ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

འཁྲུངས་སྐར་བདེ་ལེགས།

[རྩོམ་པ་པོ:སྣ་ཚོགས  ཡོང་ཁུངས:ངེད་  དུས་ཚོད:2013/5/21 10:12:44  བཀླགས་ཐེངས:1435][ཡིག་གཟུགས:ཡིག་གཟུགས་མདོག]
འཁྲུངས་སྐར་བདེ་ལེགས།
 
   སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ༎      དེ་རིང་གི་ཉི་མ་འདི་ནས་ཡར་བརྩིས་པའི་ལོ་མི་ལོ་༢༥༥༧པའི་ས་ག་ཟླ་བའི་ཡར་ཚེས་༧ཉིན།      བདག་ཅག་གི་སྟོན་པ་བཅོམ་ལྡན་འདས།      དེ་བཞིན་གཤེགས་པ།      དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས།      རིག་པ་དང་ཞབས་སུ་ལྡན་པ།      བདེ་བར་གཤེགས་པ།      འཇིག་རྟེན་མཁྱེན་པ།      སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ།      བླ་ན་མེད་པ།      ལྷ་དང་མི་རྣམས་ཀྱི་སྟོན་པ།      ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད་ལུམྦུ་ནིའི་སྐྱེད་མོའི་ཚལ་དུ་སྐུ་བལྟམས་སོ༎     
དེ་ཡང་མཛད་པའི་གཙོ་བོ་བསྡུ་བ་དང༌། གྲངས་ལ་དགའ་བ་རྣམས་རྗེས་སུ་བཟུང་བའི་ཕྱིར་སློབ་དཔོན་པདྨའི་ངང་ཚུལ་གྱིས། སངས་རྒྱས་ཀྱི་སྐུའམ་མཛད་པ་བཅུ་གཉིས་ལ་སོགས་པ་བསམ་ལ། ཞེས་དང༌། ཆོས་ཀྱི་བཤེས་གཉེན་གྱིས༌། དགའ་ལྡན་གྱི་གནས་ནས་བབ་པ་ལ་སོགས་པ་མཛད་པ་བཅུ་གཉིས་ཀྱིས་གདུལ་བྱ་རྣམས་སྨིན་པར་མཛད་པ་ཞེས་སོགས་ཡོངས་གྲགས་ལ་མཛད་པ་བཅུ་གཉིས་ཀྱི་གྲངས་སུ་བསྡུ་བར་གསུངས་པ་བཞིན།      འདིར་ཡང་ལས་དང་པོ་པ་རྣམས་ལ་ཕན་པའི་ཕྱིར།      མྱ་ངན་ལས་འདས་པའི་མཛད་པ་མ་གཏོགས་པའི་མཛད་པ་གཞན་དག་རྣམས།      རྒྱ་ཆེར་རོལ་བའི་མདོ་སོགས་ལས་བྱུང་བའི་དགོངས་དོན་བཞིན་གྲངས་བཅུ་གཅིག་གི་དབང་དུ་བྱས་ཏེ་མདོ་ཙམ་སྨྲོས་ན།    
   ཡབ་སྲས་མཇལ་བའི་མདོ་ལས། སྔོན་འདས་པའི་དུས་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་འཇིག་རྟེན་གྱི་ཁམས་གཱངྒའི་ཀླུང་གི་བྱེ་མ་སྙེད་ཀྱི་ཞིང་གཅིག་ཏུ་གྱུར་བ་དེར་དེ་བཞིན་གཤགས་པ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་དེ་མྱ་ངན་ལས་འདས་ནས་སླར་ཡང་དེའི་འོག་ཏུ་སངས་རྒྱས་པའི་ཚུལ་བསམ་གྱིས་མི་ཁྱབ་པ་བསྐལ་བ་འདིའི་བར་དུ་བསྟན་ཅིང༌། ད་དུང་སོ་སོའི་སྐྱེ་བོ་སེམས་དང་བོ་བསྐྱེད་པ་ནས་བཟུང་སྟེ་སངས་རྒྱས་པའི་ཚུལ་འཁོར་བ་མ་སྟོངས་ཀྱི་བར་སྟོན་པར་མཛད་དོ།། ཅེས་པ་ནས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ།། སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར།། བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད།། སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང༌།། ད་དུང་དུ་ཡང་འདྲེན་པ་ཁྱོད།། སེམས་ཅན་མང་པོ་སྟོན་པར་མཛད།། ཅེས་དང༌། པདྨ་དཀར་བོ་ལས། རིགས་ཀྱི་བུ་ང་ནི་བསྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོའི་གོང་རོལ་དུ་མངོན་པར་རྫོགས་པར་སངས་རྒྱས་སོ།། ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐབས་མཁས་ཤིང་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདི་ཉིད་བསྐལ་བ་དཔག་ཏུ་མེད་པའི་གོང་རོལ་ནས་སྒྲིབ་གཉིས་ཀྱི་དྲི་མ་མཐའ་དག་རྣམ་པར་སྤངས་ཏེ་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ནའང་སྙིགས་མའི་འགྲོ་བ་རྣམས་ལ་ཐུགས་བརྩེ་བའི་ལྷག་པར་དགོངས་ཏེ། སླར་ཡང་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཆོག་གི་སྤྲུལ་བའི་སྐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པ་ཡིན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན།། འཇིག་རྟེན་ཀུན་ལ་གཟིགས་ནས་ནི།། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན།། སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས།། སྐྱེ་བ་མངོན་པར་འཕོས་བ་དང༌།། དགའ་ལྡན་གནས་ནས་འཕོ་བ་དང༌།། ལྷུམས་སུ་ཞུགས་དང་བལྟམས་པ་དང༌།། བཟོ་ཡི་གནས་ལ་མཁས་པ་དང༌།། བཙུན་མོའི་འཁོར་དགྱེས་རོལ་བ་དང༌།། ངེས་འབྱུང་དཀའ་བ་སྤྱད་པ་དང༌།། བྱང་ཆུབ་སྙིང་པོར་གཤེགས་པ་དང༌།། བདུུད་སྡེ་བཅོམ་དང་རྫོགས་པར་ནི།། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌།། མྱ་ངན་འདའ་བར་མཛད་པ་རྣམས།། ཡོངས་སུ་མ་དག་ཞིང་རྣམས་སུ།། སྲིད་པ་ཇི་སྲིད་གནས་བར་སྟོན།། ཞེས་གསུངས་སོ།། དེ་དག་གི་ཚུལ་ནི་སྟོན་པ་ཐུགས་རྗེ་ཅན་འདི་ཉིད་སྔོན་སངས་རྒྱས་འོད་སྲུང་གི་སྤྱན་སྔར་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར་ནས་ཚངས་པར་སྤྱོད་པ་སྤྱད་དེ་དགའ་ལྡན་གྱི་གནས་སུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཞེས་པ་ཡན་ཆད་ཀྱིས་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་རྫོགས་ནས་དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནི། 
   གང་གི་ཚེ་བྱང་ཆུབ་སེམས་དཔས་ལྷ་རྣམས་ལ་ཆོས་སྟོན་པར་མཛད་པ་ན། ཉིད་ཀྱི་བསོད་ནམས་ཀྱི་མཐུ་དང༌། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་ལྷའི་རོལ་མོའི་སྒྲ་དག་ལས།། བསོད་ནམས་རྒྱ་ཆེ་ཚོགས་མངའ་དྲན་རྟོགས་དང༌།། བློ་གྲོས་མཐའ་ཡས་ཤེས་རབ་འོད་མཛད་པ།། མཚུངས་མེད་སྟོབས་མངའ་སྒྱུ་རྩལ་རྒྱ་ཆེ་བ།། མར་མེ་མཛད་ཀྱིས་ལུང་བསྟན་དགོངས་པར་མཛོད།།  སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་མཐུ་ཡིས་ནི།། དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱིས།། འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པས་ན།། ཐུགས་རྗེའི་རྒྱལ་མཚན་དག་ཏུ་ཆར་བ་ཕོབ།། ཅེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དག་གིས་བསྐུལ་བར་གྱུར་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་ཉིད་ཀྱང་བསྐུལ་བའི་དོན་ལ་རྗེས་སུ་དགོངས་ཏེ་དེ་ཉིད་ཀྱི་ཅོད་པན་མ་ཕམ་པའི་དབུ་ལ་བཞག་ནས་ཡུལ་དང་དུས་ལ་སོགས་པའི་གཟིགས་པ་རྣམ་པ་ལྔས་རིག་བྱེད་ལས་བྱུང་བ་བཞིན་དུ་གླང་བོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་དང་ལྡན་པའི་གཟུགས་ཀྱིས་འཛམ་བུའི་གླིང་དུ་གཤེགས་ཏེ་ཡུམ་སྒྱུ་འཕྲུལ་ཆེན་མོ་གསོ་སྤྱོང་ལ་གནས་པའི་གློ་གཡས་པ་ནས་ལྷུམས་སུ་ ཞུགས་པའི་ཚུལ་བསྟནད་ཏོ།།
   ལྷུམས་སུ་ཟླ་བ་བཅུ་ཚང་བར་བཞུགས་པའི་ཚེ་ན་ཡང་ལྷ་མི་ཁྲག་ཁྲིག་སུམ་ཅུ་རྩ་དྲུག་ཐེག་པ་གསུམ་ལ་སྨིན་པར་མཛད་དེ་བལྟམས་པའི་སྔ་ལྟས་སུམ་རྩ་གཉིས་དང༌། གླིང་ཆེན་པོ་བྱེ་བ་ཕྲག་བཞིའི་དབུས་སུ་ཨཤདྠའི་ལྗོན་པ་སྐྱེས་པ་དང༌། གླིང་ཕྲན་རྣམས་སུ་ཙནྡན་གྱི་ཚལ་སྐྱེ་བ་སོགས་ངོ་མཚར་བའི་མཚན་མ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་བཅས་ཏེ། ལུམ་བུ་ནའི་སྐྱེད་མོའི་ཚལ་དུ་ཡུམ་སྒྱུ་འཕྲུལ་ཆེན་མོ་འཆག་པ་ལས་ཡུམ་གྱི་ཕྱག་གཡས་ཤིང་པཀྴཤ་ལ་འཇུས་ཏེ་བྱ་རྨྱངས་མཛད་པ་ན། ཡུམ་ལ་གནོད་པ་མེད་པར་རྩིབ་ལོགས་གཡས་པ་ནས་སྐུ་བལྟམས། དེའི་ཚེ། གང་ཚེ་ཁྱོད་ལ་ལྷུང་བཟེད་འབུལ་བ་ཡི།། འཇིག་རྟེན་སྐྱོང་བ་བཞི་ནི་སྡོད་ཅིང་མཆིས།། ཁྱོད་བལྟམས་ཚེ་ན་ལེན་པར་འགྱུར་བ་ཡི།། བརྒྱ་བྱིན་ཚངས་པ་ཁྲག་ཁྲིག་དག་ཀྱང་ཡོད།། ཅེས་པ་ལྟར། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤི་ཀའི་རས་ཀྱིས་བླངས། དགའ་བོ་དང་ཉེར་དགས་ཁྲུས་གསོལ་བ་ན། ཀཽཽཤིཀ་ང་ཐོངས་གསུངས་ཏེ། ཤར་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་བྱའོ།། ཞེས་སོགས་གསུངས་ནས་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བས་པདྨ་བདུན་བདུན་དུ་སྐྱེས་སོ།། དེའི་ཚེ་ཡབ་ཀྱིས་སྐུ་བལྟམས་པའི་ངོ་མཚར་གྱིས་དོན་ཐམས་ཅད་གྲུབ་པར་མཚན་གསོལ།། མ་མ་སུམ་ཅུ་རྩ་གཉིས་ཀྱིས་སྐྱེད་བསྲིངས།། ཤཱཀྱ་རྣམས་ཀྱི་ནང་ན་ཐུབ་པ་བཞིན་གནས་པས་མཚན་གཉིས་པ་ཤཱཀྱ་ཐུབ་པར་བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བར་ལུང་བསྟན་ཏོ།།
   དེ་ནས་བྱང་ཆུབ་སེམས་དཔས་དུས་ལ་བབ་པའི་གདུལ་བྱ་རྣམས་སྨིན་པའི་སླད་དུ་ཡི་གེ་སློབ་པའི་གྲྭར་བྱོན་ཏེ་སློབ་དཔོན་ཀུན་གྱི་བཤེས་གཉེན་ལས་ཡི་གེ་སློབ་པ་ལྟར་མཛད་ཅིང་སློབ་དཔོན་གྱིས་མིང་ཙམ་མ་ཐོས་པའི་ཡི་གེ་ཤིན་ཏུ་མང་པོ་བསྟན། དགུང་ལོ་བཅུ་དྲུག་ལོན་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་རྒྱལ་བའི་རུ་མཚོན་དུ་བཞག་ནས་སྒྱུ་རྩལ་འགྲན་པའི་ཐོག་མར་མཁས་བ་ཆེན་པོ་སྲིད་སྒྲུབ་དཔང་དུ་བཞག་སྟེ། གྲངས་ཀྱི་གནས་འགྲན་པ་ལ་དཔང་པོ་དང་བཅས་པས་བྱང་ཆུབ་སེམས་དཔའི་ཆ་ཙམ་ཡང་བསྒྲུན་པར་མ་ནུས་པས་མཚོན་རི་མོའི་འདུ་བྱེད་དང༌། འཕོང་དང་སྟོབས་ལ་སོགས་པའི་སྒྱུ་རྩལ་གྱི་ལུགས་སྲོལ་ཤིན་ཏུ་མང་པོ་ལ་སུས་ཀྱང་འགྲན་ཟླ་མེད་པར་གྱུར་ཏེ་ལྷས་བྱིན་ལ་སོགས་པའི་རིགས་པ་དང་སྟོབས་ཀྱི་ང་རྒྱལ་ཅན་རྣམས་ཀྱང་དུལ་བར་བྱས། ལག་ན་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཕུལ་ཞིང་གཞན་ཡང་བཙུན་མོ་དམ་པ་གྲགས་འཛིན་དང༌། རི་དྭགས་སྐྱེས་ལ་སོགས་པ་བཙུན་མོ་དྲུག་ཁྲིའི་འཁོར་གྱིས་འཆི་མེད་ལྷའི་འདུན་ས་ལྟ་བུའི་གླུ་དབྱངས་དང་རོལ་མོ་སྣ་ཚོགས་པས་མཆོད་ཅིང་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས་པར་མཛད་དོ།།
   དེའི་ཚེ་ན་ཡང་སྔོན་གྱི་སྨོན་ལམ་དང་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱི་སིལ་སྙན་གྱི་སྒྲ་ལས་བསྐུལ་བའི་ཚིགས་སུ་བཅད་པ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི།། འགྲོ་བའི་མགོན་དང་སྐྱབས་དང་གནས་གྱུར་ཅིང༌།། ཕན་བྱེད་མགོན་དང་དཔུང་གཉེན་གྱུར་ཅིག་ཅེས༌།། ཁྱོད་ཀྱིས་སྔོན་ནི་སྨོན་ལམ་དེ་སྐད་བཏབ།། དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང༌།། འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས།། འདི་ནི་ཁྱོད་ཀྱི་དུས་དང་ཚོད་ཡིན་གྱིས།། དྲང་སྲོང་མཆོག་རབ་ཁྱིམ་ནས་འབྱུང་བར་མཛོད།། ཅེས་སོགས་དང༌། བཙུན་མོ་རྣམས་ཀྱི་རོལ་མོའི་སྒྲ་དག་ལས་ཀྱང།། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར།། འཆི་མེ་རབ་འབར་འདི་ནི་མགོན་མེད་པ།། སྲིད་ལས་འབྱུང་ལ་འགྲོ་བ་རྟག་ཏུ་རྨོངས།། བུམ་པརཆུད་པའི་བུང་བ་འཁོར་བ་བཞིན།། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ།། འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས།། འགྲོ་བའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ།། རི་གཟར་འབབ་ཆུ་བཞིན་དུ་མགྱོགས་མྱུར་འགྲོ།། ཅེས་པ་ལ་སོགས་པས་བསྐུལ་བའི་རྐྱེན་བྱས་བྱང་ཆུབ་སེམས་དཔའ་ཡང་ང་རྒྱལ་དང་རྒྱགས་པའི་སེམས་སྤངས་ཏེ་བྱང་ཆུབ་ཏུ་ཐུགས་གཏད་དོ།།
   ནམ་ཞིག་གི་ཚེ་བྱང་ཆུབ་སེམས་དཔས་འདུན་པ་ལ་སྐྱེད་མོའི་ཚལ་དུ་འགྲོ་བའི་ཤིང་རྟ་སྦྱོར་ཅིག་ཅེས་བྱས་ཏེ་ཡབ་ལ་གསོལ་ནས་སྒོ་སོ་སོ་རུ་ཕྱིན་པས།། ལྷ་རྣམས་ཀྱི་སྤྲུལ་བའི་རྒ་བ་དང༌། ན་བ་དང༌། ཤི་བ་དང༌། ཚངས་བར་སྤྱོད་པའི་དགེ་སློང་ཤིན་ཏུ་འདུལ་བ་བཅས་གཟིགས་པས་ཐུགས་ལ་ཤིན་ཏུ་བཅག་པར་གྱུར་ཏོ།། དེའི་ཚེ་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བའི་སྔ་ལྟས་རྣམས་སུ་པདྨ་རྣམས་རྙིད། བྱ་རྣམས་སྐད་མི་འབྱིན། ཤིང་ལ་མེ་ཏོག་མི་ཆགས། གླིང་བུ་དང་པུ་ཝང་གི་ཁོག་རལ། རྫ་རྔ་སོགས་སྒྲ་མེད་པར་གྱུར་བས་ཡབ་ནི་སེམས་ཁོང་དུ་ཆུད་ཅིང་འདུག་གོ། བྱང་ཆུབ་སེམས་དཔས་ཕས་མ་གནང་བར་རབ་ཏུ་བྱུང་བར་མི་རིགས་སོ་སྙམ་དུ་དགོངས་ནས་ཡབ་ཀྱི་དྲུང་དུ་སོང་ཏེ། བདག་མངོན་པར་འབྱུང་བའི་དུས་ལ་བབ་ཀྱིས་གེགས་དང་མི་དགྱེས་པ་མ་མཛད་ཅིག་ཅེས་བྱས་སོ།། ཡབ་ཀྱི་ནན་ཆེར་བཟློག་ཀྱང་མ་གསན་པས་ཡབ་ཟས་གཙང་གིས་ཀྱང་ཁྱོད་ཀྱི་བསམ་པ་རྫོགས་པར་གྱུར་ཅིག་ཅེས་སྨྲས་ཏེ་ཤིན་ཏུ་མྱ་ངན་གྱིས་གཟིར་ཞིང་འདུག་གོ། ཤཱཀྱ་རྣམས་ལ་དེ་ལྟར་བསྙད་པས་བསྲུང་ངོ་ཞེས་བགྲོས་ཏེ་སྒོ་བཞི་རེ་རེར་ཤཱཀྱ་གཞོན་ནུ་ལྔ་བརྒྱ་རེ། དེ་རེ་རེ་ལའང་ཤིང་རྟ་ལྔ་བརྒྱ། དེ་རེ་རེ་ལའང་དཔུང་བུ་ཆུང་ལྔ་བརྒྱ་རེ་བཞག་ཅིང༌། ཤཱཀྱ་རྒན་རབས་རྣམས་ནི་ལམ་གྱི་སུམ་མདོ་དང་བཞི་མདོ་རྣམས་སུ་འཁོད་དོ།། མངོན་པར་འབྱུང་བའི་དུས་ལ་བབ་པའི་ཚེ་བྱང་ཆུབ་སེམས་དཔའ་ཁང་བཟང་གི་སྟེང་དུ་ཕྱིན་ནས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ་བལྟས་པས། བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་སྡེ་བཞི་སོགས་ཀྱིས་ཕྱག་འཚལ་ཞིང་འདུག་པ་དང༌། སྐར་མ་རྒྱལ་ཡང་ཤར་བ་མཐོང་ནས་འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདིར་ནི་དོན་ཀུན་འགྲུབ།། དོ་ནུབ་གདོན་མི་ཟ་བར་དོན་གྲུབ་ཀྱིས།། འདུན་པ་ཕྱི་བཤོལ་མ་བྱེད་ལ་གོར་དུ།། རྟ་རྒྱལ་རྒྱན་གྱིས་བརྒྱན་པ་ང་ལ་བྱིན།། ཞེས་གསུངས་ཏེ་འདུན་པས་ནན་གྱིས་བཟློག་ཀྱང་མ་གསན་པས་རྟ་མཆོག་རྒྱན་དང་བཅས་པ་བྱང་ཆུབ་སེམས་དཔའི་ཕྱག་ཏུ་ཕུལ་ལོ།། དེའི་ཚེ་ལྷའི་བུ་ཞི་བུའི་བློ་གྲོས་ཀྱིས་སེར་སྐྱ་བ་རྣམས་གཉིད་ལོག་པར་བྱས་ཤིང༌། བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་སྡེ་བཞི་སོགས་ཀྱང་ལྷགས་པས་བྱང་ཆུབ་སེམས་དཔའ་རྟ་མཆོག་ལ་བཅིབ་སྟེ་རྒྱལ་བོ་ཆེན་པོ་སྡེ་བཞིས་བཏེགས་ནས་ནམ་མཁའ་ལ་གཤེགས་སོ།། དེར་བརྒྱ་བྱིན་དང་ཚངས་པ་གཉིས་ཀྱིས་ལམ་བསྟན། རོལ་མོ་ལ་སོགས་པས་མཆོད་པ་དང་བཅས་གྱད་ཀྱི་ཡུལ་འདས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་ཏོ།། འདུན་པ་རྟ་དང་བཅས་པ་ཕྱིར་བརྫངས་པ་ལས་འདུན་པ་སླར་ལོག་གི་མཆོད་རྟེན་བྱས། མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་བ་ལྷ་རྣམས་ཀྱི་མཆོད་པའི་ཞིང་དུ་བྱས་སོ།། དེར་གནས་གཙང་མའི་ལྷས་རྔོན་པས་གཟུགས་སུ་བྱས་ཏེ་གོས་ངུར་སྨྲིག་ཕུལ། དེའི་ཚེ་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཁབ་ནས་མངོན་པར་བྱུང་ངོ་ཞེས་པའི་སྒྲ་འོག་མིན་གྱི་བར་དུ་གྲགས་པར་གྱུར་ཏོ།།
དེ་རྗེས་བྱང་ཆུབ་སེམས་དཔས་རིམ་པར་ཡངས་བ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང་རྒྱལ་བོའི་ཁབ་ཏུ་རིངས་བྱེད་ཀྱི་བུ་ལྷག་སྤྱོད་གཉིས་ཀྱི་སར་ཕྱིན་ཏེ་ཅི་ཡང་མེད་པའི་སྐྱེ་མཆེད་དང༌། སྲིད་རྩེའི་སྙོམས་འཇུག་སྟོན་པ་མཐོང་ནས་འདི་ཙམ་གྱིས་གྲོལ་བ་མ་ཡིན་ནོ་ཞེས་གསུངས་ཏེ་ཆུ་བོ་ནཻརཛྙནའི་འགྲམ་དུ་བྱོན་ནོ།། དེར་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་བཞག་སྟེ་ཉིན་རེར་རྒྱ་ཤུག་གི་འབྲུ་གཅིག་ལས་མི་གསོལ་བ་སོགས་ཀྱི་དཀའ་སྤྱད་དྲག་པོ་མཛད། སླར་ལུས་ངག་གི་དཀའ་སྤྱད་འབའ་ཞིག་ལ་སྙིང་བོ་མེད་པར་བསྟན་པའི་ཕྱིར་ཁ་ཟས་རག་པ་གསོལ་བས་དགེ་སྦྱོང་མཛེས་པར་གྲགས་སོ།། ནམ་ཞིག་གི་ཚེ་ཕྱགས་དར་ཁྲོད་ཀྱི་གོས་ལས་སྣམ་སྦྱར་མཛད་དེ་སྤྱོད་ཡུལ་གྱི་གྲོང་དུ་གཤེགས་པས། བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པའི་འོ་ཐུག་སྦྲང་རྩི་ཅན་ཕུལ་བ་གསོལ་བས་སྐུ་གསེར་ཀྱི་མཆོད་སྡོང་ཕྱིས་པ་ལྟ་བུར་གྱུར་ཏོ།།
   དེ་ནས་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་ཡུལ་དབུས་རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་གཤེགས་པར་དགོངས་ཏེ་བྱོན་པས་ལམ་གྱི་གཡས་ངོས་སུ་རྩྭ་ཚོང་བཀྲ་ཤིས་ཀྱིས་རྩྭ་བརྔ་བ་ལ།། བཀྲ་ཤིས་ང་ལ་རྩྭ་ནི་མྱུར་དུ་བྱིན།། དེ་རིང་ང་ལ་རྩྭ་ནི་དོན་ཆེན་འགྱུར།། དཔུང་དང་བཅས་པའི་བདུད་ནི་བཅོམ་ནས་ནི།། བྱང་ཆུབ་དམ་པ་ཞི་བར་རེག་པར་འགྱུར།། ཞེས་གསུངས་ཏེ་བཀྲ་ཤིས་ཀྱིས་རྩྭ་ཕུལ་བ་བསྣམས་ནས་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་གཤེགས། བྱང་ཆུབ་ཀྱི་ཤིང་ལ་སྐོར་བ་ལན་གསུམ་མཛད་དེ་རྩྭ་ཡི་རྩེ་མོ་རྣམས་ནང་དུ་བསྟན། རྩ་བ་ཕྱི་རུ་བསྟན་པ་ལ་ཞལ་ཤར་དུ་ཕྱོགས་ནས་དཀྱིལ་ཀྲུང་དྲང་བོར་བསྲང༌། དྲན་པ་མངོན་དུ་བཞག་སྟེ། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང༌།། པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང༌། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར།། སྟན་འདི་ལས་ནི་བསྐྱོད་པར་མི་བྱའོ།། ཞེས་ཡི་དམ་བརྟན་པོར་མཛད་དེ་བཞུགས་སོ།། དེའི་ཚེ་ལྷ་རྣམས་ནི་བྱང་ཆུབ་སེམས་དཔའ་སྲུང་བའི་ཕྱིར་ཕྱོགས་བཅུར་འཁོད་པར་གྱུར་ཅིང༌། བྱང་ཆུབ་སེམས་དཔས་ཀྱང་བྱང་ཆུབ་སེམས་དཔའ་བསྐུལ་བ་ཞེས་བྱ་བའི་འོད་བཀྱེ་སྟེ་ཞིང་ཁམས་དཔག་ཏུ་མེད་པ་སྨང་བར་བྱས་པས། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཉི་ཟེར་གྱི་རྡུལ་འཁྲིགས་པ་བཞིན་དུ་ལྷགས་ཏེ་མཆོད་པའི་ལས་ལ་བརྩོན་པར་བྱེད་དོ།། བྱང་ཆུབ་སེམས་དཔས་བདུད་ལ་མ་སྦྲན་པར་སངས་རྒྱས་པར་མི་རིགས་སོ་སྙམ་དུ་དགོངས་ཏེ། སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་བཀྱེ་བས་བདུད་སྡིག་ཅན་གྱིས་དཔག་ཚད་བརྒྱད་ཅུའི་ཁོར་ཡུག་གང་བའི་དཔུང་གི་ཚོགས་དང༌། སྟོང་གསུམ་ཀུན་ནས་གཡོན་ཅན་དེ་འདྲ་བ་ལྷགས་ཏེ་མཚོན་ཆའི་ཆར་དང༌། གདུག་པའི་དབུགས་སྤྲོས་པས་དེ་དག་ཐམས་ཅད་བྱང་ཆུབ་ཀྱི་སྙིང་བོ་མཛེས་པའི་མཆོད་སྤྲིན་གྱི་བཀོད་པ་ཤ་སྟག་ཏུ་གྱུར། བསོད་ནམས་དེ་ཙམ་ཀྱིས་ཐར་བ་མི་ཐོབ་པས་བཞེངས་སུ་གསོལ་བ་ལ་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཚོགས་གཉིས་བསྒྲུབས་ཤིང་མཐར་སོན་པའི་དཔང་བོ་ས་ཡི་ལྷ་མོ་འཁོར་དང་བཅས་པས་ཞུས། སླར་སྲེད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོ་རྣམས་ཀྱིས་འདོད་པའི་སྒྱུ་རྩལ་གྱིས་བསླུ་བར་བརྩམས་པས་དེ་དག་ཐམས་ཅད་རྒས་འཁོག་ཡིད་དུ་མི་འོང་བ་སྐྱུགས་བྲོ་བའི་གཟུགས་སུ་བྱིན་གྱིས་བརླབས་ཏེ་བདུད་ཀྱི་སྡེ་ཚོགས་མ་ལུས་པ་ཐམས་ཅད་ཚར་བཅད། བསམ་གཏན་བཞི་དང་རིག་པ་གསུམ་བསྐྱེད་ནས་ནམ་གྱི་ཆ་སྨད་སྐྱ་རེངས་འཆར་ཁ་རྔ་བརྡུང་བའི་ཚོད་ཙམ་ལ་ཤེས་བྱའི་སྒྲིབ་པ་ཤིན་ཏུ་ཕྲ་མོའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་སྟེ་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ།། དེའི་ཚེ་ཤིང་ཏཱ་ལ་བདུན་གྱི་སྲིད་དུ་ནམ་མཁའ་ལ་འཕགས་ནས་ལམ་གྱི་རྒྱུན་ནི་ཆད་དོ།། ཅེས་པ་ལ་སོགས་པའི་ཆེད་དུ་བརྗོད་པ་མཛད་ཅིང་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་པུས་མོ་ནུབ་པ་ཙམ་དུ་གཏོར། དེའི་ནུབ་མོ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་བཙས་ཤིང་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་པར་གྱུར་ཏོ།།
   དེ་བཞིན་གཤེགས་པས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུངས་ཤིང༌། ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་པའི་ཚེ། ཆོས་ཀྱི་ཆེ་བ་བསྟན་པའི་ཕྱིར། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས།། མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ།། ཞེས་ཐུགས་ལས་ཆུང་ངུར་བཞུགས་པའི་ཚུལ་མཛད་པས། སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་བདག་པོ་ཚངས་པ་གཙུག་ཕུད་ཅན་གྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ཏེ་འཁོར་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པས་ཐལ་མོ་སྦྱར་ནས། ཡེ་ཤེས་ཆེན་པོ་མཆོག་གི་དཀྱིལ་འཁོར་བསྒྲུབས་ནས་ནི།། ཕྱོགས་བཅུ་དག་ཏུ་འོད་ཟེར་རྣམ་པར་བཀྱེ་མཛད་དེ།། ཡེ་ཤེས་ཟེར་གྱིས་མི་ཡི་པདྨ་ཁ་འབྱེད་པ།། སྨྲ་བའི་ཉི་མ་ཅི་སླད་དེ་རིང་བཏང་སྙོམས་བཞུགས།། ཞེས་པ་ལ་སོགས་པས་བསྐུལ་བ་ལ་མ་གནང་བས་བརྒྱ་བྱིན་གྲོགས་སུ་སྦྲན་ཏེ། བརྒྱ་བྱིན་གྱིས་ཆོས་དུང་གཡས་སུ་འཁྱིལ་བ་ཕུལ་ཞིང༌། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར།། ཁྱེད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས།། གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ།། འཇིག་རྟེན་མུན་པར་ཤེས་རབ་འོད་འབྱུང་གསོལ།། ཞེས་པ་ལ་སོགས་པས་གསོལ་བ་བཏབས་ཀྱང་མ་གནང་བའི་ཚུལ་བསྟན་ཏོ།། སླར་ཡང་ཚངས་པ་དང་བརྒྱ་བྱིན་གཉིས་ཆར་གྱིས་གསོལ་བ་ནན་ཆེར་བཏབས་པས།  ཚངས་པ་མགྷདྷ་ཡི་སེམས་ཅན་རྣམས།། རྣ་བ་ལྡན་ཞིང་དད་དང་ལྡན་གྱུར་ལ།། མི་ཚེའི་འདུ་ཤེས་རྟག་ཏུ་ཆོས་ཉན་པ།། དེ་དག་རྣམས་ལ་བདུད་རྩིའི་སྒོ་དབྱེའོ།། ཞེས་ཆོས་ཀྱི་འཁོར་ལོ་སྐོར་བར་ཞལ་གྱིས་བཞེས་པས་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་སྐོར་བར་ཞལ་གྱིས་བཞེས་སོ་ཞེས་པའི་སྒྲ་ཚངས་རིས་ཀྱི་བར་དུ་གྲགས་པར་གྱུར་ཏོ།།
དེ་ནས་ཝཱ་ར་ན་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་བྱོན་པ་ལ་ལྔ་སྡེས་བསུ་བ་བྱས། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་བྱུང་བས་དང་བོ་གསུམ་ལ་སྐོར་བ་མཛད་ཅིང་བཞི་བའི་སྟེང་དུ་གཤེགས་ཏེ་ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་སྐོར་བས་ལྔ་སྡེས་དགྲ་བཅོམ་པ་ཐོབ་ཅིང་འཇིག་རྟེན་དུ་དཀོན་མཆོག་གསུམ་གྱི་སྒྲ་ཐོག་མར་བྱུང༌། རིམ་པར་རི་བོ་གཱ་ཡ་དང༌། སྤོས་ངད་ལྡན། རྒྱལ་པོའི་ཁབ། བྱ་རྒོད་ཕུང་བོའི་རི། ཡངས་པ་ཅན་ལ་སོགས་པ་ངེས་པའི་གནས་དང༌། ལྷ་དང་ཀླུའི་གནས། རྡོ་རྗེ་རིན་པོ་ཆེའི་ཁང་བ་སོགས་མ་ངེས་བའི་གནས་རྣམས་སུ་དྲང་བ་དང་ངེས་པའི་དོན་ལས་བརྩམས་པའི་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་ཏེ་མཆོག་ཟུང་ལ་སོགས་པའི་འཁོར་རྣམ་པ་བཞི་རབ་ཏུ་མང་པོ་འབྲས་བུ་རྣམ་པ་བཞི་ལ་བཀོད། དགུང་གྲངས་སོ་ལྔ་བ་ལ་སངས་རྒྱས་ནས་བརྒྱད་ཅུའི་བར་དབྱར་གནས་པ་བཞི་བཅུ་རྩ་ལྔ་མཛད་དོ།།      བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་བསུ་བའི་ཉིན་འདིར་རྟེན་འབྲེལ་གྱི་ཆེ་བ་གཙོ་བོར་བཟུང་སྟེ།      དགའ་ལྡན་གྱི་གནས་ནས་འཕོ་བའི་མཛད་པ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་བར་གྱི་མཛད་པ་མདོ་ཙམ་ཞིག་སྨྲོས་པ་རེ་ཞིག་རྫོགས་སོ༎      ཞེས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་༢༠༡༣ཟླ་༥བའི་ཚེས་༡༧ཉིན་རང་གནས་ཤེས་རབ་འཕེལ་བའི་ལྡིང་ཁང་དུ་སྦྱར་བ་དགེ་ལེགས་འཕེལ༎
·གསར་འགྱུར་གོང་མ:འཁྲུངས་སྐར་སྐོར་གྱི་པར་རིས་གསར་འགྱུར་
·གསར་འགྱུར་འོག་མ:སྟོན་པ་ཤཱཀྱ་མུ་ནེའི་སྐུ་ཚེའི་མཛད་པ་དཔེ་རིས་ཅན།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མཁའ་འགྲོ་བདེ་ཆེན་དབང་མོའི་འཁྲུངས་སྐར་ལ་ཕུལ་བ། 2012/12/5 21:21:44
·སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་ཞུ་བ། 2011/6/9 23:17:15
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 19:37:59 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:56:54 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 13:20:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 38 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS