༄༅། །གྲུབ་དབང་པདྨ་ནོར་བུ་ལ་བསྔགས་པ་འཆི་མེད་དབྱངས་ཀྱི་རྒྱལ་རྔ་ཞེས་བྱ་བ་བཞུགས་སོ།།
༼སྤྱི་ཟླ་༥པའི་ཚེས་༢༣ས་གའི་ཚེས་༡༣ཉིན་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་ཞུས་འདུག ༽
ཨོཾ་སྭ་སྟི།
ཚོགས་གཉིས་ཟླ་བའི་འོད་ཀྱིས་བསྐྱེད་བསྲིངས་པའི། །
རྗེས་ཆགས་འོ་མའི་མཚོ་ཆེན་འཕྱུར་བའི་རླབས། །
རིག་བྱེད་ཟེགས་མ་དཀར་པོའི་རྔ་ཡབ་ཏུ། །
འཕྲུལ་བའི་དབྱངས་ཀྱི་རྒྱལ་མོས་འགྲོ་འདི་སྲུངས། །
འཕགས་ཡུལ་མཁས་གྲུབ་བྱེ་བའི་གཙུག་ཕུད་ཀྱི། །
མཛེས་པ་རབ་དྲེགས་ལི་ཤིིའི་ནགས་ཀླུང་དུ། །
ཞབས་སེན་སྤོས་ཀྱི་གཉིས་འཐུང་བག་ཡངས་སུ། །
རྒྱུ་བའི་པཎ་ཆེན་ལྷ་མིའི་འདྲེན་པ་བསྔག །
གང་དེ་ཟླ་ཤེལ་ཕོན་པོའི་མྱོས་བུམ་གྱིས། །
གསེར་ལྡན་དགའ་མའི་བྲང་ལ་འཁྱུད་པའི་གཞིར། །
ངུར་སྨྲིག་གསར་པ་གསར་པའི་ཟློས་གར་གྱིས། །
སླར་ཡང་གསང་ཆེན་བསྟན་པའི་བདག་པོར་བཞེངས། །
དྲི་ལྡན་པད་མ་འདམ་གྱིས་གོས་མིན་ལྟར། །
ཕྱིན་དྲུག་གོ་ཆས་སྲིད་པའི་གཡུལ་ལས་རྒྱལ། །
དགོས་འདོད་ནོར་བུ་འགྲོ་བའི་ཉེར་འཚོ་བཞིན། །
བསྡུ་བཞིས་སྐྱེ་རྒུ་དོན་གཉིས་དཔལ་ལ་སྦྱོར། །
ཐོག་མེད་སྲིད་པའི་འབྲོག་དགོན་ཉམ་ང་བར། །
བར་མེད་སྒྲིབ་གཉིས་ཚ་གདུང་དྲག་པོ་ཡིས། །
དབང་མེད་རབ་མནར་མ་རྒན་འགྲོ་ཀུན་ལ། །
ཟླ་མེད་མགོན་ཁྱེད་རིན་ཆེན་གདུགས་མཆོག་བཞིན། །
ལྔ་རིག་རྙོག་པ་མེད་པའི་མཚོ་རྫིང་དུ། །
གུས་རྟག་འདབ་གཤོག་ལྷོད་པོར་སྒྱུར་པ་ན། །
མཁས་པའི་རྒྱལ་ཐབས་རླབས་དཀར་མེ་ཏོག་གིས། །
རྣམ་དཔྱོད་ལུས་མཛེས་མགོན་ཁྱོད་གསེར་མིག་བཞིན། །
མདོ་སྔགས་ཆོས་ཚུལ་ལྷ་ཡི་བདུད་རྩི་ཡིས། །
མཁྱེན་རབ་དཀྱིལ་འཁོར་ཕྱུར་བུར་གཏམས་བྱས་ཏེ། །
གདུལ་བྱ་རྒྱ་མཚོའི་སྤྱི་བོར་དབང་བསྐུར་པས། །
མགོན་ཁྱེད་གཏེར་ཆེན་བུམ་པ་བཟང་པོ་བཞིན། །
གསང་གསུམ་སྦྲང་རྩིའི་དོག་པ་འབུམ་དུ་བརྩེགས། །
བཤད་སྒྲུབ་འདབ་རྒྱ་ཕྱོགས་ཀྱི་འཁོར་ལོར་གྲོལ། །
རིག་འཛིན་རྐང་དྲུག་བྱེ་བའི་ཉེར་འཚོར་གྲུབ། །
མགོན་ཁྱེད་པདྨ་དཀར་པོའི་འཁྲི་ཤིང་བཞིན། །
ཚོགས་གཉིས་ཆུ་གཏེར་མཛེས་མའི་དོ་ཤལ་གྱི། །
ལང་ཚོས་རབ་དྲེགས་འཆད་རྩོད་རྩོམ་པའི་དབྱངས། །
སྐལ་ལྡན་ཐོས་འཛིན་དཔྱིད་དུ་འཕོས་པ་ན། །
མགོན་ཁྱེད་གཡས་འཁྱིལ་དུང་གི་རྗེས་སུ་འགྲོ །
སྒྲིབ་གཉིས་མུན་པ་ནག་པོའི་དཀྱིལ་འཁོར་དུ། །
མུ་མེད་ངན་འགྲོའི་གཡང་སར་ཕྱོགས་པ་ཡི། །
འགྲོ་ཀུན་སྒྲོལ་ལ་ཐུགས་བསྐྱེད་དམ་བཅའི་མདུད། །
གཞར་ཡང་ལྷོད་མེད་མགོན་ཁྱེད་དཔལ་བེའུ་བཞིན། །
འགྲོ་ལ་རྗེས་ཆགས་བྱམས་བརྩེའི་ཤམ་བུ་སྟོང་། །
ལུས་མེད་འཐོར་རླུང་མཚོན་གྱིས་གཡོ་མིན་ཞིང་། །
གསང་བསྟན་ཁང་བཟང་མཛེས་པའི་རྒྱན་གྱུར་པས། །
མགོན་ཁྱེད་གཡུལ་ལས་རྒྱལ་བའི་རྒྱལ་མཚན་བཞིན། །
མང་ཐོས་ཛམ་བུའི་གསེར་གྱི་ཆུ་གཏེར་ལས། །
ལེགས་འོངས་བསམ་སྒོམ་མུ་ཁྱུད་རབ་ཡངས་ཤིང་། །
ཐུབ་བསྟན་གླིང་བཞིའི་མཁའ་ལ་འཕགས་པ་ཡི། །
མགོན་ཁྱེད་གསེར་གྱི་འཁོར་ལོར་ཡང་དག་མཚུངས། །
ཟ་ཟིའི་འབྱོར་བ་དབང་གཞུའི་མེ་ཏོག་གིས། །
ལྟར་སྣང་བཤེས་གཉེན་བུས་པ་མགུ་ན་ཡང་། །
བཤད་སྒྲུབ་འོ་མཚོར་དབང་སྒྱུར་དེད་དཔོན་ཆེ། །
ཆོས་བརྒྱད་སྲིན་མོའི་འཛུམ་གྱིས་དེ་ལྟ་མིན། །
ཁྱེད་སྐུ་གཞོམ་མེད་རྡོ་རྗེའི་ལྷུན་པོར་སྙེམས། །
ཁྱེད་གསུང་མི་ཤིགས་ནྰ་དའི་རང་སྒྲར་འཕོས། །
ཁྱེད་ཐུགས་འགྱུར་མེད་ནམ་མཁའ་མཛོད་དུ་བརྡལ། །
ཁྱེད་ཀྱི་གསང་གསུམ་གཡུང་དྲུང་གཤིས་སུ་སྨོན། །
སྐྱེ་བ་སྐྱེ་བར་ཁྱེད་ཞབས་འོད་དམར་རྡུལ། །
ཡང་ནས་ཡང་དུ་དད་མཚོར་འཕོས་པ་ཡིས། །
སར་བ་སར་བའི་སྙན་ཚིག་མེ་ཏོག་ཕོན། །
དུས་དང་དུས་སུ་ལྡེམ་པའི་ཐུགས་སྨོན་འཚལ། །
ཞེས་དུས་ཀྱི་མཐའ་འདིར་སྔ་འགྱུར་བསྟན་པའི་བདག་པོར་རྒྱལ་བ་རྒྱ་མཚོས་གསུང་དབྱངས་གཅིག་གིས་བསྔགས་པ། པཎ་ཆེན་བི་མ་ལ་མི་ཏྲ་མཆོག་གི་ཟློས་གར་རིས་མེད་འགྲོ་བའི་དཔལ་དུ་ཤར་བ། ༧སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེར་བཀྲ་ཤིས་རྟགས་བརྒྱད་དང་སྦྱར་ནས་བསྔགས་པའི་སྙན་ཚིག་འཆི་མེད་དབྱངས་ཀྱི་རྒྱལ་རྔ་ཞེས་བྱ་བ་འདི་ནི། མཁས་བཙུན་བཟང་གསུམ་གྱིས་མཛེས་པའི་སྐྱབས་རྗེ་པདྨ་རིག་འཛིན་མཆོག་གི་བཀའ་ལུང་ཐོད་དུ་བཅིངས་ཏེ། ཆོས་ནོར་གཉིས་མེད་ཀྱི་ས་མཐའི་སྤྲང་འཁྱམས། གྲུབ་དབང་རྫོགས་ཆེན་པ་གཡུ་རྔོག་དོ་རྡོའི་གདན་ཚབ་སྤྲུལ་མིང་གི་གཟིག་ལྤགས་གྱོན་པའི་མགྲིན་བཟང་ཀླུ་སྨྱོན་ཧེ་རུ་ཀས་སྤྱི་ལོ་ཉིས་སྟོང་གཉིས་ཀྱི་ལོའི་ཟླ་བཅུ་པའི་ཚེས་བཟང་པོར་གུས་པ་དང་བཅས་སྦྱར་བ་རྗེ་བླ་མ་ཞབས་པད་བརྟན་པའི་རྒྱུར་གྱུར་ཅིག། །།