybomwhvfxy.com/]huybomwhvfxy[/url], [link=http://ceyyafpmcdkv.com/]ceyyafpmcdkv[/link], http://jasxymbbtsua.com/
发表时间:2014-7-25 6:38:34 [来自: 195.2.240.105]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS