བར་དོའི་སྐོར་དྲི་བ་དང་ལན།
དྲི་བ། བྱང་ཆུབ་ལྷ་མོས
ལྕགས་ཁུང་བླ་མ་ཚེ་དབང་ལགས། བོད་ཀྱི་བར་དོ་ཐོས་གྲོལ་ཟེར་བ་དེ། ས་མཚམས་གང་འདྲ་ཞིག་ལ་གོ་བ་ལེན་དགོས། འགྲེལ་བཤད་ཉུང་ཙམ་གནང་རོགས།
ལན། ལྕགས་ཁུང་ཚེ་དབང་།
བྱང་ཆུབ་ལྷ་མོ་ལགས་དྲི་བ་གནང་བ་ལ་ཐུགས་རྗེ་ཆེ་འོན་ཏང་ཁྱེད་ཀྱི་ཐུགས་དགོངས་གང་ཐུབ་པའི་ལན་ཞིག་ཐེབས་མེད་པས་དགོངས་དག་ཞུ།
སྤྱིར་བར་དོ་ཟེར་བ་ནི་ཕྱི་མ་གཅིག་པོ་ལ་གོ་བ་མ་ཡིན་པར་དེ་ཡང་འགྲོ་བ་སེམས་ཅན་སུ་ཡིན་ཀྱང་ཁྱད་མེད་པར་བར་དོ་དྲུག་ཡོད། སྐྱེ་གནས་བར་དོ། རྨི་ལམ་བར་དོ། བསམ་གཏན་བར་དོ། འཆི་ཁ་བར་དོ། ཆོས་ཉིད་བར་དོ། སྲིད་པ་བར་དོ། སྔ་མ་གསུམ་ནི་ཚེ་འདི་དང་ཕྱི་མ་གསུམ་ནི་ཚེ་ཕྱི་མ་ལའོ། དེ་དག་རེ་རེ་ལ་ཚེ་ཚད་དང་ལུས་པོ་ལ་མིང་བཏགས་ཚུལ་སོགས་མི་འདྲ་བ་ཡོད། སྤྱིར་བར་དོ་ཞེས་པའི་མཚམས་གང་ལ་འཇོག་ན་སྔ་མ་གྲུབ་ཅིང་ཕྱི་མ་མ་སྐྱེ་བའི་བར་དེ་ལ་བར་དོ་ཞེས་ཟེར། དཔེར་ན། ཕྱི་དབུགས་ཆད་ཅིང་ནང་དབུགས་མ་ཆད་པའི་མཚམས་ལ་ཆོས་ཉིད་བར་དོ་འཆར་ཚུལ་གསུངས། སྲིད་པ་བར་དོ་དང་འཆི་ཁ་བར་དོའི་འཆར་སྣང་སོགས་ནི་དེང་དུས་ཀྱི་རིག་གསལ་བ་དག་དང་མཐུན་པའི་ཆ་མང་པོ་འདུག། ངས་ཀྱང་གཙོ་བོ་འཆི་ཁ་བར་དོ་དང་སྲིད་པ་བར་དོ་གཉིས་དེང་དུས་རིག་གསར་བ་དཔེར་ན་ཨ་རིའི་རབ་འབྱམས་པ་ཆེན་མོ་Dr.Moody ཨ་རིའི་སེམས་ཁམས་རིག་པ་སྨྲ་བ་ཐར་ཐུ་ C.Tart ཨ་རིའི་དགེ་རྒན་རབ་འབྱམས་པ་Dr.lan Stevenson ཨ་རིའི་གསོ་རིག་རབ་འབྱམས་པ་པོ་ལེན་ཨེན་ཝེ་ཧྲི། Brain L Weiss ཁོང་ཚོས་གསུངས་པ་དག་དང་གཞན་ཡང་རང་རེ་བོད་ཀྱི་ཇོ་བོ་རྗེ་བརྒྱུད་པའི་རྨི་ལམ་ལ་བརྟེན་ནས་སྐྱེ་བ་སྔ་མ་དྲན་པའི་སྒྲུབ་ཐབས་སོགས་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད་པའི་སྐྱེ་བ་སྔ་ཕྱིའི་རྣམ་གཞག་སྲིད་པ་གསལ་བའི་མེ་ལོང་སོགས་ལ་གཞི་བཅོལ་ནས་ངོ་སྤྲོད་བྱས་པ་ཡིན། ཆོས་ཉིད་བར་དོ་ནི་སྒོམ་པ་ཉམ་མྱོང་ཅན་དང་ལྷག་པར་རྫོགས་ཆེན་སོགས་གྱི་གོ་བ་ཡོད་པ་ཞིག་མིན་ན་ངོ་འཕྲོད་པ་དང་དོན་རྟོགས་པ་ཧ་ཅང་དཀའ་སྙམ། ངས་ཀྱང་འདིའི་སྐོར་མང་པོ་ཞིག་ངོ་སྤྲོད་བྱས་མེད་ལགས། གང་ཡིན་ཞུ་ན་གཞོན་སྐྱེས་ཚོས་གོ་བ་ལེན་ཁག་པོ་ཡིན་པ་མ་ཚད་སྐབས་རེར་ཆོས་ལ་བསྟེན་པའི་ཉེས་པའི་གོས་པར་དོགས་ནས་སོ།
དེ་ཡང་བོད་ཀྱི་བར་དོ་ངོ་སྤྲོད་ནི་ལོ་ངོ་སྟོང་གཅིག་ལྷག་གི་སྔོན་དུ་བྱུང་ཞིང་། དེང་རབས་ཀྱི་ཤི་བ་ལ་ཞིབ་འཇུག་བགྱིད་པའི་གཞུང་ཤིན་ཏུ་སྔ་ཤོས་ཞིག་ཡིན། དེང་གི་ཆར་ནུབ་ཕྱོགས་ཀྱི་ཤི་བ་དང་སྐྱེ་བ་སྔ་ཕྱི་ཞིབ་འཇུག་བྱེད་པའི་མཁས་དབང་དག་གིས་བོད་ཀྱི་བར་དོ་ཐོས་གྲོལ་ནི་ཆེས་འགངས་ཆེ་བའི་གཞུང་ཞིག་ཏུ་བཀུར་བཞིན་ཡོད། ཁོང་ཚོས་འཆི་ཁའི་ཉམས་མྱོང་ཞིབ་འཇུག་ལས་བྱུང་བའི་སྣང་བ་དག་དང་རང་ཅག་བོད་ཀྱི་བར་དོ་ཐོས་གྲོལ་ལས་གསུངས་པ་དག་གཅིག་མཐུན་ཆགས་ཀྱི་འདུག། དེ་ན་བོད་ཀྱི་བར་དོ་ཐོས་གྲོལ་འདི་ནི་དངོས་གནས་རང་རེ་བོད་མི་རིགས་ཀྱིས་འཛམ་གླིང་གི་གོ་ལ་ཟླུམ་པོའི་ཁྱོན་ན་གནས་པའི་འགྲོ་བ་མིའི་རིགས་ལ་ཧ་ཅང་གི་གལ་ཆེ་བའི་མཛད་རྗེས་ཞིག་བཞག་ཡོད་པ་ནི་སྔོན་གྱི་གྲུབ་ཐོབ་དམ་པ་དག་དང་ལྷག་པར་སློབ་དཔོན་ཐུགས་རྗེ་ཅན་གྱི་བཀའ་དྲིན་ཉག་གཅིག་ཡིན་པ་བརྗེད་མི་རུང་། རང་རེ་བོད་ ཡུལ་ན་མདོ་རྒྱུད་ཀྱི་བཀའ་དང་དགོངས་འགྲེལ་ཟབ་ཅིང་རྒྱ་ཆེ་བ་ཧ་ཅང་མང་དྲག་པས་བར་དོའི་ངོ་སྤྲོད་འདི་མི་མང་པོ་ཞིག་གིས་གྲོང་ཆོག་པ་དག་གིས་ཀློག་རྒྱུ་ཙམ་དུ་འཛིན་མོད། དེང་སང་ནུབ་ཕྱོགས་སུ་ནི་སྙན་གྲགས་ཤིན་ཏུ་ཆེན་པོ་ཡོད་ས་རེད་༡༩༢༧ ཙམ་ནས་ཨིན་ཡིག་ཏུ་བསྒྱུར་འདུག།