ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
གསར་འགྱུར་ཀློག་པ།

ཡུངས་མའི་ཁྱད་ཆོས་བརྗོད་པ་བཞུགས།

[རྩོམ་པ་པོ:རབ་བརྟན་དགེ་ལེགས་  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2013/2/9 14:16:06  བཀླགས་ཐེངས:1443][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།  །ཡུངས་མའི་ཁྱད་ཆོས་བརྗོད་པ་བཞུགས།

རབ་བརྟན་དགེ་ལེགས་ཕུན་ཚོགས།

དེ་ལ་འཛམ་གླིང་ས་ཡི་ཡང་རྩེ་གངས་ཅན་བོད་ཀྱི་ལྗོངས་ཀྱི་ཐོན་བསྐྱེད་ལས་བྱུང་བའི་ཡུངས་མ་འདི་ནི།ལོ་ངོ་སྟོང་ཕྲག་དུ་མའི་སྔོན་ནས་བྱུང་བའི་གངས་ཅན་བོད་པ་ཚོའི་གནའ་རབས་ཀྱི་འཚོ་བ་བཟང་ཤོས་ཤིག་དང༌། གྲོ་ནས་བྲ་སྲན་ཡུངས་ཏེ་བོད་ཀྱི་འབྲུ་སྲན་སྣ་ལྔའི་ནང་གསེས་ཤིག་ཀྱང་ཡིན། དམངས་ཁྲོད་དུ་ཡུངས་མ་ལ། ཕྱུག་པོའི་མཚར་ཟས། མེད་པོའི་སྲོག་བཟུང༌། ཕ་ཟས་ལུང་བུ་དཀར་ཆུང༌། ཕར་ཉལ་རྣམས་ཀྱི་ཕྱི་མ། ཞེས་དང༌། ལྷ་བླ་མས་གསོལ་ན་གསུང་སྐད་སྙན། གོང་དཔོན་ལུས་གསོལ་ན་དགྲ་མགོ་རྒོད། སྨན་བུ་མོས་གསོལ་ན་ཤ་རྩ་དཀར། རྟ་འདོ་བས་ཟོས་ན་གོམ་འགྲོས་ཡག །མཛོ་ཁྱུང་དཀར་ཟོས་ན་གཉའ་ཤེད་ཆེ། འབྲི་ཨ་ཟིས་ཟོས་ན་བཞོ་རྒྱུ་མོད། ལུག་གཡང་དཀར་ཟོས་ན་བལ་སྤུ་འཐུག །ཅེས་ཟེར་ནས་བསྔགས་པ་བརྗོད་སྲོལ་འདུག །  འདི་ཉིད་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་དུ་མ་ལ་འདེབས་འཛུགས་བྱེད་ཅིང༌། ས་བོན་བཏབ་ནས་ལོ་ཕྱེད་ནང་གོང་བུ་སྨིན་པ་དང༌། ངོས་འཛིན་གཅིག་གྱུར་ལ་སྐྱེ་ཚུལ་དང་མཚན་ཉིད་སོགས་ནི་རྒྱས་བཤད་མ་དགོས་པར། བོད་ཀྱི་ཁེད་དུ། གཡུ་རལ་དུང་སྒོང་སྦྲུལ་གྱི་རྔ་ཞགས་ཅན། ཞེས་དང༌། དུང་གི་ཕུར་པ་ས་ལ་ཟུག །གཡུའི་རལ་པ་གནམ་ལ་ལང༌། ཞེས་དང༌། ས་ཞབས་སེངྒེ་དཀར་མོ། ས་སྟེང་གཡུ་རལ་སྔོན་པོ། ཞེས་དང༌། སེངྒེ་དཀར་མོ་མར་ཉལ། གཡུ་རལ་སྔོན་པོ་ཡར་ལང༌། ཞེས་དང༌། དཀར་པོ་དུང་གི་སྒོ་ང་ལ། སྔོན་པོ་གཡུ་ཡི་ལ་ཐོད་ཅན། ཞེས་དང༌། དཀར་པོ་དུང་གི་མཆོད་རྟེན་ལ། སྔོན་པོ་གཡུ་ཡི་ཅོད་པན་ཅན། ཞེས་དང༌། ས་ཞབས་དུང་གི་མཆོད་རྟེན་ལ། ས་སྟེང་གཡུ་ཡི་ཅོད་པན་ཅན། ཞེས་དང༌། ཆུང་བྱིས་པའི་དུས་ནས་གནས་ལ་འགྲོ། མགོ་གཡུ་རལ་རྒྱས་དུས་ཁྱིམ་དུ་འོངས། ཞེས་གྲགས་པ་ལྟར་རོ། །  ཡུངས་འདེབས་པའི་དུས་ནི་དབྱར་ཟླ་མགོ་མའི་ནང་ཙམ་ལ་བྲ་ཡུངས་བསྲེ་བའི་དུས་ཟེར་ནས་བྲ་བོ་དང་ཡུངས་བསྲེ་ཡང༌། གཙོ་བོར་ས་ཁུལ་སོ་སོའི་ཡུལ་བབ་དང༌།གནམ་གཤིས་དྲོ་གྲང་ལ་བརྟེན་ནས་འདེབས་དགོས་པ་ཡིན། ཡུངས་འདེབས་སྐབས།  ཧོ་་་༌། ཧོ་་་༌། ཧོ་་་༌། ཡུངས་ཡག །ཡུངས་ཡག །ཕ་རིའི་རི་ནས་རྫ་ཉིལ། ཚུར་རིའི་རི་ནས་ཡུངས་ཉིལ། རྫ་ཡུངས་གཉིས་པོ་ཁ་སྤྲོད། དཀར་ལུ་རེ་ལ་ཟངས་དཀར་ཙམ། དམར་ལུ་རེ་ལ་ཟངས་དམར་ཙམ། ཨ་འཇོལ་རེ་ལ་རྒྱེས་ལུ་ཙམ། ཁ་ཤོ་རེ་ལ་རྟ་སྒ་ཙམ། བརྒྱ་ཡར་འགྲོ་ཚོས་ཁུར་རྒྱུ། སྟོང་ཕྱིར་འོང་ལ་སྦྱིན་རྒྱུ་ཞིག་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་འདེབས། ཡུངས་བཏབ་སྟེ་ཟླ་བ་གཅིག་ཡར་མར་ཙམ་ནས་ཡུངས་རྔ་མདུད་པ་དང༌། ཟླ་བ་གསུམ་བཞི་ཙམ་ནས་གོང་བུ་གྱུར་ཏེ་བཟའ་རུང་བ་ཡིན། ཡུངས་དང་ལོ་མ་ལ་སྟོན་ཁར་བ་མོ་དང་བསེར་བུ་ཇི་ཙམ་ཕོག་ན་དེ་ཙམ་དུ་ལོ་མ་ཞིམ་ལ་ཚོས་མགྱོགས་པ་དང༌། ཡུངས་ཤེད་ཚུད་ཡོང་བས་སྟོན་ཁར་ཡུངས་ལ་བ་མོ་དང་ལྷགས་པ་ཕོག་ཏུ་བཅུགས་ཏེ་བསྐོ་རྒྱུ་འཕྱི་བཅུགས་པ་ཡིན། ཡུངས་བསྐོས་རྗེས་ལོ་མ་མ་བཅད་པར་ཕུང་པོ་བྱས་ཏེ་བཞག་ན་རུལ་ཡོང་བས་ཡུངས་ལོ་བཅད་ནས་ཡུངས་སྒང་དང་ལོ་མ་སོ་སོར་བྱས་ཏེ་ཡུངས་རྣམས་ཡུངས་ཁྲིའི་སྟེང་བཀོད་ནས་སྐམ་དུ་བཅུགས་པ་དང༌། ལོ་མ་རྣམས་ལོ་དཀྱུས་བརྒྱབས་ཏེ་དབྲ་མགོ་དང་ཁང་པའི་བད་ཁར་གཟར་བའི་སྲོལ་རྒྱུན་འཇགས་སུ་བྱུང་བས། བོད་ཀྱི་གཏམ་དཔེར། ཡར་བཅད་ཡུངས་རྡོག་ཁྲི་ལ་བཀོད། མར་བཅད་ལོ་མ་བད་ལ་གཟར། ཞེས་དང༌། ཁང་པའི་དབྲ་མགོ་དང་བད་ཁར་བཀོད་པའི་ལོ་མ་རྣམས་རླུང་གིས་བསྐྱོད་དེ་ས་ཁར་འཐོར་བ་ར་ལུག་རྣམས་ཁྱུ་འཚུབས་ཀྱིས་བཟའ་བས། དབྲ་མགོ་ལོ་མ་རླུང་གིས་བསྐྱོད་ན། སྟོང་ར་ཁྱུ་འཚུབས་པའི་གཞི་མ། ཞེས་པའི་གཏམ་དཔེར་ཆགས་སོ། །  ཡུངས་མའི་མིང་གི་རྣམ་གྲངས་ལ། ཡུངས་མ་དང༌། ཉུངས་མ། ག་གོན། གྲུལ་བུམ་ཅན། འདེད་བྱེད་སྡོང་པོ། བྲ་བོ་རྒོད། རྩུབ་མོ། ཨརྴ་འཇོམས་བཅས་དང༌། ཁྱད་པར་ཁ་བྱང་ལྟའི་ཞིང་ནང་གནམ་གྱི་ཆར་པའི་ཆུ་ཡི་རླན་ཁོ་ན་ལས་སྐྱེས་པའི་ཉུངས་མ་ལ་ཆར་ཉུངས་ཞེས་བྱ་ཞིང༌། ཡུངས་ཆུང་སྐམ་པོ་ལ་འབུ་ཧྲུལ་དང༌། ལྷགས་པས་འཁེངས་སད་ཁུར་བ་ལ་སྤོབས་བྱེར། ཡུངས་གཤག་ཟོར་སྟེང་གཤག་པ་ལ་གཤག་མ་ཟེར། གཤག་མ་ལ་ལེབ་གཤག་བྱས་པ་དང༌། སྒང་གཤག་བྱས་པ་གཉིས་ཡོད་ཅིང༌། ཡུངས་གཤག་མ་བྱས་པས་སྐམ་སླ་ཞིང༌། ཉར་ཚགས་དང་བཟའ་བཙོ་བདེ་བ་བཅས་ཀྱི་ཁྱད་ཆོས་ཡོད།   ཡུངས་མ་དང་ཡུངས་ལོའི་ཟས་ཀྱི་རྣམ་གྲངས་ལ། རང་ཆུ་མ་འཐག་པའི་ཡུངས་རློན་བཤག་བཏུབ་བྱས་ནས་བཙོས་པ་ལ་དཀར་ཧྲུག་དང༌། ཡུངས་རློན་དུམ་བུ་མ་བྱས་པར་བཙོས་པ་ལ་དཀར་ལེབ་བམ་ལུང་བུ། གཤག་མ་རང་ཆུ་འཐག་པ་བཙོས་པ་ལ་ཆོ་ལེ། མེ་ནང་བསྲེགས་པ་ལ་ཡུངས་བསྲེགས་ཟེར་ཞིང༌། ཡུངས་འདི་གནའ་དུས་སུ་ཡུལ་པ་རྣམས་ཀྱིས་ནང་ཁུལ་དུ་བཟའ་རྒྱུའི་གཙོ་བོ་དང༌། འབྲོག་པ་རྣམས་གངས་སླེབས་རྒྱགས་དུས་སྒོ་ཕྱུགས་གསོ་བྱེད་གཙོ་བོ་འདིས་བྱེད་པས། འབྲོག་པ་རྣམས་ཀྱིས་ཤ་མར་ཀོ་ལྤགས་ཁུར་ནས་ཡུངས་མ་ཤས་ཆེར་ཡོད་པའི་ཡུལ་ཁུལ་དག་ཏུ་ལོ་བསྟར་ཡུངས་སྒྲུབ་ཡོང་སྲོལ་འདུག །  ཁ་ཚོས་དང༌། ཆས་སྐམ་ནི། རོ་མངར་ཤས་ཆེ་བའི་ཡུངས་ཆུང་སྐམ་པོ་དང་བཤག་མ་གང་རུང་གིས་བཟོ་ཞིང༌། མོག་ཕྲུ་ལྟ་བུའི་ཁ་ལ་རླངས་བཙོས་བྱས་པ་ལ་རླངས་བཙོས་སམ་ཁ་ཚོས་དང༌། ཆུར་བཙོས་བྱས་རྗེས་གཤེར་མེད་པར་བྱས་ནས་དུམ་བུར་བཏུགས་ཏེ་ཅུང་སྐམ་དུ་བཅུགས། སླར་ཡང་ཡུངས་ཁུ་རང་འཐག་བྱས་པའི་ནང་དུ་སྔར་གྱི་ཡུངས་རྣམས་དང༌། ཀ་ར་དང་བུ་རམ་སོགས་བཏབ་ནས་ཡུངས་ཁུས་ཚོས་པར་བྱས་ཏེ་སྐམ་པ་ལ་ཆས་སྐམ་མམ་རླངས་སྒང་ཟེར།   ཡུངས་མ་མངར་མིན་གྱི་ཁྱད་པར་ནི། དབྱིབས་ལེབ་ལ་སྲབ་ཅིང༌། ལོ་མའི་སྡོང་པོ་དང༌། རྔ་མ་ཕྲ་ལ་རིང་བ། ཤུན་པ་སྲབ་པ་བཅས་དང༌། ལུང་པ་མཐོ་སར་སྐྱེས་པའི་ཡུངས་རྣམས་མངར་ཆེ་བ་དང༌། དེ་ལས་བཟློག་སྟེ་དབྱིབས་སྒང་སྒང་དང༌། ལོ་སྡོང་དང་རྔ་མ་རགས་ལ་ཐུང་བ། ཤུན་པ་འཐུག་པ་བཅས་དང༌། རྒྱ་ཤོད་ལྟ་བུ་ས་དམའ་ས་དང་ལུད་མང་སར་སྐྱེས་པའི་ཡུངས་ལ་ཤོད་ཁེ་ཟེར་ནས་ཁ་ཚ་ཞིང་རོ་མི་ཞིམ་པ་ཡིན།   ཡུངས་ལོ་ལ་ལོ་རློན་དང༌། ལོ་སྐམ། ལོ་སྐྱུར་གསུམ་ཡོད་ཅིང༌། ཡུངས་མ་མ་བསྐོས་པའི་ཡུངས་ལོ་ནི་ཚལ་དཀར་ཆེ་ཆུང་ལྟར་འཐུ་ཀྱིན་སྐྱེ་ཡོང་བས་ཡུངས་ཞིང་ཡོད་པའི་ཞིང་འབྲོག་ཁུལ་གྱི་མི་རྣམས་ཀྱིས་ནམ་རྒྱུན་ལོ་རློན་བཟའ་རྒྱུ་འཐོག་ནས་བཟའ་བར་མ་ཟད། དགུན་དཔྱིད་ལ་བཟའ་རྒྱུའི་ལོ་སྐམ་ཡང་མང་པོ་བྱེད་པ་ཡིན།   ལོ་སྐྱུར་ནི། སྟོན་སྨད་དམ་དགུན་ཁ་ལྟ་བུ་གྲང་ངར་ཆེ་དུས་བཟོ་ལ། ཡུངས་ལོ་ལོ་སྡོང་དང་བཅས་པ་ཆུར་བཙོས་བྱས་པར་ཞོ་སྐྱུར་རམ་དར་བའི་སིལ་ཁུ་ལྟ་བུ་སྐྱུར་རྫས་ཤིག་བླུགས་ཏེ་རྫ་མའམ་ཤིང་ཟོ་ལྟ་བུའི་ནང་དུ་ཉིན་གཉིས་གསུམ་ལ་ཆང་བསྙལ་བ་ལྟར་བྱས་ནས་བསྙལ་ཏེ་ལོ་མ་ལ་སྐྱུར་ཆགས་པར་བྱེད། དེ་ནས་རྡོག་རྡོག་རང་སོ་འདུག་ཙམ་པ་དུ་མ་བྱས་ཏེ་ལྷགས་པར་ནང་བཀོད་ནས་འཁེངས་སད་ཁུར་བཅུགས་ཏེ་ནམ་རྒྱུན་བཟའ་ཆོག་པ་ཡིན།   ཡུངས་མའི་ས་བོན་ནམ་འབྲས་བུ་ཉུངས་སོན་ནི། ཡུངས་མའི་རྩ་བ་སྐྱོན་མེད་ཁ་ལོ་བཅད་པ་རུལ་བ་དང་འཁེངས་པའི་སྐྱོན་མི་ཡོང་བའི་ཕྱིར་དུ་དགུན་ཁར་ཡུངས་དོང་དུ་སྦས། སླར་ཡང་ཡུངས་འདེབས་དུས་ཙམ་ན་ཞིང་ཁར་ཕྲེང་བྱས་ནས་བཙུགས་པས་ལོ་སྡོང་ཡུངས་སྨྱོན་ལྟར་རིང་ལ་རགས་པ་སྐྱེ་བ་དང༌། མེ་ཏོག་སེར་པོ་ཞིག་འཆར་ཞིང་འབྲས་བུ་དམར་ནག་ཡུངས་དཀར་ལྟར་ཤིན་ཏུ་ཆུང་བ་ཞིག་འདོགས་པ་ཡིན་པས་སྟོན་དུས་སྨིན་ཐོག་བསྡུས་ནས་སྐམ་གསེད་བྱ་བ་ཡིན། འདི་ལ་ཡུལ་སྐད་དུ་ཡུངས་གཞི་དང༌། ཞེ་ལི་བཅས་ཟེར།   ཡུངས་མའི་རོ་ནུས་ཞུ་རྗེས་ཀྱི་ཁྱད་པར་ལ། དེའུ་དམར་བས་ཤེལ་གོང་ལས། རྩ་བ་ཅན་སྡེར་ཉུངས་མས་དུག་ནད་སྲུང༌། །ཚ་དྲོ་བད་རླུང་སེལ་ཞིང་མཁྲིས་པ་སྐྱེད། །ཅེས་དང༌། དྲི་མེད་ཤེལ་ཕྲེང་དུ། ཉུངས་མ་ནི། རྒྱུད་ལས། ཉུངས་མ་དེ་བཞིན་དུག་ནད་མ་ལུས་སྲུང༌། །ཞེས་དང༌། དཔའ་བོས། ཉུངས་མ་ཚ་ཞིང་དྲོ་བ་དང༌། །བད་ཀན་རླུང་སེལ་མཁྲིས་པ་སྐྱེད། །ཅེས་དང༌། བདུད་རྩི་ཐིག་པར། ཉུངས་མས་རླུང་སེལ་བད་ཀན་མཁྲིས་པ་སྐྱེད། །ཅེས་དང༌། རང་བྱུང་བས། ལོ་ཉུངས་ལོ་ལྡན་བཅུད་དུ་བྱེད། །ཅེས་གསུངས་པ་ལྟར་རྩ་བ་རོ་མངར་ཞིང་ཞུ་རྗེས་ཚ་ཞིང་དྲོ་བ་དང༌། ནུས་པས་བད་མཁྲིས་སྐྱེད་པར་བྱེད་ཅིང༌། བད་ཀན་དང་རླུང་ནད་འཇོམས་པའི་མཆོག་ཏུ་འགྱུར་བ་དང༌།ལུས་ཀྱི་ཁྲག་གར་བ་སླ་བར་བྱེད་པ་དང༌། ལུས་ལ་ཁྲག་འཁོར་སྤྱོད་ལེགས་པར་ཡོང་བ་ལ་ཤིན་ཏུ་ཕན་པ་ཡིན། དུག་གི་ནད་རྣམས་སྤྱི་དང༌། ཁྱད་པར་སྔོ་དུག་ན་བར་ཡུངས་མས་ཕན་པས་ར་རེའུ་སོགས་སྒོ་ཕྱུགས་རྣམས་དཔྱིད་ཀར་སྔོ་དུག་ཕོག་པར་གནའ་ནས་ད་བར་དུ་ཡུངས་བསྲེགས་སྦྱིན་ནས་བཅོས་པ་དང༌། འགྲུལ་པ་རྣམས་ཁྲག་གི་བྱེད་པས་རི་མཐོ་སར་སླེབས་དུས་ལ་མགོ་ན་སྟེ་འགྲོ་མི་ནུས་ཤིང༌། མགོ་ཡུ་འཁོར་བ་ལ་ཡུངས་མས་ཕན་པས་དུས་རྒྱུན་ཨ་ཅོ་དང༌། གནས་བསྐོར་བ་དང་ཡུལ་བསྐོར་བ་རྣམས་ཀྱིས་ཡུངས་བསྲེགས་དང་ཆས་སྐམ་སོགས་ཁུར་ཏེ་འགྲོ་སྲོལ་འདུག །  ཡང་རླུང་རྩི་ལ་ཆོ་རག་དང༌། ལྟོགས་བཅོས་ལ་ཆོ་ཁུ་ཞེས་གྲགས་པ་ལྟར་ཡུན་རིང་གི་ནད་པ་ཤིན་ཏུ་ལུས་ཟུངས་ཟད་དེ་རླུང་རྩི་གཏོང་དཀའ་བ་དག་གི་རླུང་མགོ་ཁུག་བྱེད་ལ་ཆོ་ལེ་བཙོས་པའི་རླངས་པ་ཕྱིར་འགྲོ་མ་བཅུགས་པར་ཆོ་རག་ཕབ་པའི་ཟིལ་ཆུ་རླུང་བཅོས་བྱེད་པའི་སྨན་མཆོག་ཅིག་ཏུ་གྲུབ་པ་དང༌། ཟ་མ་ཡུན་རིང་མ་རྙེད་པར་ཤིན་ཏུ་བཀྲེས་པས་འཆི་ཉེ་སྟེ་ཟས་གཞན་སྦྱིན་མི་ཕོད་པ་དག་གི་ལྟོགས་བཅོས་དང༌། ལུས་ཟུངས་གསོ་བ་བྱེད་པ་ལ་ཆོ་ལེའི་ཁུ་བ་ལས་ལྷག་པ་མེད་པ་ལྟ་བུ་ཡིན། མུ་གེའི་ནད་ལ་ཡུངས་མ་ལས་ཕན་ཆེ་བ་མེད་པས་མུ་གེའི་ནད་བྱུང་དུས་ཁ་ལ་བཟའ་བ་མ་ཟད། སྣར་སྣོམ་པ་དང༌། ཁང་པའི་སྒོ་དང་སྐེ་ལ་བཏགས་པ་བཅས་བྱས་རབས་འདུག་ཅིང༌། རྒྱང་རིང་ནས་ཀྱང་ཡུལ་ཁུལ་དུ་ཡུངས་ཡག་མིན་དྲི་སྲོལ་དང༌། ཡུངས་ཡག་འདུག་ཟེར་ན་འདི་ལོ་མུ་གེ་ལ་འཇིགས་མི་དགོས་ཟེར་ནས་དགའ་དགའ་བགྱིད་སྲོལ་ཡོད་དོ། །  མདོར་ན་བཅོས་མའི་རྫས་འགྱུར་གྱི་སྦྱོར་བས་མ་བསླད་པར་རང་བྱུང་གི་ཁོར་ཡུག་གཙང་མ་ལས་འཁྲུངས་པའི་ཡུངས་མ་འདི་ནི་གངས་ཅན་བོད་མིའི་འགྲོ་བ་རྣམས་ལ་གནའ་ནས་དར་བའི་བླང་བྱ་གནོད་མེད་ཀྱི་ཕུལ་དུ་བྱུང་བའི་ཟས་རིགས་ཤིག་ཡིན་ཞིང༌།འདི་ལ་ཐབས་ཤེས་སྣ་ཚོགས་བེད་སྤྱད་དེ་མིའི་ལུས་ཁམས་དང་ཤིན་ཏུ་འཕྲོད་པའི་བདེ་ཐང་གི་བཟའ་ལྟུང་སྐོར་གྱི་རྣམ་གྲངས་མང་བ་ཞིག་བྱེད་ཆོག་པ་ཡིན་ནོ། །
ཞེས་བཀྲ་ཤིས་དཔལ་འབྱོར་གྱིས་བསྐུལ་བ་ལྟར། རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ལྕགས་ཡོས་ནགས་ཟླའི་ཡར་ཚེས་ལ་བྲིས་པ་དགེའོ། །

·གསར་འགྱུར་གོང་མ:ཀུན་མཁྱེན་རྒྱལ་བའི་བསྟན་པ་རྒྱས་པའི་སྨོན་ལམ།
·གསར་འགྱུར་འོག་མ:ཆུ་སྦྲུལལ་ལོ་གསར།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 16:23:41 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:57:20 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 7:30:59 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།43.95MS