ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚན་རྩལ
  གསར་འགྱུར་ཀློག་པ།

འབྱུང་བ་ཆེན་པོ་ལྔའི་རྣམ་གཞག

[རྩོམ་པ་པོ:སྐལ་བཟང་དོན་ལྡན།  ཡོང་ཁུངས:ངེད་ད྄ར།  དུས་ཚོད:2012/12/23 0:13:47  བཀླགས་ཐེངས:1792][ཡིག་གཟུགས:ཡིག་གཟུགས་མདོག]
འབྱུང་བ་ཆེན་པོ་ལྔའི་རྣམ་གཞག
 
སྤྲུལ་འཁོར་སྐལ་བཟང་དོན་ལྡན། བཞུགས་སྒར་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན།
 
༼དུས་འཁོར་བསྡུས་རྒྱུད།
  སྟོང་པའི་དབུས་སུ་ཡང་དག་འབྱུང་སྟེ་ཆུ་ལ་ལན་ཚྭ་དང་ནི་སྒོ་ངའི་དབུས་སུ་སྒོང་སྐྱེས་བཞིན། །ལུས་དང་ཡེ་ཤེས་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་། །ཞེས་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དུས་འཁོར་བསྡུས་རྒྱུད་ཀྱི་ལེའུ་དང་པོ་འཇིག་རྟེན་གྱི་ཁམས་རྣམ་པར་བཀོད་པ་ཞེས་བྱ་བ་ལས་བསྟན་པ་ལྟར་ཐོག་མར་འབྱུང་བ་ཆེན་པོ་ལྔའི་བདག་ཉིད་ནི་ནམ་མཁའ་སྟོང་པའི་ཆ་ལས་སྟོང་པའི་དབུས་སུ་ཤིན་ཏུ་ནས་ཕྲ་བའི་རྡུལ་ཕྲ་རབ་ཡང་དག་པ་དག་ལས་འབྱུང་བ་སྟེ་དཔེར་ན། ཆུ་ལ་ལན་ཚྭ་བཏབ་པ་དང་སྒོ་ངའི་དབུས་སུ་སྒོང་སྐྱེས་ཇི་བཞིན་ནོ། །དེ་ལྟར་འགྲོ་བ་སེམས་ཅན་ཀུན་གྱི་ལུས་དང་ཡེ་ཤེས་སོགས་ཐམས་ཅད་ཀྱང་ནམ་མཁའ་ལྟར་བདེན་པས་གྲུབ་པས་སྟོང་ཞིང་ཆེས་ཐོག་མར་སྟོང་པའི་ཆ་ལས་འབྱུང་བ་ཆེན་པོ་ནམ་མཁའ་དང་ནི་རླུང་དང་མེ་དང་ཆུ་དང་ས་དང་བཅས་ནམ་མཁའ་རླུང་མེ་ཆུ་སའི་གོ་རིམ་ལས་ཕྱི་ནང་སྣོད་བཅུད་གཉིས་ཀྱི་འཇིན་རྟེན་གྱི་ཁམས་སྣ་ཚོགས་པ་དག་བརྟན་ཅིང་མཐར་རབ་ཏུ་གཡོ་བར་བྱེད་པའང་འབྱུང་བ་ཆེན་པོ་ལྔའི ་རང་བཞིན་ནོ།།
དུས་འཁོར་འགྲེལ་ཆེན་དྲི་མེད་འོད།
རྡུལ་ཕྲ་རབ་འདུས་པ་སྔོན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་སོ། །འཇིག་རྟེན་གྱི་ཁམས་སྔོན་དུ་འགྲོ་བ་ནི་སེམས་ཅན་རྣམས་སོ། །སེམས་ཅན་སྔོན་དུ་འགྲོ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བའོ། །མངོན་པར་དབང་བསྐུར་བ་སྔོན་དུ་འགྲོ་བ་ནི་བསོད་ནམས་ཀྱི་ཚོགས་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་གོམས་པས་འོག་མིན་གྱི་སྲིད་པའི་མཐར་ཐུག་པ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའོ། །འཇིག་རྟེན་པའི་དངོས་གྲུབ་སྔོན་དུ་འགྲོ་བ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་དང་སྐྱེ་བ་སྔ་མའི་སྟོང་པ་ཉིད་དང་སྙིང་རྗེ་ཀུན་རྫོབ་དང་དམིགས་པ་མེད་པའི་བག་ཆགས་ཀྱི་སྟོབས་ཀྱིས་རྡུལ་ཕྲ་རབ་འདུས་པ་ལས་འདས་ཤིང་དཀྱིལ་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་སྒོམ་པ་དང་བྲལ་བ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་དངོས་སྒྲུབ་པའོ། །ཞེས་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད་ཀྱི་དང་པོ་ཕྱི་འཇིག་རྟེན་གྱི་ཁམས་བསྟན་པ་ལས་འདིར་སློབ་དེབ་སྒྲིག་པ་པོས་ཚིག་འགྲེལ་འབྲུ་སྣོན་ཅུང་ཟད་བྱ་བ་སྟེ། ཐོག་མར་འབྱུང་བ་ནམ་མཁའ་སྟོང་པའི་ངང་ལས་ཆེས་ཤིན་ཏུ་ནས་ཕྲ་བའི་རྡུལ་ཕྲ་རབ་ཀྱི་ཕུང་པོ་འདུས་པ་སྔོན་དུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་དང་། འཇིག་རྟེན་གྱི་ཁམས་སྔོན་དུ་འགྲོ་བ་ནི་སེམས་ཅན་དང་། སེམས་ཅན་སྔོན་དུ་འགྲོ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མངོན་པར་དབང་བསྐུར་བ་དེ་ལྟར་དང་པོར་འཇིག་རྟེན་གྱི་ཁམས་བརྟག་པ། དེ་ནས་ནང་གི་ཁམས་བརྟག་པ། དེ་ནས་དབང་བསྐུར་བ་བརྟག་པ། དེ་ནས་འཇིག་རྟེན་པའི་དངོས་གྲུབ་བརྟག་པ། དེ་ནས་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་བསྒྲུབ་པའི་བརྟག་པ་སོགས་ཐམས་ཅད་ལའང་སྔོན་དུ་འབྱུང་བ་རགས་པ་ནས་རིམ་བཞིན་འབྱུང་བའི་མཐར་ཐུག་པའི་རྡུལ་ཕྲ་རབ་འདུས་པའི་ཕུང་པོ་དང་། དེ་དག་ཡང་ཤིན་ཏུ་སྟོང་པའི་ཆ་ནམ་མཁའ་ལ་ཆོས་རྣམས་བདེན་པས་གྲུབ་པར་སྟོང་པའི་འབྱུང་བ་ཆེན་པོའི་རང་བཞིན་གང་ཡིན་པ་དེའོ།།
འབྱུང་བ་ལྔའི་རང་བྱུང་གི་འབྲེལ་བ་བསྟན་པ།
ཕྱི་རྒྱུད་ཡོངས་གཏད།
འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་ཕྱི་མ་འཕྲིན་ལས་རྒྱུད་ཀྱི་རྒྱུད་ཡོངས་སུ་གཏད་པའི་ལེའུ་ཉི་ཤུ་རྩ་བདུན་པ་ལས་ཇི་ལྟར་ཐབས་དང་ཐབས་བྱུང་གི་འབྲེལ་བ་ཚུལ་ཇི་ལྟར་ཡོད་མེད་བསྟན་པ་ལྟར་འགྲེལ་པ་བེེཌུར་སྔོན་པོ་ལས་འདི་ལྟ་སྟེ། དེ་ཡང་གསོ་བའི་ཡུལ་འགྲོ་བའི་ལུས་འདི་ནི་འབྱུང་བཞིའམ་ལྔ་ལས་གྲུབ་ཅིང་། གསོ་བྱའི་ནད་ཀྱང་དེ་བཞིན་དུ་འབྱུང་བ་བཞིའམ་ལྔ་ཡིས་བསྐྱེད་ལ། གཉེན་པོའི་སྨན་ཡང་འབྱུང་བ་བཞིའམ་ལྔ་འི་ངོ་བོ་ཉིད་ཡིན་པས་ན་ལུས་དང་ནད་དང་གཉེན་པོ་གསུམ་ནི་འབྱུང་བ་བཞིའམ་ལྔའི་ངོ་བོར་བདག་ཉིད་གཅིག་པར་འབྲེལ་ལ། དེ་བཞིན་དུ་གནོད་བྱ་ལུས་དང་གནོད་བྱེད་ནད་ཀྱང་རྟེན་དང་བརྟེན་པར་འབྲེལ་བའོ།།
འབྱུང་བ་ལྔའི་མཚན་ཉིད་བཤད་པ།
ལག་བཟང་གིས་བཞུས་པའི་མདོ།
ས་ཡི་ཁམས་ཀྱི་མཚན་ཉིད་སྲ་བ། ཆུ་ཡི་ཁམས་ཀྱི་མཚན་ཉིད་གཤེར་བ། མེ་ཡི་ཁམས་ཀྱི་མཚན་ཉིད་ཚ་བ། རླུང་གི་ཁམས་ཀྱི་མཚན་ཉིད་ཡང་ཞིང་གཡོ་བ། ནམ་མཁའི་མཚན་ཉིད་ནི་བུ་ག་སོགས་རྣ་བ་སྒྲ་སྐྱེད་འཕེལ་བའོ། །ཞེས་མཁས་པ་ཆེན་པོ་སྐྱེམས་པའི་འགྲེལ་པར་གསུངས་པ་ལྟར་ལག་བཟང་གིས་བཞུས་པའི་མདོར་སངས་རྒྱས་ཀྱིས་འབྱུང་བ་ལྔའི་མཚན་ཉིད་གང་དང་གང་ཡིན་པ་དག་གོང་དུ་གསལ་བར་བསྟན་པ་ལྟར་སའི་ཁམས་ལས་སྐྱེ་དངོས་ཐམས་ཅད་སྲ་བའམ་མཁྲེགས་པར་བྱེད་པ་དང་། ཆུའི་ཁམས་ལས་སྡུད་ཅིང་གཤེར་བར་བྱེད་པ། མེའི་ཁམས་ལས་ཐམས་ཅད་ཚ་ཞིང་སྨིན་པར་བྱེད་པ། རླུང་གི་ཁམས་ལས་ཕན་ཚུན་ཡང་ཞིང་གཡོ་བར་བྱེད་པ། ནམ་མཁའི་ཁམས་ལས་ཐམས་ཅད་སྟོང་ཞིང་ཡངས་པར་བྱེད་ཅིང་བུ་ག་སོགས་ཆོས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་ནུས་པའི་གོ་འབྱེད་པའོ།།
མཚན་ཉིད་ཀྱི་གཞུང་།
སྲ་ཞིང་འཐས་པ་སའི་མཚན་ཉིད། རླན་ཞིང་གཤེར་བ་ཆུའི་མཚན་ཉིད། ཚ་ཞིང་བསྲེག་པ་མེའི་མཚན་ཉིད། ཡང་ཞིང་གཡོ་བ་རླུང་གི་མཚན་ཉིད། ཐོགས་རེག་བཀག་པའི་ཆ་ནམ་མཁའི་མཚན་ཉིད་དོ། །ཅེས་བསྡུས་གྲྭ་ལ་སོགས་མཚན་ཉིད་ཀྱི་གཞུང་དུ་བསྟན་པ་ལྟར་འབྱུང་བ་ས་ཞེས་བྱ་བ་དེས་ཆོས་ཐམས་ཅད་སྲ་བའམ་མཁྲེགས་པར་བྱེད་པའི་གཞི་གང་ཡིན་པ་དང་། འབྱུང་བ་ཆུས་དངོས་པོ་རྣམས་རླན་ཞིང་གཤེར་བར་བྱེད་པའི་རྒྱུ་གང་ཡིན་པ་དང་། འབྱུང་བ་མེས་སྐྱེ་དངོས་ཐམས་ཅད་ཚ་ཞིང་དྲོད་ཀྱིས་སྲེག་པར་བྱེད་པའི་རྒྱུ་གང་ཡིན་པ་དང་། འབྱུང་བ་རླུང་གིས་དེ་ལྟར་སྣོད་བཅུད་ཐམས་ཅད་ཡང་ཞིང་གཡོ་བར་བྱེད་པ་དང་། འབྱུང་བ་ནམ་མཁའ་འམ་སྟོང་པའི་ཆ་དེས་འཇིག་རྟེན་གྱི་ཁམས་ཀྱི་ཆོས་རྣམས་ཀུན་ཐོགས་རེག་དང་བཀག་པའི་ཆ་གང་ཡང་མེད་པར་ཆོས་རྣམས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་ནུས་པའི་རྒྱུ་གང་ཡིན་པ་དེ་དག་ནི་འབྱུང་བའི་ལྔའི་མཚན་ཉིད་ཁོ་ནར་ངེས་པའོ།།
བཤད་རྒྱུད་གྲུབ་པ་ལུས།
ས་མེད་མི་འགྲུབ་ཆུ་མེད་སྡུད་མི་འགྱུར། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་འབྱེད། །ཅེས་བཤད་པའི་རྒྱུད་ཀྱི་གྲུབ་པ་ལུས་ཀྱི་ཆགས་ཚུལ་ལས་བསྟན་པ་ལྟར་མཁན་ཆེན་ཁྲོ་རུའི་འགྲེལ་པ་དྲང་སྲོང་ཞལ་ལུང་ལས་འདི་ལྟ་སྟེ། འབྱུང་བ་ཆེན་པོ་རྣམས་ཀྱི་ནང་ནས་སའི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལུས་སུ་མི་འགྲུབ་སྟེ། ལུས་ཀྱི་སྲ་བ་སོགས་གཟུགས་ཀྱི་རང་བཞིན་ཕལ་ཆེར་ས་ལས་གྲུབ་པའི་ཕྱིར་དང་། དེ་བཞིན་དུ་ཆུའི་རང་བཞིན་གྱིས་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་གཅིག་ཏུ་བསྡུ་བར་མི་ནུས་ཏེ་གོར་གོར་མེར་མེར་སོགས་ཆུ་ཡིས་བསྡུས་པའི་ཕྱིར་རོ། །
དེ་བཞིན་དུ་མེ་ཡི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་རིམ་པར་མི་སྨིན་ཏེ་སྨིན་པ་ནི་མེ་ཡིས་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་རླུང་གི་རང་བཞིན་གྱི་ནུས་པ་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ལྕི་ཞིང་འཐས་པར་གནས་ནས་ཆེར་སྐྱེད་ཅིང་འཕེལ་བར་མི་ནུས་ཏེ་སྐྱེས་ཤིང་འཕེལ་བ་ནི་རླུང་གིས་བྱེད་པའི་ཕྱིར་རོ། །དེ་བཞིན་དུ་ནམ་མཁའ་སྟོང་པའི་ཆ་ཤས་ཀྱི་རང་བཞིན་དེ་མེད་ན་འབྱུང་བ་གཞན་རྣམས་ཡོད་ཀྱང་ཆེར་འཕེལ་བར་མི་འགྱུར་ཏེ་འཕེལ་ཞིང་རྒྱས་པའི་གོ་སྐབས་མི་འབྱེད་པར་བཀག་པའི་ཕྱིར་རོ།།
འབྱུང་བ་ལྔའི་བྱེད་ལས་ཀྱིས་མིའི་ལུས་གྲུབ་ཚུལ་བཤད་པ།
ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད། །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁས་ལས་བུ་ག་སྣ་བ་སྒྲ་སྐྱེད་འགྱུར། །གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེད། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་ལུས་སུ་འགྲུབ། །ཅེས་བཤད་པའི་རྒྱུད་ཀྱི་གྲུབ་པ་ལུས་ཆགས་ཚུལ་ལས་བསྟན་པ་ལྟར་མཁས་དབང་སྐྱེམས་པ་ཚེ་དབང་གིས་མཛད་པའི་འགྲེལ་པ་ལེགས་བཤད་སྨྲ་བ་མཆོག་ཐོབ་ལས་འདི་ལྟ་སྟེ། འབྱུང་བ་སའི་ཡོན་ཏན་ལས་ཤ་དང་རུས་པ་སྣའི་དྲི་འཛིན་པའི་དབང་པོ་རྟེན་མོ་ཁབ་གཤིབས་པ་ལྟ་བུ་རྣམས་སྐྱེད་དོ། །ཆུའི་ཡོན་ཏན་ལས་ཁྲག་དང་ལྕེའི་རོ་ཡི་རྟེན་ཟླ་བ་གམ་པ་ལྟ་བུ་དང་། ལུས་ཀྱི་གཤེར་ཅིང་རླན་པའི་ཆ་རྣམས་སྐྱེད་དོ། །མེའི་ཡོན་ཏན་ལས་དྲོད་དང་ལུས་ཀྱི་མདོག་གསལ་བ་སྟེ་བཀྲག་དང་ལྡན་པ་དང་། མིག་གཟུགས་མཐོང་བའི་རྟེན་ཟར་མའི་མེ་ཏོག་ལྟ་བུ་རྣམས་སྐྱེད་དོ། །རླུང་གི་ཡོན་ཏན་ལས་དབུགས་དང་པགས་པ་དང་རེག་བྱའི་རྟེན་རེག་ན་འཇམ་གྱི་པགས་པ་ལྟ་བུ་རྣམས་སྐྱེད་དོ། །ནམ་མཁའི་ཡོན་ཏན་ལས་ཕྱི་ནང་གི་བུ་ག་རྣམས་དང་། རྣ་བའི་སྒྲའི་རྟེན་གྲོ་ག་གཅུས་པ་ལྟ་བུའི་ནང་གི་ཁོང་གི་སྟོང་པ་རྣམས་སྐྱེད་པར་འགྱུར་ཞེས་དང་འབྱུང་བ་སོ་སོའི་མཚན་ཉིད་གཅིག་པ་དང་དབང་པོའི་རྟེན་སྐྱེད་པ་སྟེ། ཐབས་ཤེས་དང་རྟེན་དང་བརྟེན་པ་སྦྱར་བའི་དོན་ནོ། །དེ་དག་ཀྱང་བག་ཆགས་གོམས་པའི་མཐུ་ཇེ་གསལ་ཇེ་གསལ་དུ་སོང་བ་ལས་བྱ་བ་ལ་འཇུག་པ་དང་། སྣ་ཚོགས་པའི་སྣང་བ་སྐྱེ་ཞིང་མཆེད་པ་སྟེ་དཔེར་ན། བདག་ཏུ་འཛིན་པའི་བག་ཆགས་གོམས་པ་ལས་ཚོགས་དྲུག་གི་བྱ་བ་ལ་འཇུག་ཅིང་རང་དང་གཞན་གྱི་སྣང་བ་སྣ་ཚོགས་པར་མཆེད་ནས་འགྲོ་བ་ལྟར་རོ།།
འབྱུང་བ་ལྔའི་ཡོན་ཏན་དང་བྱེད་ལས།
ས་སྨན་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ། །མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ། །ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན། །རླན་གཤེར་འཇམ་ལ་སྡུད་བྱེད་མཁྲིས་ནད་སེལ། །མེ་སྨན་ཚ་སྣོ་སྐམ་རྩུབ་ཡང་སྣུམ་གཡོ། །དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ། །རླུང་སྨན་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །སྲ་ཞིང་བསྐྱོད་དང་ཁྱབ་བྱེད་བད་མཁྲིས་སེལ། །ནམ་མཁའ་འབྱུང་བཞིའི་སྨན་ལ་སྤྱིར་ཁྱབ་སྟེ། །ཁོང་སྟོང་ཡངས་པའི་སྒོ་འབྱེད་འདུས་ནད་སེལ། །འབྱུང་བ་སའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ལྕི་བ་དང་། བརྟན་པ། རྟུལ་བ། འཇམ་པ། སྣུམ་པ། སྐམ་པ་དང་ལྡན་ཞིང་དྲི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་ཀྱི་ཡན་ལག་ལ་སོགས་པ་རྣམས་བརྟན་ཞིང་མཁྲང་ལ། ལུས་བརྟས་པ་དང་མི་མཐོང་བ་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་རླུང་གི་ནད་སེལ་བ་ཡིན་ནོ། །དེ་བཞིན་དུ་ཆུའི་རང་བཞིན་ཤས་ཆེ་བའི་སྨན་གྱི་ཡོན་ཏན་ནི། སླ་བ་དང་། བསིལ་བ། ལྕི་བ། རྟུལ་བ། སྣུམ་པ། འཇམ་ལ་མཉེན་པ་དང་ལྡན་ཞིང་རོའི་ཤས་ཆེ་བ་ཡིན་ལ། ལས་ནི་ཁོང་པ་ལ་སོགས་པའི་ལུས་ཀྱི་ཆ་ཤས་རྣམས་བརླན་ཞིང་གཤེར་བ་དང༌། ལུས་འཇམ་ལ་ཕྱོགས་གཅིག་ཏུ་སྡུད་པར་བྱེད་ཅིང་གཙོ་བོར་མཁྲིས་པའི་ནད་སེལ་བ་ཡིན་ནོ། །མེའི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ཚ་བ་དང་། རྣོ་བ། སྐམ་པ། རྩུབ་པ། ཡང་བ། སྣུམ་པ། གཡོ་བ་དང་ལྡན་ཞིང་གཟུགས་ཀྱི་ཤས་ཆེ་བ་ཡིན་ལ་ལས་ནི་ལུས་ཀྱི་དྲོད་སྐྱེད་པ་དང་ཁ་ཟས་དང་ལུས་ཟུངས་ལ་སོགས་རྣམས་སྨིན་ཅིང་མདོག་གསལ་བར་བྱེད་ལ། གཙོ་བོར་བད་ཀན་གྱི་ནད་སེལ་བ་ཡིན་ནོ། །རླུང་གི་རང་བཞིན་ཤས་ཆེ་བའི་སྨན་རྣམས་ཀྱི་ཡོན་ཏན་ནི། ཡང་བ་དང་། གཡོ་བ། གྲང་བ། རྩུབ་པ། སྐྱ་ལ་སྐམ་པ་དང་ལྡན་ཞིང་རེག་བྱའི་ཤས་ཆེ་བ་ཡིན་ལ། ལས་ནི་ལུས་སྲ་ཞིང་བསྒུལ་བསྐྱོད་དང་དྭངས་མ་ལ་སོགས་པ་ལུས་ལ་ཁྱབ་པར་བྱེད་ཅིང་གཙོ་བོར་བད་མཁྲིས་ལྡན་པའི་ནད་སེལ་བ་ཡིན་ནོ། །ནམ་མཁའ་ནི་འབྱུང་བ་གཞན་བཞི་གས་བསྐྱེད་པའི་སྨན་ཀུན་ལ་སྤྱིར་རིས་སུ་མ་ཆད་པར་ཁྱབ་པ་ཡིན་མོད་དེ། འོན་ཀྱང་དེ་ཉིད་རང་བཞིན་ཤས་ཆེ་བའི་སྨན་ཡང་མང་དུ་སྲིད་པས་ན་དེའི་ཡོན་ཏན་ནི་ཁོང་སྟོང་པ་དང་སྒྲའི་ཤས་ཆེ་བ་ཡིན་ལ། ལས་ནི་ཡངས་པའི་གོས་འབྱེད་པར་བྱེད་ཅིང་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ག་འདུས་པ་ལས་བྱུང་བའི་ནད་སེལ་བ་ཡིན་ནོ།།
འབྱུང་བ་ལྔས་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་རྟེན་བྱེད་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
རྟེན་ནི་འབྱུང་བ་ལྔ་ལས་སྐྱེས་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེ་བ། །ཞེས་འགྲེལ་ཆེན་དྲང་སྲོང་ཞལ་ལུང་ལས་གསུངས་པ་ལྟར་མངར་བ་ལ་སོགས་པའི་རོ་རྣམས་ཀྱི་རྟེན་ནམ་གཞི་ནི་ས་ཆུ་ལ་སོགས་པའི་འབྱུང་བ་ལྔས་སྐྱེ་བར་འགྱུར་བ་ཡིན་ཏེ་མངར་བ་ལ་སོགས་པའི་སྨན་གྱི་རོ་རྣམས་ཀྱི་སྨན་རྫས་བྱེ་བྲག་སོ་སོར་བརྟེན་ནས་འབྱུང་བ་ཡིན་ལ། སྨན་དུ་གཏོགས་པའི་རྫས་ཕྲ་རགས་ཀུན་ཀྱང་ས་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་ཆར་འདུས་པ་ཁོ་ན་ལས་ངེས་པར་སྐྱེ་བར་འགྱུར་བ་ཡིན། རྒྱུ་མཚན་དེ་ལྟ་བས་ན། རོ་རྣམས་གང་ལ་བརྟེན་པའི་མཐར་ཐུག་གི་རྟེན་ནམ་གཞི་ནི་འབྱུང་བ་རྣམ་པ་ལྔ་པོ་ཁོ་ནས་སྐྱེ་བའམ་འབྱུང་བར་འགྱུར་པ་ཡིན། དེ་ཡང་ཇི་ལྟར་ཞེ་ན་སྨན་ཡིན་ནོ་ཅོག་ཐམས་ཅད་ཀྱི་གཞིའམ་རྫས་ཀྱི་དངོས་པོ་རྣམས་འབྱུང་བ་ས་ཡིས་གཞི་རྟེན་བྱས་ནས་གྲུབ་ཅིང་ཆགས་ལ། ཆུ་ཡིས་དེ་ཉིད་རླན་ཞིང་གཤེར་བར་བྱེད་ཅིང་སྡུད་པར་བྱེད། མེ་ཡིས་དྲོད་སྐྱེད་པར་བྱེད་ཅིང་རིམ་གྱིས་སྨིན་པར་བྱེད། རླུང་གིས་གཡོ་ཞིང་བསྐྱོད་པར་བྱས་ནས་ཆེས་ཆེར་འཕེལ་བར་བྱེད། ནམ་མཁས་ནི་གནས་ཤིང་སྐྱེ་བར་བྱེད་པའི་ཡུལ་གོ་ཕྱེ་བར་བྱས་པས་ན་འབྱུང་བ་དེ་དག་ལྷན་དུ་ཚོགས་པའི་རྒྱུ་དེ་དང་དེས་བསྐྱེད་པར་གྱུར་པ་ཡིན་ནོ།།
དུས་འཁོར་བསྡུས་རྒྱུད།
ས་ཡིས་སྲ་མེ་ཆུ་ཡིས་གཤེར་ཅིང་མེ་ཡིས་དྲོ་བར་འགྱུར་ཏེ་རླུང་གིས་ཀྱང་ནི་ཡང་བ་ཉིད། །བུ་ག་སྟོང་པ་བརྟན་པ་རུས་ཉིད་ལྷའི་རིགས་མཆོག་འདིར་ནི་ཆར་པ་བདུད་རྩིའི་རྒྱུན། །ཞེས་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལས་བསྟན་པ་ལྟར་ས་ཡིས་ཆོས་ཐམས་ཅད་རབ་ཏུ་སྲ་བར་བྱེད་ཅིང་ཆུས་ཐམས་ཅད་རླན་ཞིང་གཤེར་ཏེ་རྒྱུ་བར་བྱེད་ལ་མེས་ཆོས་རྣམས་ཀུན་སྨིན་ཅིང་དྲོ་བར་བྱེད་པ་ནམ་མཁས་ནི་བུ་ག་སྟོང་པ་དག་བརྟན་ཅིང་དེ་ལྟར་ཕྱི་ནང་སྣོད་བཅུད་ཀྱི་ཆོས་མ་ལུས་པ་འཕེལ་བར་བྱེད་པ་བཅས་སོ།།
འབྱུང་བ་ལྔས་རོ་དྲུག་བསྐྱེད་པར་བསྟན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
དེས་སྐྱེས་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱི་རོ་དྲུག་བསྐྱེད། །ཅེས་དཔལ་ལྡན་བཤད་པའི་རྒྱུད་ཀྱི་ལེའུ་བཅུ་དགུ་པ་ལས་བསྟན་པ་ལྟར་སློབ་གཞི་སྒྲིག་པ་པོས་འདིར་ཅུང་ཟད་གོ་བདེའི་སླད་དུ་འགྲེལ་ན་ནི། འབྱུང་བ་ཆེན་པོ་ལྔས་དེ་ལྟར་ཕྱི་ནང་སྣོད་བཅུད་ཐམས་ཅད་ཀྱི་གཞི་རྟེན་དང་ཆོས་ཀུན་རབ་ཏུ་སྐྱེད་པར་བྱེད་ནུས་པ་ཙམ་མ་ཟད་འབྱུང་བ་ས་ཡི་ཁམས་གཅིག་བུའི་ནང་དུ་ཡང་འབྱུང་བ་གཞན་རྣམས་མ་ལུས་པར་ཆ་ཚང་བར་ཕན་ཚུན་གཅིག་ལ་གཅིག་རྟེན་པའི་ཚུལ་གྱིས་གནས་པ་ཡིན་མོད་དུ་ཟིན་ཀྱང་། འབྱུང་བ་ལྔ་པོ་དག་གིས་སྐྱེས་པའི་རོ་མངར་བ་དང་། སྐྱུར་བ། ལན་ཚྭ་བ། ཁ་བ། ཚ་བ། བསྐ་བ་བཅས་རོ་དྲུག་པོ་རྣམས་ཀྱང་འབྱུང་བ་ལྔ་འཛོམས་པའི་སྟོབས་ལས་བྱུང་བ་ཡིན། འོན་ཀྱང་འབྱུང་བ་ལྔ་པོ་དེས་སྐྱེས་པར་འགྱུར་ཀྱང་འབྱུང་བ་གཉིས་ལྡན་དང་། གསུམ་ལྡན་སོགས་འབྱུང་བ་སོ་སོའི་ཁམས་ཤས་ཆེ་ཆུང་གི་དབང་ལས་སྨན་ལ་སོགས་པའི་དངོས་ཁམས་ཐམས་ཅད་ཀྱི་རྫས་རྣམས་ཀྱི་རོ་ཡང་གཅིག་མཚུངས་ཁོ་ན་མ་ཡིན་པར་འབྱུང་བ་ས་ཆུ་གཉིས་ལྡན་གྱིས་རོ་མངར་བ་སྐྱེས་པ་དང་། མེ་སས་སྐྱུར་བ། ཆུ་མེས་ལན་ཚྭ། ཆུ་རླུང་གིས་ཁ་བ། མེ་རླུང་གིས་ཚ་བ། ས་རླུང་གིས་བསྐ་བ་ལ་སོགས་པའི་འབྱུང་བའི་ཆ་ཤས་མང་ཉུང་ཚོགས་པ་ལས་དངོས་ཁམས་ཐམས་ཅད་ཀྱི་རོ་ཡང་མི་འདྲ་བར་རང་རང་སོ་སོར་ཁྱད་ཆོས་དམིགས་བསལ་བ་ཞིག་ཏུ་གྲུབ་པར་བྱེད་པའོ།།
ལག་ལེན་དངོས་ཐོག་རོ་མངར་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
ཤིང་མངར་རྒུན་འབྲུམ་གུར་ཀུམ་ཅུ་གང་དང་། །དོང་ག་ར་མཉེ་ཉེ་ཤིང་ལྕ་བ་དང་། །ཀ་ར་བུ་རམ་སྦྲང་དང་ཤ་མར་སོགས། །དེ་དང་དེ་འདྲ་མངར་བའི་སྨན་སྡེ་ཡིན། །ཞེས་རོ་མངར་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་སློབ་ཕྲུག་རྣམས་ཀྱི་མིག་ལམ་དུ་དཔེར་མཚོན་པར་བྱེད་པ་འདི་ལྟ་སྟེ། ཤིང་མངར་དང་། རྒུན་འབྲུམ། གུར་ཀུམ། ཅུ་གང་། དོང་ག ར་མཉེ། ཉེ་ཤིང་། ལྕ་བ། ཀ་ར། བུ་རམ། སྦྲང་རྩི། ཤ། མར་བཅས་ཀྱི་སྨན་རྫས་འདི་རྣམས་ནི་རོ་མངར་བའི་སྨན་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
ལག་ལེན་དངོས་ཐོག་རོ་སྐྱུར་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
སེ་འབྲུ་སྟར་བུ་བསེ་ཡབ་སྐྱུ་རུ་ར། །རྒྱ་ཤུག་ད་ཏྲིག་ཞོ་དར་ཆང་དང་རྩབ། །དེ་དང་དེ་འདྲ་སྐྱུར་བའི་སྨན་སྡེ་ཡིན། ། ཞེས་རོ་སྐྱུར་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་དཔེར་མཚོན་པར་བྱེད་པ་འདི་ལྟ་སྟེ། སེ་འབྲུ་དང་། སྟར་བུ། བསེ་ཡབ། སྐྱུ་རུ་ར། རྒྱ་ཤུག ད་ཏྲིག ཞོ། དར་བ། ཆང་། རྩབ་བཅས་ཀྱི་སྨན་རྫས་འདི་རྣམས་ནི་རོ་སྐྱུར་བའི་སྨན་གྱི་ཁོངས་སུ་གཏོགས་པ་ཡོན་ནོ།།
ལག་ལེན་དངོས་ཐོག་རོ་ལན་ཚྭ་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
རྒྱམ་ཚྭ་རྒྱ་ཚྭ་ལྕེ་མྱང་ཚྭ་དང་ནི། །རྭ་ཚྭ་ཁ་རུ་ཚྭ་དང་ཙབས་རུ་ཚྭ། །ཟེ་ཚྭ་ཝ་ཚྭ་མཛེ་ཚྭ་ཐལ་ཚྭ་དང་། །ཤིང་ཚྭ་ཡ་བཀྴ་ར་བུལ་ཏོག་རྣམས། །དེ་དང་དེ་འདྲ་ལ་སོགས་ལན་ཚྭའི་སྡེ། །ཞེས་རོ་ལན་ཚྭ་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་མིག་དཔེར་མཚོན་པར་བྱེད་པ་འདི་ལྟ་སྟེ། རྒྱམ་ཚྭ་དང་། རྒྱ་ཚྭ། ལྕེ་མྱང་ཚྭ། རྭ་ཚྭ། ཁ་རུ་ཚྭ། ཙབས་རུ་ཚྭ། ཟེ་ཚྭ། ཝ་ཚྭ། མཛེ་ཚྭ། ཐལ་ཚྭ། ཤིང་ཚྭ། ཡ་བགྴ་ར། བུལ་ཏོག་བཅས་ཀྱི་སྨན་འདི་རྣམས་ནི་རོ་ལན་ཚྭའི་བ་ཁོངས་སུ་གཏོགས་པ་ཡིན་ནོ།།
ལག་ལེན་དངོས་ཐོག་རོ་ཁ་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
ནིམ་པ་ཏིག་ཏ་བོང་ང་དཀར་པོ་དང་། །ཧོང་ལེན་གསེར་གྱི་མེ་ཏོག་དུག་མོ་ཉུང་། །སུམ་ཏིག་སེ་མེ་སྐྱེར་པ་བ་ཤ་ཀ། །བྲག་ཞུན་ཀྱི་ལྕེ་རེ་སྐོན་ལ་སོགས་པ། །དེ་དང་དེ་འདྲ་ཁ་བའི་སྣམ་སྡེ་ཡིན། །ཞེས་འདིར་སློབ་དེབ་སྒྲིག་པ་པོས་གོང་གི་སུམ་ཅུ་ཏིག་དང་སེ་བའི་མེ་ཏོག་གཉིས་ནི་དེང་དུས་ཀྱི་ཁོར་ཡུག་དང་བསྟུན་ཏེ་འདིར་སེམས་ཅན་གྱི་སྨན་རིགས་བཀག་སྟེ་རོ་ཁ་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་དཔེར་མཚོན་པར་བྱེད་པ་ལའང་འདི་ལྟ་སྟེ། ནིམ་པ་དང་། ཏིག་ཏ། བོང་དཀར། ཧོང་ལེན། གསར་མེ། དུག་ཉུང་། སུམ་ཅུ་ཏིག སེ་བའི་མེ་ཏོག སྐྱེར་པ། བ་ཤ་ཀ། བྲག་ཞུན། ཀྱི་ལྕེ། རེ་སྐོན་བཅས་ནི་སྨན་རོ་ཁ་བའི་རིགས་ཀྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
ལག་ལེན་དངོས་ཐོག་རོ་ཚ་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
ན་ལེ་ཤམ་དང་བཅའ་སྒ་པི་པི་ལིང་། །སྒ་གཤེར་ཤིང་ཀུན་སྲུབ་ཀ་ལྕེ་ཚ་བ། །དྭ་བ་བཙོང་དང་སྒོག་སྐྱ་ས་སོགས་པ། །དེ་དང་དེ་འདྲ་ཚ་བའི་སྨན་སྡེ་ཡིན། །ཞེས་རོ་ཚ་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་དཔེར་མཚོན་པར་བྱེད་པ་འདི་ལྟ་སྟེ། ན་ལེ་ཤམ་དང་། བཅའ་སྒ། པི་པི་ལིང་། སྒ་གཤེར། ཤིང་ཀུན། སྲུབ་ཀ། ལྕེ་ཚ། དྭ་བ། བཙོང་། སྒོག་སྐྱ་བཅས་ནི་སྨན་རོ་ཚ་བའི་སྨན་གྱི་སྡེའི་ཁོངས་སུ་གཏོགས་པ་ཡིན་ནོ།།
ལག་ལེན་དངོས་ཐོག་རོ་བསྐ་བའི་སྨན་སྡེ་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
ཙན་དན་ཨ་རུ་ར་དང་བ་རུ་ར། །ཨུཏྤལ་ག་དུར་སྨག་དང་མོན་ཆ་ར། །འོམ་བུ་ས་སོགས་དེ་འདྲ་བསྐ་བའི་སྡེ། །ཞེས་རོ་བསྐ་བའི་སྨན་སྡེ་ཁག་ཅིག་ལག་ལེན་དངོས་ཐོག་དཔེར་མཚོན་པར་བྱེད་པ་འདི་ལྟ་སྟེ། སྨན་ཙན་དན་དང་། ཨ་རུ་ར། བ་རུ་ར། ཨུཏྤལ། ག་དུར། སྨག མོན་ཆ་ར། འོམ་བུ། མོན་ཆ་ར་བཅས་ནི་སྨན་རོ་བསྐ་བའི་སྨན་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
ལག་ལེན་དངོས་ཐོག་ལྡན་པའི་རོའི་སྨན་ཁག་ཅིག་དཔེར་སྟོན་པ།
བཤད་རྒྱུད་རོ་དང་ཞུ་རྗེས་ལེའུ།
ག་པུར་ཆུ་མ་རྩི་ལ་སོགས་པ་ཡི། །ལྡན་པའི་རོ་རྣམས་དེ་ལས་བསྒྲེས་ཏེ་དཔྱད། །ཞེས་འབྱུང་བ་ལྔ་རྐྱང་པ་དང་ལྡན་པ་སོགས་སྣ་ཚོགས་པའི་སྒོ་ནས་ཕན་ཚུན་གཅིག་དང་གཉིས། གསུམ་དང་བཞི། ལྔ་དང་དྲུག་སོགས་འབྱུང་བའི་ཁམས་ཤས་ཆེ་ཆུང་གིས་དབང་ལས་རང་བྱུང་ཁམས་ཀྱི་དངོས་པོ་ཐམས་ཀྱི་རོ་དང་བྱེད་ལས་ནུས་སྟོབས་སོགས་ཀྱང་མི་འདྲ་བར་སོ་སོར་གྲུབ་པ་ཡིན།
དེར་བརྟེན་ལྡན་པའི་སྨན་གྱི་རིགས་ཁག་ཅིག་དཔེར་མཚོན་ནས་ལག་ལེན་དངོས་ཐོག་མིག་གིས་མཐོང་བའི་ཡུལ་དུ་དཔེ་རུ་སྟོན་པར་བྱེད་པ་ལ་འདི་ལྟ་སྟེ། འབྱུང་བ་ཤས་ཆེ་ཆུང་ལས་རོ་ཁ་བའི་ཁ་བ་ཚ་བ་བསྐ་བ་སྟེ་རོ་བཞི་ལྡན་ལས་བསིལ་གྱི་གཙོ་བོ་སྨན་མཆོག་ག་པུར་དང་། ཡང་སྐྱུར་བའི་མངར་བ་བསྐ་བ་རོ་གསུམ་དང་ལྡན་པའི་སྨན་ཆུ་མ་རྩི་དང་། ཡང་དེ་བཞིན་དུ་རོ་མངར་བ་སྐྱུར་བ་ལན་ཚྭ་བ་ཁ་བ་ཚ་བ་བསྐ་བ་བཅས་རོ་དྲུག་དང་ལྡན་པའི་སྨན་གྱི་རྒྱལ་པོ་ཨ་རུ་ར་བཅས་ལྡན་པ་དང་ཚོགས་པའི་རོ་ལས་གྲུབ་པའི་འབྱུང་བའི་ཁམས་དུ་མ་འདུས་པའམ་འཕྲད་པ་ལས་འཇིག་རྟེན་ཁམས་ཀྱི་དངོས་པོ་ཐམས་ཅད་ཀྱི་རོ་ཞུ་རྗེས་ནུས་སྟོབས་སོགས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཉིད་དུ་གྲུབ་པར་གྱུར་པ་ཡིན་ནོ།།
འབྱུང་བ་ལྔས་ཀུན་རྫོབ་ཀྱི་ཆོས་རྣམས་སྐྱེ་འཇིག་བྱེད་པ།
རང་བྱུང་ནགས་ཚལ་ས་ཡི་གཞི་ལ་བརྟེན། །སྐྱེ་དངོས་རྩི་ཤིང་གཤེར་ཅིང་ཆུ་ཡིས་འཚོ། །རོ་བཅུད་ལྡན་པའི་འབྲས་བཟང་མེ་ཡིས་སྨིན། །དངྭས་དང་སྙིགས་མའི་ཁམས་རྣམས་རླུང་གིས་འབྱེད། །སྐྱེ་ཞིང་འཕེལ་བའི་གོ་སྐལ་ནམ་མཁས་ཕྱེས། །དེ་ལྟར་ཕྲ་རགས་འབྱུང་ལྔ་ཚོགས་པ་ལས། །ཆོས་རྣམས་ཐམས་ཅད་སྐྱེ་འཇིག་བྱེད་པ་ཡིན། །ཞེས་ཀུན་རྫོབ་ཏུ་རགས་པའི་འབྱུང་བ་ལྔའི་སྐོར་འདི་བློ་གསར་སློབ་ཕྲུག་དོན་གཉེར་ཅན་ཚོས་ཤེས་སླ་བའི་ཆེད་དུ་སློབ་གཞི་སྒྲིག་པ་པོས་ཟུར་དུ་ཁ་སྣོན་གྱི་ཚུལ་དུ་གསར་དུ་བྲིས་པ་ཞིག་ཡིན། ང་ཚོ་སྡོད་སའི་འཛམ་གླིང་གི་ཡུལ་ལུང་འདྲ་མིན་ནང་རང་བྱུང་གི་ནགས་ཚལ་སྟུག་པོ་མང་པོ་ཡོད། དཔེར་ན། རང་བྱུང་གི་ནགས་ཚལ་ཆེན་པོ་ཞིག་ལ་མཚོན་ན་སྐྱེ་དངོས་དང་རྩེ་ཤིང་སོགས་ཡོངས་རྫོགས་འབྱུང་བ་ས་ཆེན་པོའི་རང་བཞིན་ལ་གཞི་རྟེན་བྱས་ཏེ་གནས་ཤིང་བརྟེན་པར་བྱེད་དགོས་པ་ཡིན། དེ་ལྟར་ནགས་ཆེན་པོ་དེ་ས་གཞི་ལ་བརྟེན་དགོས་པ་ཙམ་མ་ཟད་རྩེ་ཤིང་ཐམས་ཅད་ཀྱང་འབྱུང་བ་ཆུའི་ཁམས་ལ་བརྟན་ཅིང་ཆུས་གཤེར་བ་དང་སྲོག་འཚོ་བར་བྱེད་དགོས་པ་ཡིན།
ནགས་ཚལ་གྱི་རྩེ་ཤིང་སོགས་འཚོ་བར་བྱེད་པའི་གནས་སྐབས་དེར་ཉི་འོད་སོགས་འབྱུང་བ་མེའི་སྟོབས་ཀྱི་དྲོད་ལ་རྟེན་ཅིང་ཐམས་ཅད་སྨིན་པར་བྱེད་པའང་དེ་ལྟར་ཡིན། མཐར་རིམ་བཞིན་སྐྱེ་དངོས་རྩི་ཤིང་སོ་སོའི་ཁྱད་ཆོས་ལས་འབྲས་བུ་རྣམས་ཡོངས་སུ་སྨིན་ནས་དངྭང་མ་དང་སྙིགས་མའི་ཁམས་རྣམས་ཀྱང་འབྱུང་བ་རླུང་ཆེན་པོའི་མཐུ་ནུས་ལ་བརྟེན་ནས་དངྭས་སྙིགས་རབ་ཏུ་འབྱེད་པར་བྱེད་པ་ཡིན།
དེ་ལྟ་བུའི་ནགས་ཚལ་ནང་རྩེ་ཤིང་སོགས་སྐྱེ་དངོས་མ་ལུས་པ་ཀུན་ཀྱང་ཐོག་མར་སྐྱེ་བ་དང་། བར་དུ་གནས་ཤིང་སྐྱེ་འཕེལ་བྱེད་པ། མཐར་འཇིག་པར་བྱེད་པའང་འབྱུང་བ་ལྔའི་རང་བྱུང་ཆོས་ཉིད་ཀྱིས་དབང་ལས་མདོར་ན་ཕྱིའི་ནགས་ཆེན་པོ་དང་ནང་གི་རྩེ་ཤིང་སྟུག་པོ་སོགས་རགས་པའི་དངོས་པོ་དེ་དག་ང་ཚོའི་མིག་རྗེན་པས་མངོན་སུམ་དུ་མཐོང་ཐུབ་པ་ཐམས་ཅད་ཀྱང་འབྱུང་བ་ལྔ་ཉིད་ཤིན་ཏུ་ནས་དབང་བཙན་པའི་ཕྱིར་དེ་ལྟར་སྐྱེ་དངོས་དང་། རྩི་ཤིང་། ལོ་ཏོག མི། དུད་འགྲོ་སོགས་རང་བྱུང་ཁམས་ཀྱི་དངོས་པོ་ཐམས་ཅད་འབྱུང་བ་ལྔས་ཐོག་མཐའ་གཉིས་སུ་སྐྱེ་འཇིག་བྱས་དང་བྱེད་བཞིན་བྱ་བར་འགྱུར་བའི་ཚུལ་དེ་ཁོ་ན་ཉིད་དུ་ངེས་པ་ཡིན།།
འཆི་བའི་སྐབས་འབྱུང་བ་ལྔའི་ཐིམ་རིམ་བཤད་པ།
བཤད་རྒྱུད་འཇིག་ལྟས་ལེའུ།
ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང་། །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ། །མེ་ནུས་རླུང་ལ་དྲོད་རྣམས་སྡུད། །རླུང་ནུས་མཁས་ལ་ཐིམ་པས་ཕྱི་དབུགས་ཆད། །ཞེས་བཤད་རྒྱུད་ལེའི་བདུན་པ་འཆི་ལྟས་བསྟན་པའི་སྐབས་སུ་བརྗོད་པ་ལྟར་མི་རྣམས་འཆི་བའི་གནས་སྐབས་དེར་ཡང་ཤིན་ཏུ་ཉེ་བའི་འབྱུང་བ་རྣམ་པ་ལྔས་ལུས་འཇིག་པར་བྱེད་ཅིང་འབྱུང་བ་ནང་ཕན་ཚུན་གཅིག་གཤེད་གཅིག་གིས་བྱས་ཏེ་འབྱུང་བའི་ཁམས་རྣམས་མི་སྙོམས་པའི་གནས་སྐབས་དེར་འབྱུང་བ་ནང་ཕན་ཚུན་གཅིག་ལ་གཅིག་ཐིམ་པར་བྱེད་པའི་ཚུལ་ནི་འབྱུང་བ་སའི་ཁམས་ཀྱི་ནུས་པ་རྣམས་ ཉམས་པའི་སྐབས་དེར་ས་ནུས་འབྱུང་བ་ཆུ་ལ་ཐིམ་འགྲོ་བ་དང་དེས་དངོས་གཟུགས་རྣམས་མི་མཐོང་བ་ཆགས་པ་དང་། ཆུ་ནུས་མེ་ལ་ཐིམ་པའི་སྐབས་སུ་ལུས་ཀྱི་བུ་ག་དག་སྐམ་པ་དང་། ཡང་མེ་ནུས་རླུང་ལ་ཐིམ་པའི་དུས་དེར་ལུས་པོའི་དྲོད་རྣམས་སྡུད་པ་དང་། རླུང་ནུས་ཡང་མཁའ་ལ་སྟེ་ནམ་མཁའ་སྟོང་པའི་ཆ་ལ་ཐིམ་འགྲོ་བ་དང་དེས་མིའི་འབྱུང་བ་རླུང་རགས་པའི་དབུགས་རྒྱུ་བའམ་དབུགས་གཏོང་ལེན་བྱེད་པའི་ལས་འགག་སྟེ་ཕྱི་ནང་གཉིས་སུ་དབུགས་གཏོང་ལེན་བྱེད་པའི་བྱ་བ་རྣམས་ཉམས་ཏེ་མཐར་འགྲོ་བ་མི་རྣམས་འཆི་ལམ་དུ་བརྫངས་པའང་དེ་ལྟར་ཡིན།།
འབྱུང་བ་ལྔ་ཐིམ་ནས་དབང་པོ་ལྔ་ཉམས་འགྲོ་བའི་ཚུལ་བསྟན་པ།
བཤད་རྒྱུད་འཇིག་ལྟས་ལེའུ།
མིག་གི་དབང་པོ་ཉམས་པར་གྱུར་པ་ཡིས། །གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་འགྱུར། །རྣ་བའི་དབང་པོ་ཉམས་པར་གྱུར་པ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་འགྱུར། །སྣ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །དྲི་མི་གསལ་ཞིང་རོ་ལ་ཐིམ་པར་འགྱུར། །ལྕེ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །རོ་མི་གསལ་ཞིང་རེག་ལ་ཐིམ་པར་འགྱུར། །ལུས་ཀྱི་དབང་པོ་ཉམས་པས་རེག་མི་འཚོར། །ཞེས་བཤད་རྒྱུད་ལུས་ཀྱི་འཇིག་ལྟས་ལེའུར་གསུངས་པ་ལྟར་འདིར་སློབ་དེབ་སྒྲིག་པ་པོས་མདོར་ཙམ་འགྲེལ་ན་ནི། དེ་ལྟར་འབྱུང་བ་ལྔའི་ཁམས་རྣམས་རབ་ཏུ་འཁྲུགས་པའི་རྐྱེན་གྱིས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་རགས་པའི་ཀུན་རྫོབ་ཀྱི་འབྱུང་བ་དེ་དག་ཕན་ཚུན་གཅིག་ལ་གཅིག་ཐིམ་སྟེ་ཆ་མི་སྙོམས་པའི་གནས་སྐབས་སུ་འགྲོ་བ་མིའི་དབང་པོ་ལྔ་ཡང་འབྱུང་བ་ཆ་མི་སྙོམས་པའི་དབང་ལས་རང་བཞིན་གྱིས་ཉམས་པར་གྱུར་པ་ཡིན། དེར་བརྟེན་ཤིན་ཏུ་ནས་ཉེ་བའི་འབྱུང་བ་རྣམ་པ་ལྔ་ཐིམ་པའི་དུས་དེར་མིའི་དབང་པོ་ལྔ་པོ་དག་ཀྱང་ཉམས་པར་འགྱུར་བའི་ཚུལ་ནི་མིག་གི་དབང་པོ་ཉམས་པར་གྱུར་པའི་དུས་དེར་མིག་ཤེས་ཀྱིས་གཟུགས་མི་གསལ་ཞིང་སྒྲ་ལ་ཐིམ་པར་འགྱུར་བ་དང་། སྣ་བའི་དབང་པོ་ཉམས་ནས་འགག་པའི་དུས་དེར་སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་བྱེད་པ་དང་། སྣ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས་དྲི་མི་གསལ་ཞིང་རོ་ལ་ཐིམ་པར་འགྱུར་བ་དང་། ལྕེ་ཡི་དབང་པོ་ཉམས་པར་གྱུར་ཏེ་འགག་པའི་སྐབས་སུ་རོ་མི་གསལ་ཞིང་རེག་བྱ་ལ་ཐིམ་པར་འགྱུར་བ་དང་། ལུས་ཤེས་ཀྱི་དབང་པོ་ཉམས་པར་གྱུར་པ་ཡིས་རེག་བྱ་ཚ་གྲང་དང་བདེ་སྡུག་སོགས་ཅི་ཡང་མི་འཚོར་བར་གྱུར་པ་ཡིན།
དེ་ལྟར་མི་རྣམས་འཆི་བའི་གནས་སྐབས་དེར་འབྱུང་བ་རྣམ་པར་ལྔ་གཅིག་ལ་གཅིག་ཐིམ་པའི་སྐབས་སུ་མིའི་དབང་པོ་རྣམ་པ་ལྔ་པོ་དེ་དག་ཀྱང་ཉམས་པར་གྱུར་ཏེ་དབང་རྟེན་ཕན་ཚུན་གཅིག་ལ་གཅིག་ཐིམ་སྟེ་འགག་འགྲོ་བ་དང་ཕྱི་ནང་གི་དབུགས་འབྱིན་རྔུབ་བྱེད་པའི་རྒྱུན་ཆད་དེ་འཆི་བར་འགྱུར་བ་ཡང་འབྱུང་བ་ལྔའི་རང་བཞིན་དང་དབང་པོ་ལྔའི་རང་བཞིན་གྱི་འབྲེལ་བའི་ལས་རྣམས་ཉམས་པ འི་ཚུལ་དེ་ལྟ་བུ་ཡིན་ནོ།།
ཕྱིའི་འབྱུང་བ་ལྔ་དང་ནང་སྐྱེས་བུའི་ཁམས་ཀྱི་འབྲེལ་བ་བསྟན་པ།
ས་དང་ཆུ་དང་མེ་དང་རླུང་དང་མཁའ། །ལུས་དང་ལྕེ་དང་མིག་དང་སྣ་དང་རྣ། །མཚེར་པ་སྙིང་དང་མཆིན་པ་གློ་བ་མཁལ། །ཕོ་བ་རྒྱུ་མ་མཁྲིས་པ་ལོང་ལྒང་པ། །མཁྲིས་པ་ཆུ་སེར་ཁྲག་དང་བད་ཀན་རླུང་། །སེར་པོ་ལྗང་ཁུ་དམར་པོ་དཀར་པོ་སྔོ། །ཇི་ལྟར་ཕྱི་རོལ་འབྱུང་བ་ཆེན་པོ་ལྔས། །ནང་གི་སྐྱེས་བུའི་དོན་སྣོད་དབང་པོ་ལྔ། །ཉེས་གསུམ་ཆུ་སེར་ཁྲག་དང་བཅས་ལྔ་པོའི། །ནད་གཞིའི་རྟགས་དང་ཁ་དོག་རྣམ་པ་ལྔ། །ཕན་ཚུན་གཅིག་ལ་གཅིག་རྟེན་རགས་ལུས་ཕྱིར། །ཆགས་གནས་འཇིག་པའི་རྩ་བའང་འབྱུང་ལྔ་ཉིད། །ཅེས་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ཆེན་པོ་ལྔ་དང་ནང་སྐྱེས་བུའི་ཁམས་ཀྱི་དབར་ཕན་ཚུན་འབྲེལ་བ་ཇི་ལྟར་ཡོད་མེད་ཀྱི་ཚུལ་འདི་རྣམས་བློ་རིག་བཀྲ་བའི་བློ་གསལ་སློབ་མ་རྣམས་ལ་དམིགས་ཏེ་སློབ་དེབ་སྒྲིག་པ་པོས་གསར་དུ་ཁ་སྣོན་གྱི་ཚུལ་དུ་གསར་བསྒྲིགས་བྱས་པ་ཞིག་ཡིན། འདིར་འབྱུང་བ་ལྔ་དང་། དབང་པོ་ལྔ། དོན་ལྔ། སྣོད་དྲུག ཉེས་པ་ལྔ། ནད་གཞིའི་ཁ་དོག་ལྔ་ལ་སོགས་པའི་རྟེན་ཅིང་འབྲེལ་བའི་ཚུལ་རགས་ཙམ་གླེང་བར་བྱ་བ་སྟེ།
དེ་ཡང་ཕྱིའི་འབྱུང་བ་ལྔ་ལས་ནང་མིའི་ལུས་ཀྱི་དོན་ལྔ་སྣོད་དྲུག་དང་དབང་པོ་ལྔ་སོགས་ཇི་ལྟར་གྲུབ་བམ་ཞེ་ན་ནི་འདི་ལྟ་སྟེ། འབྱུང་བ་ས་ལས་མིའི་ལུས་དང་། འབྱུང་བ་ཆུ་ལས་ལྕེ། འབྱུང་བ་མེ་ལས་མིག འབྱུང་བ་རླུང་ལས་སྣ། འབྱུང་བ་ནམ་མཁའ་ལས་རྣ་བ་བཅས་གྲུབ་པ་དང་། ཡང་དེ་བཞིན་དུ་འབྱུང་བ་ལྔས་མིའི་དབང་པོ་ལྔ་གྲུབ་པ་དང་ལྷན་ཅིག་དུ་ལུས་ཀྱི་དབང་པོ་དང་མཚེར་པ་འབྲེལ། ལྕེའི་དབང་པོ་དང་སྙིང་འབྲེལ། མིག་གི་དབང་པོ་དང་མཆིན་པ་འབྲེལ། སྣའི་དབང་པོ་དང་གློ་བ་འབྲེལ། རྣ་བའི་དབང་པོ་དང་མཁལ་མ་འབྲེལ། ཡང་དེ་བཞིན་དུ་དོན་ལྔ་ལས་སྣོད་དྲུག་ལ་ཕན་ཚུན་འབྲེལ་བ་ཡོད་པར་གྲུབ་སྟེ་དོན་མཆེར་པ་དང་ཕོ་བ་འབྲེལ། སྙིང་དང་རྒྱུ་མ་འབྲེལ། མཆིན་པ་དང་མཁྲིས་པ་འབྲེལ། གློ་བ་དང་སྣ་འབྲེལ། མཁལ་མ་དང་ལྒང་པ་བཅས་འབྲེལ། དེ་ལྟར་ཉེས་པ་གསུམ་དང་ཆུ་སེར་ཁྲག་བཅས་ལྔ་པོ་འདི་ཡང་རྣམ་པར་གྱུར་པའི་སྐབས་སུ་ཉེས་པ་རང་རང་སོ་སོའི་ནད་གཞི་རྟགས་དང་གནས་ས་ཁ་དོག་སོགས་མི་འགྱུར་བའི་གཟེར་དུ་རང་རྟགས་ཕྱིར་སྟོན་པའམ་མངོན་པར་བྱེད་པ་ཡིན་ཏེ།
མཁྲིས་པའི་དབང་ལས་ཁ་དོག་སེར་པོ་དང་འབྲེལ་ཆགས། ཆུ་སེར་གྱི་དབང་ལས་ཁ་དོག་ལྗང་ཁུ་དང་འབྲེལ་ཆགས། ཁྲག་གིས་དབང་ལས་ཁ་དོག་དམར་པོ་དང་འབྲེལ་ཆགས། བད་ཀན་གྱི་དབང་ལས་ཁ་དོག་དཀར་པོ་དང་འབྲེལ་ཆགས། རླུང་གི་དབང་ལས་ཁ་དོག་སྔོན་པོ་དང་འབྲེལ་ཆགས་པ་སོགས་མདོར་ན་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའ་དང་མིའི་ལུས་སོགས་དབང་པོ་ལྔ། མཆེར་པ་སོགས་དོན་ལྔ། ཕོ་བ་སོགས་སྣོད་དྲུག མཁྲིས་པ་སོགས་ཉེས་པ་ལྔ། སེར་པོ་སོགས་ནད་གཞིའི་ཁ་དོག་ལྔ་བཅས་ཕུན་ཚུན་གཅིག་ལ་གཅིག་རྟེན་ཅིང་འབྲེལ་པ་འབྱུང་བའི་ཐོག་ནས་ཕྱིའི་རང་བྱུང་ཁམས་ཀྱི་འབྱུང་བ་ལྔ་དང་ནང་འགྲོ་བ་མི་སོགས་སེམས་ཅན་ཀུན་གྱི་ལུས་ཀྱི་ཕུང་པོའི་ཆ་ཤས་དུ་མ་ཚོགས་པ་རྣམས་ཀྱང་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་རགས་ལུས་པའི་ཕྱིར་ཐོག་མར་སྐྱེས་བུའི་ལུས་ཆགས་པ་དང་། བར་དུ་གནས་ཤིང་འཕེལ་བར་བྱེད་པ། མཐར་ལུས་ཉིད་འཇིག་པར་བྱེད་པ་སོགས་ཐམད་ཅད་འབྱུང་བ་ལྔའི་རང་བྱུང་ཆོས་ཉིད་དེ་ཤིན་ཏུ་ནས་དབང་བཙན་ཞིང་ཆེས་ཐོག་མར་སྐྱེ་དངོས་ཐམས་ཅད་ཆགས་པར་བྱེད་པ་དང་བར་དུ་གནས་ཤིང་རྒྱུ་བ་དང་འཕེལ་བར་བྱེད་པའི་རྒྱུ་དང་གྲོགས་བྱེད་པ་ཙམ་མ་ཟད་ཕན་པའམ་སྨིན་པ་ཡང་བྱེད་པར་འགྱུར་བའི་ཚུལ་ཁོ་ན་ཡིན།
འོན་ཀྱང་འདུས་བྱས་ཐམས་ཅད་མི་རྟག་པ་དང་ཟག་བཅས་ཐམས་ཅད་སྡུག་བསྔལ་བའི་རང་བཞིན་ལས་མ་འདས་སྟབས། ཟག་བཅས་ཀྱི་འབྱུང་བ་ཕྲ་རགས་ཀྱིས་དབང་ལས་མཐར་སྐྱེ་དངོས་དང་། རྩི་ཤིང་། མི་སོགས་ཐམས་ཅད་འཇིག་པར་བྱེད་པའི་རྒྱུ་དང་ལས་སོགས་མ་ལུས་པ་ཀུན་ཀྱང་འབྱུང་བ་ལྔ་ཆ་སྙོམས་དང་མི་སྙོམས་དང་དེ་བཞིན་འབྱུང་བ་ལྔ་འཁྲུགས་དང་མི་འཁྲུགས་པའི་དབང་ལས་དེ་ལྟར་ཆོས་ཐམས་ཅད་ཕྲ་བ་དང་རགས་པའི་འབྱུང་བ་ལྔ་པོ་དག་ལ་རྟེན་ཅིང་འབྱུང་བ་ལྔ་ལས་གྲུབ་སྟེ་བྱུང་བའི་ཆོས་ཤ་སྟག་གོ །
·གསར་འགྱུར་གོང་མ:བགྲེས་པོའི་སྔོན་གླེང་དྲུང་མུའི་དམུ་ཐག
·གསར་འགྱུར་འོག་མ:གཞོན་སྐྱེས་ཚོར་ཕུལ་བའི་རེ་བཅོལ་སྙིང་གི་ཟེའུ་འབྲུ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:41:11 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:19:27 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:02:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།35.64MS