ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
གསར་འགྱུར་ཀློག་པ།

སྟོན་པ་ཤཱཀྱ་མུ་ནེའི་སྐུ་ཚེའི་མཛད་པ་དཔེ་རིས་ཅན།

[རྩོམ་པ་པོ:བྱང་ཆུབ་རྒྱ་མཚོས་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/5/22 19:22:16  བཀླགས་ཐེངས:12204][ཡིག་གཟུགས:ཡིག་གཟུགས་མདོག]
༄༅། །སྟོན་པ་ཤཱཀྱ་མུ་ནེ་སྐུ་ཚེའི་མཛད་པ་དཔེ་རིས་སོ་ལྔ་བ་འགྲེལ་བཤད་ཅན་བཞུགས་སོ། །

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདིར་བོད་ཀྱི་སྲོལ་བརྒྱུད་རི་མོ་ཐང་ག་ལས་སྟོན་པའི་མཛད་པ་སྐྱེ་རབས་དཔག་བསམ་འཁྲི་ཤིང་ཡལ་འདབ་བརྒྱ་རྩ་བརྒྱད་པ་དང་མཛད་པ་བཅུ་གཉིས་སོགས་ཡོད་ཀྱང༌། འདིར་སྟོན་པའི་མཛད་པ་མཚོན་པའི་རི་མོ་ཁྱད་པར་ཅན་ཐང་ག་དང་འབྲི་ཚུགས་མི་འདྲ་བ་ཞིག་གློག་དྲ་ལས་མཐོང་བས་བོད་ཡིག་གི་གསལ་བཤད་ཅུང་བཅས་ས་ག་ཟླ་བ་ལ་སྟོན་པའི་བཀའ་དྲིན་རྗེས་དྲན་ཚུལ་དུ་འབུལ་སྙིང་འདོད་དེ་དང་པོ་དགའ་ལྡན་གནས་ནས་འཕོ་བ་སོགས་རིམ་བཞིན།
01
སངས་རྒྱས་སྐར་རྒྱལ་ལ་བསྟོད་པ་དང༌། སངས་རྒྱས་འོད་སྲུང་ལ་བསྙེན་བཀུར་མཛད་པས་ལྷའི་བུ་དམ་པ་ཏོག་དཀར་པོའི་སྐུར་བཞེངས་པ།
02
དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོས་ལྷ་གནས་རྣམས་སུ་ཆོས་ཀྱིས་སྨིན་པར་མཛད། སྨོན་ལམ་ལྔ་བརྒྱ་བཏབ་པ་རྣམས་འགྲུབ་པའི་དུས་ལ་བབ་པས་རང་གི་རིགས་ལྔའི་ཅོད་པཎ་བྱམས་པའི་དབུ་ལ་བསྐོན་ཏེ་རྒྱལ་ཚབ་ཏུ་མངའ་གསོལ་ནས་རྣམ་འདྲེན་ལྔ་པར་འཚང་རྒྱ་བའི་དབུགས་དབྱུང༌། དེ་ནས་འཛམ་བུའི་གླིང་དུ་འཕོས་པར་གཟིགས་པ་ལྔ་ལྡན་གྱིས་ཡུལ་སེར་སྐྱ་དང༌། རིགས་རྒྱལ་པོ་ཟས་གཙང༌། རུས་ཤཱཀྱ། ཡུམ་སྒྱུ་མ་ལྷ་མཛེས། དུས་སྙིགས་མ་ལྔ་བདོ་བཅས་ལ་གཟིགས་པ།
03
གླང་ཆེན་ཐལ་དཀར་གྱི་རྣམ་པས་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་པ།
04
ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་མའི་སྒོ་འཕར་གཡས་ནས་སྐུ་བལྟམས་པ། ཚངས་པ་དང་བརྒྱ་བྱིན་གྱིས་གོས་ཟུང་གིས་རེག་ལ་ལྷ་རྣམས་ཀྱིས་བསྟོད། ཕྱོགས་སུ་གོམ་པ་བདུན་བདུན་འདོར་བས་པདྨ་བདུན་རེ་འཁྲུངས། ས་ཆེན་པོ་དྲུག་ཏུ་གཡོས། འོད་ཟེར་ཆེན་པོས་སྣང་བར་བྱེད་པ།
05
རྒྱལ་བློན་འབངས་དང་བཅས་པས་སྐུ་འཁྲུངས་པའི་དགའ་སྟོན་ལ་རོལ་ཅིང་ཡབ་ཀྱིས་གཞོན་ནུ་དོན་ཀུན་འགྲུབ་པ་ཞེས་མཚན་གསོལ་བ།
06
དྲང་སྲོང་ཉོན་མོངས་མེད་ཀྱིས་རྒྱལ་པོ་ཟས་གཙང་སྲས་ནི་མ་འོངས་པར་ཡང་ན་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོའམ་ཡང་ན་རླབས་ཆེ་བའི་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན་ཏེ། འོན་ཀྱང་བདག་ནི་རྒས་པས་ཆོས་ཉན་པའི་སྐལ་བ་དང་མི་ལྡན་པས་འགྱོད་དོ་ཞེས་གསུངས་པ།
07
རྒྱལ་བུས་བྱ་འོལ་བས་སྦྲུལ་ཟ་བ་དང་། ཞིང་པའི་ངལ་དུབ་གཟིགས་པ་སོགས་ཀྱིས་རྐྱེན་བྱས་ནས་བྱམས་པ་དང་སྙིང་རྗེ་སྐྱེས་ཏེ་བསམ་གཏན་ལ་ཞུགས་པས་ལྷ་གནས་བསམ་གཏན་བཞི་པའི་ཏིང་ངེ་འཛིན་ཐོབ་པ།
08
ཡི་གེ་དང་རྩིས་འཕང་བརྟག་པ་དཔྱད་སོགས་བཟོ་ཡི་གནས་ལ་མཁས་པར་བྱས། ཤཱཀྱའི་གཞོན་ནུ་ལྔ་བརྒྱ་སོགས་དང་སྒྱུ་རྩལ་འགྲན་པས་ལྷས་སྦྱིན་སོགས་ཀྱི་ང་རྒྱལ་གྱི་དྲེགས་པ་བཅོམ་པ།
09
བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བཞེས། འཁོར་དྲུག་ཁྲི་དང་བཅས་སྒྱུ་མ་ལྟ་བུས་རོལ་རྩེད་མཛད་པ།
10
རྒྱལ་བུ་དང་བཙུན་མོ་ལ་བློན་འབངས་འཁོར་དང་བཅས་པས་མཆོད་ཅིང་བཀུར་བ་དང་གུས་པས་འདུད་པ།
11
རྒྱལ་བུས་ཕོ་བྲང་ནང་གི་འཁོར་བུ་མོ་རྣམས་གཉིད་སྐབས་ཀྱི་རྣམ་པ་མི་སྡུག་པ་མཐོང་བས་འཁོར་བ་ལ་ཞེན་པ་ལོག་པ།
12
ཕོ་བྲང་གི་སྒོ་བཞིར་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞི་གཟིགས་ནས་སྐྱོ་ཤས་སྐྱེ་བ་དང༌། དགེ་སྦྱོང་གི་གཟུགས་མཐོང་བར་བརྟེན་ངེས་པར་འབྱུང་བའི་ཚུལ་བསྟན་པ།
13
མཚན་གུང་བཙུན་མོ་དང་སྲས་གཉིས་གཉིད་སྐབས་འབྲལ་མི་འདོད་བཞིན་འགྲོ་ཀུན་སྡུག་བསྔལ་ལས་ཐར་པའི་ལམ་མཆོག་དམ་པའི་ཆོས་འཚོལ་ཕྱིར་དུ་ཆས་པ།
14
འཁོར་ཡུག་དམག་གིས་བསྲུངས་ཀྱང་རྟ་བསྔགས་ལྡན་གྱི་སྟེང་དུ་ཆིབས་ནས་རྒྱལ་ཆེན་བཞིས་སྲི་ཞུ་བཅས་ཕོ་བྲང་གི་སྒོ་ལས་ཐར་བ།
15
མཆོད་རྟེན་རྣམ་དག་གི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བསིལ་ནས་རབ་ཏུ་བྱུང་བ། ལྷས་ཕུལ་བའི་ངུར་སྨྲིག་གོས་ཀྱིས་བརྒྱན་པ།
16
རིང་འཕུར་དང་ལྷག་སྤྱོད་གཉིས་ལ་འཇིག་རྟེན་པའི་ཏིང་ངེ་འཛིན་ནོད་པའི་ཚུལ་སྟོན་པ། ཟག་བཅས་ཀྱི་ཏིང་ངེ་འཛིན་དང་ལུས་ཀྱི་བརྟུལ་ཞུགས་ངན་པས་གྲོལ་བའི་ལམ་མིན་དུ་དགོངས་ནས་ཆུ་བོ་ནཻ་རཉྫཱ་ནཱའི་འགྲམ་དུ་ལོ་དྲུག་ཏུ་དཀའ་བར་སྤྱད་པ། བུ་ཝང་མཁན་གྱི་གཏམ་ཧ་ཅང་དྲིམ་པའམ་ལྷོད་པ་ནི་སྒྲ་མི་ཐོན་པས་རན་པ་དགོས་ཞེས་ཐོས་པས་ལམ་དབུ་མར་ཞུགས་དགོས་པ་སོགས་རྒྱལ་བ་སྲས་བཅས་ཀྱིས་ལམ་དམན་པ་ལས་སད་པར་བྱས་ནས་བྱང་ཆུབ་སྙིང་པོར་བསྐུལ་མ་མཛད་པ། ངལ་ཞིང་དུབ་པའི་མཐའ་བསལ་བའི་ཕྱིར་ཟས་རག་པ་ལ་བརྟེན་པས་སྐུ་སྟོབས་དང་ལྡན་པས་དགེ་སྦྱོང་མཛེས་པ་ཅན་ཞེས་གྲགས་པ། དཀའ་བར་སྤྱད་པའི་གྲོགས་དག་གིས་སྨོད་ཅིང་འབྲལ་བ།
17
དེ་ནས་མ་གྷ་དྷཱ་རྡོ་རྗེའི་གདན་དུ་གཤེགས་པའི་ལམ་དུ་བུ་མོ་ལེགས་སྐྱེས་མའི་འོ་ཐུག་གསོལ་བས་སྐུ་གསེར་གྱི་མདོག་ཅན་དུ་གྱུར་པ།
18
གསོལ་སྣོད་ཆུ་ལ་བསྐྱུར་ནས་བདག་འཚང་རྒྱལ་བར་འགྱུར་ན་སྣོད་འདི་ཆུས་གྱེན་དུ་ཁྱེར་ཅིག་ཅེས་སྨོན་པ་བཞིན་ཆུས་གྱེན་དུ་འཁྱེར་བ།
19
རྩྭ་འཚོང་བཀྲ་ཤིས་ལས་རྩྭ་མཆོག་བཞེས་ཏེ་རྡོ་རྗེའི་གདན་དུ་རྩྭའི་སྟེང་དུ་སྐྱིལ་ཀྲུང་གཡོ་མེད་དུ་བཞུགས་ཏེ། སྟན་འདིར་བདག་གི་ལུས་འདི་བསྐམས་ཀྱང་རུང༌། །པགས་པ་རུས་པའི་ཚོགས་རྣམས་འཐོར་ཀྱང་རུང༌། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ།  །ཞེས་དམ་བཅའ་ནས་བཞུགས་པར་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་ཁྱོད་འདི་ན་ཅི་ཕྱིར་འདུག་ཅེས་དྲིས་པར། མངོན་པར་འཚང་རྒྱ་བའི་སླད་དུའོ་གསུངས། བདུད་རྒྱལ་གྱིས། སངས་རྒྱས་པར་ཚོགས་དཔག་མེད་རྫོགས་དགོས་ན་ཁྱོད་རྒྱལ་བུ་བདེ་སྐྱིད་ལ་གནས་པ་ཙམ་མོ་ཟེར་བར། སྟོན་པས་ཁྱོད་གཏན་པ་མེད་པའི་མཆོད་སྦྱིན་ལས་འདོད་ཁམས་ཀྱི་དབང་ཕྱུག་ཐོབ་ན། ངས་བསྐལ་པ་དཔག་མེད་ལ་ཚོགས་གཉིས་བསགས་པས་ཅིའི་ཕྱིར་དུ་འཚང་མི་རྒྱ་གསུངས། བདུད་ཀྱིས་མཛུབ་མོ་གཉིས་བསྒྲེངས་ནས་ང་ལ་དཔང་པོ་ཁྱོད་ཡིན་གྱི། ཁྱོད་ལ་དཔང་ཡོད་པ་མིན་ནོ་ཟེར་བ་ལ། དེ་མ་ཐག་ས་ཡི་ལྷ་མོས་རྡུལ་ཕྲ་རབ་གཅིག་བཟུང་ནས་ས་ཡི་དཀྱིལ་འཁོར་འདི་ཙམ་གྱི་ཆ་ཤས་བགྲང་བར་ནུས་ཀྱི། རིགས་ཀྱི་བུ་འདིས་མགོ་རྐང་ལག་བྱིན་པ་ནི་བགྲང་བར་མི་ནུས་པས་ཚོགས་གཉིས་མཐར་སོན་ཏེ་ཀུན་གྱི་ཚད་མར་གྱུར་པའི་འཚང་རྒྱ་བའི་དུས་ལ་བབས་སོ། །ཞེས་བརྗོད་པས་བདུད་ཁ་སྐྱེངས་ཤིང་རང་གནས་སུ་སོང་བ།
20
སླར་ཡང་སྲེད་མ་དང་དགའ་མ་སོགས་བདུད་ཀྱི་བུ་མོས་ཆགས་པའི་ཟོལ་གྱིས་བསླུ་བར་བརྩམས་ཀྱང་བ་སྤུའི་རྩེ་མོ་ཙམ་ཡང་གཡོ་མ་ནུས་ཤིང་མི་སྡུག་པའི་མཚན་མས་བརྒྱན་པའི་རྒན་མོ་བདུན་དུ་གྱུར་པས་བཟོད་པར་གསོལ་ནས་ཕྱིར་ལོག་པ།
21
སྲོད་ལ་སྨིན་མཚམས་ནས་འོད་ཟེར་སྤྲོས་ཏེ་བདུད་ཀྱི་གནས་གཡོས་པ་དང་རྨི་ལྟས་ངན་པ་དང་འཇིགས་སྐྲག་སྔངས་པའི་སེམས་ཁོང་དུ་མ་ཚུད་པས་སྟོང་གསུམ་ཀུན་ནས་གཡོ་ཅན་བདུད་དམག་བྱེ་བ་ཕྲག་བརྒྱ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་ཅིང་གདུག་པའི་ང་རོ་མི་བཟད་པ་སྤྲོས་པ།
22
བདུད་ཀྱི་མཚོན་ཆ་རྣམས་མཆོད་སྤྲིན་དུ་གྱུར་ཏེ་བྱམས་པའི་ཏིང་ངེ་འཛིན་གྱིས་བདུད་རྣམས་བཏུལ་བ།
23
གུང་ལ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག །ས་ག་ཟླ་བའི་ཚེས་བཅོ་ལྔ་ཐོ་རངས་རྒྱལ་རྔ་བརྡུང་དུ་ཉེ་བ་ན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་སྤོང་བྱ་ཕྲ་བ་བཅོམས་ཏེ་ཟད་དང་མི་སྐྱེ་ཤེས་པའི་རྟོགས་པ་མངོན་དུ་བརྙེས་ནས་སངས་རྒྱས་པ། དེའི་ཚེ་མེ་ཏོག་ཨུ་དུམ་ཝཱ་ར་ཤིན་ཏུ་རྒྱས། སྟོང་གསུམ་གྱི་ས་ཆེན་པོ་གཡོས། ཕྱོགས་བཅུའི་ལྷ་རྣམས་ཀྱིས་བསྟོད། ཟླ་བ་སྒྲ་གཅན་གྱིས་ཟིན་པ། འོད་གསལ་འདུས་མ་བྱས་པ་རྟོག་གེའི་ཡུལ་མིན་པར་སྟོན་པའི་སླད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་ཞག་བདུན་ཕྲག་བདུན་དུ་མཉམ་པར་བཞག་པ།
24
སླར་ཚངས་པ་དང་བརྒྱ་བྱིན་སོགས་ཀྱིས་ཆོས་འཁོར་བསྐོར་བར་བསྐུལ་བས་ཞལ་གྱིས་བཞེས་ཏེ་སྒྲ་ཆེན་པོ་འོག་མིན་གྱི་བར་དུ་གྲགས་པ།
25
དེ་ནས་ཡུལ་ཝཱ་རཱ་ཎ་སཱིའི་ནགས་སུ་གཤེགས། ལྔ་སྡེ་བཟང་པོས་མདུན་བསུས་ཏེ་དེ་དག་ཚུར་ཤོག་སོགས་ཀྱིས་དགེ་སློང་གི་དངོས་པོར་གྱུར། སེངྒེའི་ཁྲི་སྟོང་ཡོད་པ་ལས་ཁྲི་དང་པོ་གསུམ་ལ་བསྐོར་བ་བྱས། བཞི་པའི་སྟེང་བཞུགས། འོད་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱེད། ཆུ་སྟོད་ཟླ་བའི་ཚེས་བཞིར་བདེན་བཞིའི་ངོ་བོ་དང༌། བྱ་བ་དང༌། འབྲས་བུའི་ཚུལ་གྱིས་ཆོས་འཁོར་ལན་གསུམ་དུ་བསྐོར། ལྔ་སྡེ་བཟང་པོ་དགྲ་བཅོམ་ཐོབ། ལྷ་བརྒྱད་ཁྲི་བདེན་པ་མཐོང༌། འཇིག་རྟེན་ན་དཀོན་མཆོག་གསུམ་པོ་ཐོག་མར་བྱུང་བ།
26
དེ་ནས་རིམ་པར་རི་བོ་ག་ཡ་དང༌། སྤོས་ངད། རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོ་སོགས་སུ་བཀའ་བར་པ་དང་ཐ་མའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ། མཆོག་ཟུང་སོགས་གདུལ་བྱ་བགྲང་ལས་འདས་པ་འབྲས་བུ་བཞི་ལ་བཀོད། ཐེག་ཆེན་གྱི་རིགས་ཅན་གྲངས་མེད་པ་བྱང་ཆུབ་ཏུ་ལུང་བསྟན་པ།
27
ཡབ་རྒྱལ་པོ་སྙུན་པས་སྙུན་འདྲིའི་ཕྱིར་དུ་འཁོར་སློབ་བུ་རྣམས་དང་བཅས་པ་རྒྱལ་པོའི་ཕོ་བྲང་དུ་ཕྱིར་འབྱོན་པ།
28
སྔར་གྱི་བཙུན་མོ་གྲགས་འཛིན་མ་དང་སླར་ཡང་མཇལ་སྐབས་གདམས་ངག་གནང་པས་བདེན་པ་མཐོང་བ།
29
སྲས་དགྲ་གཅན་འཛིན་མཁན་པོ་འོད་སྲུང་ཆེན་མོ་ལ་བསྟེན་ནས་རབ་ཏུ་བྱུང་བ།
30
ཡབ་རྒྱལ་པོ་ཟས་གཙང་དང་མཇལ་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་རྗེས་སུ་བཟུང་ལ་ཡབ་འདས་རྗེས་ཀྱི་གཤིན་ཆོས་སྟོན་པ་ཉིད་ཀྱིས་མཛད་པས་ཡབ་ཀྱང་ཐར་པ་འཐོབ་པ།
31
ཡུམ་སྒྱུ་མ་ལྷ་མཛེས་མ་ལྷ་ཡུལ་དུ་སྐྱེས་པས་ཡུམ་དང་ལྷ་རྣམས་ཀྱི་ཆེད་དུ་སུམ་ཅུ་རྩ་གསུམ་ལ་དབྱར་གནས་པར་ཞལ་གྱིས་བཞེས་ཏེ་ལྷའི་བུ་ནོར་བུ་དྲི་མ་མེད་པ་སོགས་གྲངས་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་པ།
32
གྲོང་ཁྱེར་གསལ་ལྡན་དུ་བཻཌཱུརྱའི་ཐེམ་སྐས་ལ་བརྟེན་ནས་སླར་ཡང་ལྷ་ཡུལ་ལས་མི་ཡུལ་དུ་མར་བབས་པ།
33
གཅུང་དགའ་བོ་ལ་ཆུང་མ་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པ་དེ་ལ་ཤིན་ཏུ་ཆགས། སྟོན་པས་ལྷ་ཡུལ་དུ་ཁྲིད་དེ་ལྷའི་བུ་མོ་དག་བསྟན་པས་མིའི་མཛེས་མ་ལ་མི་ཆགས་པར་འགྱུར། སླར་དམྱལ་བར་ཁྲིད་ནས་ཆགས་ཅན་རྣམས་བཙོད་སྲེག་གི་སྡུག་བསྔལ་མྱོང་བའི་ཚུལ་མཐོང་པས་བསྐྲག་ཅིང་ཞེན་པ་བཟློག་སྟེ་ཆགས་མེད་ཀྱི་བདེན་པ་མཐོང་བ།
34
མཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་སྡེ་དྲུག་བཏུལ་ཏེ་འཁོར་དགུ་ཁྲི་དང་བཅས་རབ་ཏུ་བྱུང་སྟེ་མཐར་དགྲ་བཅོམ་གྱི་གོ་འཕང་ལ་བཀོད་པས་ཆོ་འཕྲུལ་ཆེན་པོ་བསྟན། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་དུ་ཆོས་རྒྱལ་ཟླ་བཟང་སོགས་ལ་ཐུན་མིན་སྔགས་ཀྱི་ཆོས་འཁོར་བསྐོར། ཡང་གསང་བླ་ན་མེད་པའི་རྒྱུད་སྡེ་རྣམས་འབྱུང་འགྱུར་དུ་ལུང་བསྟན། དེ་ལྟར་དགུང་ལོ་ཉེར་དགུའི་བར་ཁབ་ཏུ་བཞུགས། ལོ་དྲུག་དཀའ་བར་སྤྱད། སོ་ལྔར་སངས་རྒྱས། བརྒྱད་ཅུའི་བར་དབྱར་གནས་བཞི་བཅུ་རྩ་ལྔ་མཛད་ནས་ཆོས་འཁོར་བསྐོར། མཐར་དགུང་ལོ་བརྒྱད་ཅུ་གྱ་གཅིག་པར་མགར་བའི་བུ་ཙུནྡ་ལས་བཤོས་ཀྱི་ཐ་མ་གསོལ་ནས་སྐུ་སྙུན་པའི་ཚུལ་བསྟན་པ།
35
དེ་ལྟར་མཛད་པ་ཡོངས་སུ་རྫོགས་ནས་རྟག་འཛིན་བཟློག་པའི་ཆེད་ཡངས་པ་ཅན་དུ་མྱ་ངན་ལས་འདའ་ཚུལ་སྟོན་པ་ལ་དགེ་བསྙེན་ཙུནྡའི་ངོར་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཟླ་བ་གསུམ་བར་དུ་བཞུགས། བདེན་པ་བཞི་ལ་ཐེ་ཚོམ་ཡོད་ན་ཞུས་ཤིག །དེ་བཞིན་གཤེགས་པའི་སྐུ་ལ་ལྟ་བ་ནི་རྙེད་པར་དཀའ་ཡི་ལྟོས་ཤིག །འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ཡིན་ཏེ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ་ཞེས་གསུངས་ནས་ལྕགས་འབྲུག་དཔྱིད་ཐ་ས་ག་ཟླ་བའི་ཚེས་བཅོ་ལྔ་གུང་ཐུན་ལ་གྲོང་ཁྱེར་རྩྭ་ཅན་དུ་ཤིང་སཱ་ལ་ཟུང་གི་བར་ཐ་མའི་གཟིམས་ཁྲི་ལ་སྐུ་སེང་གེའི་ཉལ་སྟབས་སུ་བཞུགས་ནས་དྲན་པ་མངོན་དུ་བཞག །གདུལ་བྱའི་ཐ་མ་རབ་དགའ་དང་རབ་བཟང་ཡན་ཐབས་ཀྱིས་བརྟུལ། ཀུན་དགའ་བོ་ལ་ཟླ་བ་ཕྱེད་ཕྱེད་དུ་སོ་སོར་ཐར་པའི་མདོ་འདོན་པས་སྟོན་པའི་མཛད་པ་སོགས་གདམས་ནས་མི་གནས་པའི་དབྱིངས་སུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །སྐུ་གདུང་ལ་མཆོད་པ་རྒྱ་ཆེར་འབུལ། ཡེ་ཤེས་ཀྱི་མེ་རང་འབར་དུ་གྱུར། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་རྣམས་རྒྱལ་པོ་མ་སྐྱེས་དགྲ་སོགས་ཀྱིས་ཆ་བརྒྱད་དུ་བགོས་ཏེ་མཆོད་རྟེན་བཞེངས། ཚེམས་ཀྱི་མཆེ་བ་བཞི་སུམ་ཅུ་རྩ་གསུམ་སོགས་སུ་ཐོབ་ནས་མཆོད། མ་སྐྱེས་དགྲའི་རྟེན་སྐལ་རྣམས་ཕྱིས་རྒྱལ་པོ་མྱ་ངན་མེད་ཀྱིས་བླངས་པ་ལས་གནོད་སྦྱིན་ལས་ལ་བཀོལ་ཏེ་འཛམ་བུའི་གླིང་དུ་ནུབ་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་ཏེ་མ་འོངས་པ་ན་རིང་བསྲེལ་རྣམས་ནོར་བུ་ཏོག་གི་བློ་གྲོས་སུ་གྱུར་ནས་དོན་མཛད་པ་སོགས་ལུང་བསྟན་ཏོ། །ཞེས་རི་མོ་དང་བསྟུན་ནས་འགྲེལ་བཤད་ཀྱི་ཡི་གེ་ས་ག་ཟླ་བའི་ཚེས་བདུན་ཉིན་སྟོན་པའི་བཀའ་དྲིན་དྲན་བཞིན་དབུས་ལྷ་ལྡན་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེའི་མདུན་དུ་བྱང་ཆུབ་རྒྱ་མཚོས་གུས་པས་སྦྱར་བ་དགེའོ།། །།
·གསར་འགྱུར་གོང་མ:འཁྲུངས་སྐར་བདེ་ལེགས།
·གསར་འགྱུར་འོག་མ:གྲུབ་དབང་པད་ནོར་རིན་པོ་ཆེ་རྗེས་སུ་དྲན་པ།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:53:03 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 2:52:51 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 4:39:13 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 63 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS