ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཁྲིམས་ལུཊ
  གསར་འགྱུར་ཀློག་པ།

དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ།

[རྩོམ་པ་པོ:མཁན་ཚུལ་ཁྲིམས་བློ་གྲོས།  ཡོང་ཁུངས:དཔལ་དགྱེས།  དུས་ཚོད:2013/6/13 9:38:34  བཀླགས་ཐེངས:1235][ཡིག་གཟུགས:ཡིག་གཟུགས་མདོག]
དགེ་བཅུའི་སྲོལ་གྱི་རྣམ་གཞག་བཞུགས་སོ། །
 

མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་མཛད།
 
  ༄། །འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །  རང་རེ་བོད་གངས་ཅན་གྱི་ལྗོངས་འདིར་དམ་པའི་ཆོས་མ་དར་བའི་གོང་རོལ་དུ་རང་ཅག་གི་མི་རིགས་འདི་གཏུམ་དྲག་ཅན་གྱི་མི་རིགས་ཤིག་ཡིན་པར་བཤད། དམ་པའི་ཆོས་དར་བ་ནས་བཟུང་ལས་རྒྱུ་འབྲས་ཀྱི་རྣམ་དབྱེ་ཤེས། བྱམས་སྙིང་རྗེས་སེམས་རྩ་བརླན། བློ་ཕུགས་དམ་པའི་ཆོས་ལ་གཏོད་པའི་ཡ་རབས་ཀྱི་མི་རིགས་ཤིག་ཏུ་གྱུར། དེ་ཡང་ཆོས་རྒྱལ་སྲོང་བཙན་གྱི་སྐབས་ནས་རིག་གནས་གསར་པ་མང་པོ་དར། ལུགས་སྲོལ་གསར་པའང་མང་པོ་ཞིག་བཙུགས། དེ་རྣམས་ཀྱི་ཁྲོད་ནས་འདིར་དགེ་བ་བཅུའི་སྲོལ་ཞེས་པ་དེ་བསྐྱར་གསོ་བྱ་བའི་སྐོར་ཅུང་ཟད་ཅིག་འཆད་པར་འདོད་དོ། །
འདི་ལ་དོན་ཚན་བརྒྱད་ཡོད་དེ།

དང་པོ་དགེ་བཅུའི་སྲོལ་གྱི་བྱུང་བ་བཤད་པ་ནི།
  ལྷ་ཆོས་དགེ་བ་བཅུའི་སྲོལ་འདི་ཐོག་མར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ནས་རྒྱ་ཁྱབ་ཆེན་པོའི་སྒོ་ནས་དར་བར་མཛད་པ་ཞིག་སྟེ། བཀའ་ཆེམས་ཀ་ཁོལ་མ་ལས། ད་དགེ་བ་བཅུའི་ཁྲིམས་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་བོད་ཀྱི་རྒྱལ་ཕྲན་བཅུ་གཉིས་མཐར་ཡན། ད་ཡང་ཁྲིམས་མེད་ན་ཉེས་པ་སྣ་ཚོགས་ཀུན་བྱེད་པས། ངའི་དབོན་སྲས་ཞངབློན་རྣམས་སྡུག་བསྔལ་བར་འགྱུར་བས། ངའི་རྒྱལ་ཁམས་སུ་གཏོགས་པའི་མི་རྣམས་ཀྱིས། སྲོག་མ་གཅོད་ཅིག །བཅད་ན་སྟོང་འདོད། མ་རྐུ། བརྐུས་ན་འཇལ་འདོད། མ་རྡུང་མ་འཕྲོག་ཅིག །འཕྲོག་ན་འཇལ་འདོད། བྱི་བྱས་ན་བྱི་རིན་འདོད། རྫུན་དང་ཕྲ་མ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ། ཁྲིམས་དང་འགལ་བའི་ལས་རྣམས་གང་བྱས་ལ། དེ་རྣམས་ཀུན་ལ་ཆད་པ་གང་ཐོབ་གཅོད་བྱ་བ་ལ་སོགས་པ་གསུངས་པས། ཞེས་དང་། མ་ཎི་བཀའ་འབུམ་ལས། སྔོན་གྱི་དུས་ན་བོད་ཀྱི་ཡུལ་འདིར་རྒྱལ་ཕྲན་བཅུ་གཉིས་ཀྱིས་ཁྲིམས་བཅས་པ་མི་དགེ་བར་སོང་ནས་བོད་ཡུལ་དུ་བདེ་བ་མ་བྱུང་བ་ཡིན་ནོ། ང་ནི་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས་བོད་ཁམས་ཐམས་ཅད་དགེ་བ་ལ་འགོད་པར་བྱའོ། ཆོས་ཁྲིམས་མེད་ན་མི་དགེ་བའི་དབང་དུ་གྱུར་ནས་སྡུག་བསྔལ་བའི་རྒྱུ་འབའ་ཞིག་ལ་སྤྱད་པས། འབྲས་བུ་ངན་སོང་གསུམ་དུ་སྐྱེ་བར་འགྱུར་རོ། ཞེས་དང་། མདོར་ན་མི་དགེ་བ་བཅུ་པོ་དེ་ངའི་བཀའ་དང་འཁོར་དུ་གཏོགས་པ་རྣམས་ཀྱིས་སྤོངས་ཤིག །ཅེས་གསུངས་པ་དང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས། སྲོང་བཙན་གྱི་ལོ་རྒྱུས་སྐབས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན་བདེ་སྐྱིད་ལྷ་དང་མཉམ་པ་ཡིན་ནོ། དེ་ལྟར་འདི་ཕྱི་ཀུན་ཏུ་ཕན་པ་ཡི། བཟང་པོའི་བཙན་ཁྲིམས་གཉའ་ཤིང་དམ་པར་བསྡམས། རི་དྭགས་རྣམས་ནི་རྒྱལ་པོའི་དཀོར་ནོར་མཛོད། ར་ལུག་བེའུ་ལ་སོགས་རང་ཡན་གཏོང་། ཞེས་སོགས་གསུངས་པའི་ཕྱིར་རོ།
  དེའི་རྗེས་སུ་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་སྐབས་སུ་སྔ་མ་དེ་དག་ཀྱང་དེ་བས་ཇེ་ཟབ་ཏུ་བཏང་བར་མངོན་ཏེ། རྦ་བཞེད་ལས། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ། ཆོས་ཁྲིམས་བཅས། སླན་ཆད་ཆབ་འོག་གི་འབངས་ལས་ཕོ་མིག་མི་འབྱུང་། མོ་སྣ་མི་གཅོད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་བྱས་ནས་ཕྱག་དང་མཆོད་པ་དང་བཀུར་སྟིར་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་མོ་སྩལ་བར་བཀར་བཏགས། ཞེས་གསུངས་པའི་ཕྱིར་རོ། བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་གྱུར་པའི་རྗེས་སུའང་ཡུལ་གྲུ་སོ་སོ་ན་དགེ་བ་བཅུའི་སྲོལ་ཆ་ཚང་བའམ་ཐོར་བུ་རིམ་པ་མི་འདྲ་བ་སྣ་ཚོགས་ཡོད་པ་སྔོན་གྱི་ཡིག་ཆ་རྣམས་ན་མང་དུ་མཐོང་རྒྱུ་ཡོད། དེ་ལྟར་ལྷ་ཆོས་དགེ་བ་བཅུ་པོ་འདི་ལ་ལོ་སྟོང་ལྷག་གི་ལོ་རྒྱུས་ཡོད་པས་བོད་མི་ཡོངས་རྫོགས་ཀྱི་སེམས་ལ་བག་ཆགས་ཤིན་ཏུ་ཟབ་མོ་ཐེབས་པར་གྱུར་ཏེ། སྔོན་ཆོས་རྒྱལ་རྣམས་ཀྱི་སྐུ་རིང་ལ་འདི་རྣམས་ཁྲིམས་ཀྱི་རྣམ་པར་ཡོད་ཀྱང་ཕྱིས་རིམ་གྱིས་བོད་ཀྱི་དམངས་ཁྲོད་དུ་ཁྲིམས་ཀྱི་རྣམ་པར་མེད་ཀྱང་། ལུགས་སྲོལ་ལམ་ཀུན་སྤྱོད་ཀྱི་ཚད་གཞི་འཛིན་བྱེད་ལྟ་བུ་ཞིག་ཏུ་གྱུར། འོན་ཀྱང་ཟིང་འཁྲུག་ལོ་བཅུ་སོགས་ཀྱི་ཚེ་ན་སྲོལ་རྒྱུན་རིག་གནས་ཐམས་ཅད་ལ་གཏོར་བཤིག་རྒྱ་ཆེན་པོ་ཕོག་པ་བཞིན་དུ་ཡུལ་སོ་སོའི་དགེ་བཅུའི་སྲོལ་རྣམས་ཀྱང་གཞི་མེད་དུ་གྱུར་ཏོ། །
གཉིས་པ་དགེ་བ་བཅུའི་སྲོལ་གྱི་ངོ་བོ།
  དགེ་བཅུའི་སྲོལ་ཞེས་པ་དེ་གང་དག་ཡིན་ཞེ་ན། བཀའ་ཆེམས་ཀ་ཁོལ་མ་ལས། མི་དགེ་བ་བཅུའི་ནང་ནས་ཚིག་རྩུབ་མ་གཏོགས་གཞན་ཐམས་ཅད་དངོས་སུ་གསུངས་ཤིང་། ཚིག་རྩུབ་ཀྱང་དོན་གྱིས་འཐོབ་པས་ཤུགས་ལ་བསྟན་པ་དེ་རྣམས་ཡིན། དེ་ཡང་འཇམ་མགོན་མི་ཕམ་རྒྱ་མཚོའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ས་གཞི་སྐྱོང་བའི་རྒྱན་ལས། མི་དགེ་བཅུ་པོ་དུག་འདྲ་སྟེ། འདིར་གནོད་ཕྱི་མ་སྡུག་བསྔལ་ཀྱང་། ཞེ་འདོད་ལག་ལེན་འགལ་རྣམས་ལ། ཆོས་རྒྱལ་རྣམས་ཀྱིས་ཁྲིམས་སུ་མཛད། མི་གསོད་པ་དང་ནོར་རྐུ་དང་། ཆུང་མ་འཕྲོག་དང་བྱི་བྱེད་དང་། རྫུན་གྱིས་བསླུ་དང་ཕྲ་མས་འབྱེད། དོན་མེད་རྩུབ་མོའི་ཚིག་གིས་གཅོད། འདི་དག་གནོད་ཚབས་ཆེ་ཆུང་དང་། སྔར་གྱི་ལན་སྐྱོན་ཡོད་མེད་སོགས། ཉེས་པའི་འོས་དང་བསྟུན་ནས་སུ། ཆད་པའི་ལུས་ཀྱིས་བཀག་པར་བྱ། རགས་པའི་ཉེས་པ་རྣམས་བཀག་པས། ཕྲ་བ་ཡིད་ཀྱི་ཉེས་པ་རྣམས། ཤུགས་ཀྱིས་མཐུ་ནི་མེད་བྱས་པས། དགེ་བཅུའི་ཁྲིམས་སུ་བཅས་ཞེས་བྱ། ཞེས་གསུངས་པ་ལྟར་སྤྱིར་མི་དགེ་བ་བཅུ་དང་དེའི་ནང་ནས་ཀྱང་གཙོ་བོ་ལུས་ངག་གི་མི་དགེ་བ་བདུན་པོ་དེ་མི་བྱེད་པ་ཡིན་ཏེ། ལུས་ཀྱི་སྒོ་ནས་སེམས་ཅན་གྱི་སྲོག་གཅོད་པ་དང་། རྐུ་འཕྲོག་བྱེད་པ་དང་། གཞན་གྱི་ཆུང་མ་འཕྲོག་པ་གསུམ་དང་། ངག་གི་སྒོ་ནས་རྫུན་ཚིག་འདྲ་མིན་སྣ་ཚོགས་ཀྱིས་གཞན་བསླུ་བ་དང་། མཐུན་པ་རྣམས་ཀྱི་བར་དུ་དབྱེན་ནམ་ཕྲ་མ་བྱས་ཏེ། མཐུན་སྒྲིལ་ལ་གཏོར་བཤིག་བྱེད་པ་དང་། གཞན་གྱི་མཚང་འདྲུ་བ་སོགས་བརྗོད་བྱ་ངན་པ་ཅན་ནམ་ཡ་རབས་ཀྱི་ལུགས་སྲོལ་དང་འགལ་བའི་ཚིག་རྩུབ་མོ་སྨྲས་ཏེ། གཞན་གྱི་སེམས་མི་དགའ་བར་བྱེད་པ་དང་། དོན་མེད་ཀྱི་གཏམ་འཁྱལ་མང་པོས་གཞན་སེམས་ཆགས་སྡང་གིས་འཁྲུག་པར་བྱེད་པ་སྟེ། བདུན་པོ་འདི་ལུས་ངག་གི་མི་དགེ་བ་བདུན་ཡིན་ལ། འདི་རྣམས་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ནང་དུ་སྡུག་བསྔལ་ཆེ་ཆུང་སྣ་ཚོགས་པ་སྒྲུབ་པའི་རྒྱུ་དངོས་ཡིན་པས་མི་དགེ་བ་ཞེས་བྱ་བ་ཡིན། ཡིད་ཀྱི་མི་དགེ་བ་གསུམ་སྟེ། གཞན་གྱི་ནོར་རྫས་ལ་སྲེད་ནས་དེ་ཚུལ་དང་མི་མཐུན་པའི་ཐབས་ཀྱིས་ལེན་པར་འདོད་པ་བརྣབ་སེམས་དང་། ལས་རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་འཛིན་པའི་ལོག་ལྟ་སྟེ། འདི་དག་ལུས་ངག་གི་མི་དགེ་བ་རྣམས་བསྐྱེད་པའི་རྒྱུ་ཡིན་པས་གནོད་ཚབས་ཤིན་ཏུ་ཆེ་བ་ཡིན་ཡང་དངོས་སུ་འགོག་དཀའ། འོན་ཀྱང་ལུས་ངག་གི་མི་དགེ་བ་རྣམས་དངོས་སུ་བཀག་ན་དེའི་ཤུགས་ཀྱིས་དེ་དག་སྟོབས་ཞན་པར་འགྱུར་བས་དགེ་བཅུའི་སྲོལ་བཙུགས་ཞེས་བརྗོད་ན་ཆོག་པ་ཡིན། དངོས་སུ་འགོག་དགོས་རྒྱུ་ནི་སྤྱིར་ལུས་ངག་གི་བདུན་པོ་དང་དེའི་ནང་ནས་ཀྱང་། གོང་དུ། འདི་དག་གནོད་ཚབས་ཆེ་ཆུང་དང་། ཞེས་གསུངས་པ་བཞིན་དུ་གནོད་ཚབས་ཆེ་ཤོས་རྣམས་ཡིན་ནོ། །

གསུམ་པ་དགེ་བཅུའི་སྲོལ་གྱི་གལ་ཆེ་བའི་རང་བཞིན་ནི།
   སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་འདི་རྣམས་གསད་བྱ་སེམས་ཅན་དང་རྒྱུ་ནོར་གྱི་བདག་པོ་དེ་རྣམས་ཀྱི་ཆེད་རྐྱང་པ་ཙམ་ཞིག་ཡིན་པར་མི་བསམ་སྟེ། འདི་རང་ཅག་གི་མི་རིགས་འདིའི་རིན་ཐང་གི་ལྟ་བ་ཡིན། མི་རིགས་ཀྱི་གཤིས་རྒྱུད་མཚོན་བྱེད་ཀྱི་མཚོན་རྟགས་ཡིན། མི་རིགས་ཧྲིལ་པོའི་ཀུན་སྤྱོད་བཟང་ངན་གྱི་ཚད་འཛིན་བྱེད་ཀྱི་ཚད་གཞི་ཡིན། མི་རིགས་གཞན་པ་རྣམས་ཀྱི་གདེང་འཇོག་འཐོབ་བྱེད་ཀྱི་ཡོན་ཏན་ཡིན། ལོ་ཆིག་སྟོང་ལྷག་གི་རིང་ལ་མི་རབས་ནས་མི་རབས་བརྒྱུད་དེ་བྱུང་བའི་རིག་གནས་ཡིན། དེང་སང་རིག་གནས་ཞེས་པ་དེ་གླེག་བམ་ནང་དུ་ཡོད་པའི་ཡིག་ཚོགས་ཙམ་ཞིག་ལ་ངོས་འཛིན་མི་བྱེད་དེ། མི་རིགས་དེའི་བསམ་བློ་དང་ཀུན་སྤྱོད་དང་ཡུལ་སྲོལ་དང་གོམས་གཤིས་ཐམས་ཅད་རིག་གནས་ཞེས་བྱ། གཞན་འཚེ་བ་སྤང་བ་དང་གཞན་ཕན་སྒྲུབ་པའི་མི་རིགས་ཀྱི་བསམ་བློའི་ཕུག་ནོར་ཡིན། མི་རིགས་ཧྲིལ་པོའི་མིའི་གཞི་སྤུས་ཇེ་བཟང་དུ་གཏོང་བར་བྱེད་པའི་བསམ་སྦྱོར་ཡིན། གལ་ཏེ་འདི་འདྲ་བའི་བསམ་པ་དང་སྤྱོད་པ་ཁྱད་པར་བ་དང་ལྡན་ན་མིའི་ལུས་སེམས་ལས་ཕྱི་རོལ་དུ་གྱུར་པའི་ལོངས་སྤྱོད་དེ་ཙམ་མ་འབྱོར་ནའང་འཛམ་གླིང་མི་རིགས་ཀྱི་ཁྲོད་ནས་མི་རིགས་ལེགས་པོར་རྩི། གལ་ཏེ་ཡོན་ཏན་འདི་རྣམས་མེད་ན་ཕྱིའི་ལོངས་སྤྱོད་དང་ལག་སྩལ་བཟང་པོ་ཡོད་ཀྱང་མི་རིགས་དེའི་ལོངས་སྤྱོད་དང་ལག་སྩལ་ལ་ཡིད་སྨོན་ནམ་དགའ་ཞེན་བྱེད་མཁན་ཡོད་ཀྱི། མི་རིགས་དེ་ཉིད་ལ་ཡིད་སྨོན་དང་དགའ་ཞེན་བྱེད་མཁན་མེད་དེ། ཤན་པ་དང་རྔོན་པ་དང་རྐུན་མ་དང་ཁྲམ་པའི་མི་རིགས་ཤིག་ཏུ་གྱུར་ན། དེ་འཛམ་བུ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཇི་ལྟར་ཚུད། ཆབ་སྲིད་ཀྱི་དབང་ཤུགས་ཇི་འདྲ་ཞིག་གི་འོག་ཏུ་གནས་ཀྱང་འདྲ། དཔལ་འབྱོར་གྱི་དབུལ་ཕྱུག་ཇི་ལྟ་བུ་ཞིག་ཡིན་ཡང་རུང་། དུས་ནམ་ཡང་མི་རིགས་རང་གི་ཡ་རབས་ཀྱི་གཤིས་ཀ་བཟང་པོ་མི་འདོར་བ་འདི་ལས་གལ་ཆེ་བ་མེད་དེ། དཔེར་ན། མི་ཞིག་ལ་མཚོན་ན། གཟུགས་བྱད་མཛེས་པ་དང་། རིག་གནས་ཀྱི་ཡོན་ཚད་མཐོ་བ་དང་། འབྱོར་བ་རྒྱས་པ་སོགས་ཀྱང་དགོས་མོད། གཙོ་བོ་མི་གཞི་བཟང་བ་ཁོ་ན་གལ་ཆེ་བ་ཡིན། གལ་ཏེ་མི་གཞི་མ་བཟང་ན། གཞན་པ་དེ་རྣམས་ཐམས་ཅད་ཚང་ཡང་། མི་དེ་ལ་སེམས་གཏིང་ནས་གྲོགས་པོ་བྱེད་འདོད་མཁན་མེད། གལ་ཏེ་མི་གཞི་བཟང་ན་དེ་རྣམས་ཐམས་ཅད་མེད་ཀྱང་མི་རྣམས་ཀྱིས་གདེང་འཇོག་དང་སེམས་ཁུར་བྱེད་པ་མངོན་སུམ་ཡིན། མི་རིགས་ཤིག་ལ་མཚོན་ནའང་དེ་འདྲ་བ་ཡིན་པ་ཅེས་ཀྱང་ཤེས་དགོས། གལ་ཏེ་མི་རིགས་རང་གི་གཤིས་ཀ་དེ་མ་བརླག་པར་གྱུར་ན། དེ་ནས་བྱ་སྤྱོད་ཐམས་ཅད་རིམ་གྱིས་འཕྱུགས་ནས་འགྲོ་བ་ཆོས་ཉིད་ཡིན། མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུའི་ངང་དུ་གནས་པ་འདི་བོད་མི་རིགས་སྤྱིའི་ཡ་རབས་ཀྱི་གཤིས་ཀ་ཡིན། མ་འོངས་པར་བོད་མི་རིགས་ཀྱི་རིན་ཐང་ལྟ་བ་དང་གཤིས་ཀ་བཟང་ངན་གང་དུ་འགྱུར་བ་ལ། ད་ལྟ་ཡར་འགྲོ་མར་འགྲོའི་ས་འཚམས་ལྟ་བུ་ལ་སླེབས་ནས་འདུག །ཕྱི་ལོ་༢༠༢༥ཙམ་་ ནས་བོད་ཀྱི་མི་རབས་རྙིང་པ་རྣམས་ལས་རེ་ཟུང་མ་གཏོགས་མཇུག་རྫོགས་པར་འགྱུར། མི་རབས་གསར་པ་འདིའི་གཤིས་ཀ་ཅི་འདྲ་ཞིག་ཏུ་འགྱུར་མི་རིགས་ཀྱི་རིན་ཐང་ལྟ་བའི་སློབ་གསོ་དང་ལག་ལེན་ལ་རག་ལས། མིའི་གཤིས་ཀ་འདི་ལྷན་སྐྱེས་སུ་བྱུང་བའང་ཡོད་མོད། ཕལ་ཆེར་སློབ་གསོ་དང་ཁོར་ཡུག་གི་དབང་དུ་འགྲོ །སློབ་གསོ་ཞེས་པ་འདི་ཁ་ནས་བཤད་རྒྱུ་རྐྱང་བ་མིན། ལུས་ཀྱི་སློབ་གསོ་ཞེས་པ་ཁ་ནས་མ་བཤད་ཀྱང་ལུས་ཀྱི་བྱ་སྤྱོད་ལ་བརྟེན་ནས་གཞན་གྱི་རྒྱུད་ལ་ཤུགས་རྐྱེན་བཟང་པོའམ་ངན་པ་ཐེབས་པར་འགྱུར་བ་དེའང་སློབ་གསོ་ཡིན། འདི་ཁྱད་པར་དུ་བྱིས་པ་རྣམས་ལ་ཤུགས་རྐྱེན་ཤིན་ཏུ་ཆེ། དེས་ན་བོད་ཀྱི་ཕ་མ་རྣམས་ཀྱིས་ཤན་པ་དང་རྔོན་པ་དང་ཁྲམ་པ་སོགས་ཀྱི་བྱ་བ་བསྒྲུབས་ནས་འཚོ་ཐབས་བྱས་ན་བོད་ཀྱི་མི་རབས་གསར་པ་འདིའི་གཤིས་ཀ་གཞི་རྩ་ནས་བརླག་པར་འགྱུར་བ་གདོན་མི་ཟའོ། །
  གསོད་པ་དང་རྐུ་བ་དང་མགོ་སྐོར་བ་ལ་སོགས་པ་འདི་རྣམས་སྲིད་ཁྲིམས་ལ་སྐྲག་ནས་བྱེད་མི་ཕོད་པ་ཙམ་མ་ཡིན་པར་འདི་དག་བྱས་ན་མི་རུང་སྙམ་པའི་འདུ་ཤེས་ཤིག་ཡོད་དགོས། དེ་ཡོད་ན་དེ་ལྟར་མི་བྱ་བ་འདི་མི་རིགས་དེའི་རིགས་གནས་སམ་ཀུན་སྤྱོད་ཀྱི་ཚད་གཞི་ཉིད་དུ་འགྱུར་བ་ཡིན་པས་འདིའི་སྲོལ་རྒྱུན་བརྟན་པོ་དང་ཡོངས་ཁྱབ་ཏུ་ཆགས་པ་ཞིག་དགོས་ཤིང་། དེ་བྱུང་ན་རང་གཞན་ཐམས་ཅད་ལ་ཚེ་འདི་ཕྱི་གཉིས་ཀར་ཕན་པ་རྒྱ་ཆེན་པོ་ཡོད། མི་རིགས་གང་ཞིག་ཡིན་ཡང་བྱ་བ་ངན་པ་འདི་རྣམས་ལ་མངོན་ལྐོག་མེད་པར་རང་བཞིན་གྱིས་འཛེམ་པ་ཞིག་གྱུར་པ་ཡིན་ན། མི་རིགས་དེ་ཤིན་ཏུ་ཡ་ང་བ་དང་འཇིགས་སུ་རུང་བའི་གནས་སུ་གྱུར་པ་ཡིན་ཏེ། ཕྱི་ཚུལ་ཇི་ལྟ་བུ་ཞིག་ཡིན་ཡང་དོན་ལ་དམུ་རྒོད་གདུག་རྩུབ་གཡོ་རྒྱུ་ཅན་གྱི་མི་རིགས་ཤིག་ཏུ་སོང་བས། འཛམ་བུ་གླིང་ན་མི་རིགས་དེ་ལ་བརྩི་བཀུར་དང་ཡིད་ཆེས་དང་མཛའ་གཅུགས་བྱེད་མཁན་མེད། ཡ་རབས་དང་ཕན་སེམས་དང་དྲང་བདེན་ཅན་གྱི་མི་རིགས་ཤིག་ལ་འཛམ་གླིང་གི་མི་རྣམས་ཀྱིས་ཡིད་སྨོན་དང་གདེང་འཇོག་དང་ལེན་སོགས་བྱེད་པ་ཡིན་ལ། ཡ་རབས་ཀྱི་རིག་གནས་འདི་ལ་བརྟེན་ནས་རང་རེའི་མི་རིགས་འདི་མ་འོངས་པར་བདེ་ཐང་གི་ངང་དུ་འཚོ་གནས་བྱ་དགོས་ཤིང་། རིག་གནས་འདི་ལྟ་བུ་ཞིག་ཡོད་པ་དེ་མི་རིགས་འདི་ཡུན་ནས་ཡུན་དུ་ས་ལྒང་གི་ངོས་སུ་འཚོ་ཞིང་གནས་དགོས་པ་དང་གནས་ཐུབ་པའི་རྒྱུ་མཚན་གཙོ་བོའང་ཡིན། རིག་གནས་འདིའི་དྲོད་དང་འོད་འཕྲོ་བས་དྲོད་ཀྱིས་རང་ཉིད་བདེ་ཞིང་འོད་ཀྱིས་གཞན་ལ་ལམ་སྟོན་པས་རང་གཞན་གཉིས་ཀ་ལ་གལ་ཆེ། འོད་ཀྱིས་ཚེ་འདིར་བདེ་ཞིང་ཟེར་གྱིས་ཚེ་ཕྱི་མ་གསལ་བས་འདི་ཕྱི་གཉིས་ཀ་ལ་མཁོ་བ་ཡིན། ཁྱད་པར་དུ་ད་ལྟ་འཛམ་བུ་གླིང་གི་མི་ཕལ་མོ་ཆེ་ཞིག་རང་འདོད་དང་དངོས་སྲེད་ཀྱི་དབང་དུ་སོང་ནས་གཞན་ཕན་དང་དྲང་བདེན་སོགས་མི་ཆོས་ཟང་པོ་རྣམས་ཉིན་རེ་ལས་ཉིན་རེ་ཇེ་དཀོན་ཏུ་འགྲོ་བཞིན་པའི་སྐབས་འདིར་རང་རེའི་རིག་གནས་འདི་སྔར་བས་ཀྱང་རིན་ཐང་ཇེ་ཆེར་འགྲོ །འཛམ་གླིང་གི་གནས་ཚུལ་འདི་འདྲ་ཞིག་གི་འོག་ཏུ་ལུགས་སྲོལ་འདི་རྒྱུན་འཁྱོངས་དང་དར་སྤེལ་བྱེད་ཐུབ་པ་ནི་རང་རེའི་གཟི་བརྗིད་དུ་འགྱུར་ལ། རང་རེའི་མི་རིགས་འདི་གཞན་ཕན་གྱི་བྱ་བ་ལ་གཙུགས་སུ་འཛིན་པ་དང་། རྒྱུ་འབྲས་དྲང་བདེན་གྱི་ལམ་ལ་མཐོང་ཆེན་བྱེད་པ་དང་། ཚེ་སྲོག་འདྲ་མཉམ་གྱི་ལྟ་བ་ལག་ལེན་དུ་འདེབས་པ་དང་། གཞན་ལ་གནོད་པ་སྤངས་པའི་སྒོ་ནས་རང་གི་འཚོ་ཚིས་བསྒྲུབ་པ་གཞི་རྩར་འཛིན་མཁན་ཞིག་ཏུ་བྱུང་ན་འཛམ་གླིང་གི་མི་རིགས་རྣམས་ཀྱི་གྲལ་དུ་མགོ་བོ་གཟེངས་སུ་བཏེགས་ནས་འགྲོ་ཆོག་པ་ཞིག་འོང་བ་ཡིན། དེས་ན་དགེ་བ་བཅུའི་སྲོལ་ཞེས་པ་འདི་མི་རིགས་ཀྱི་སྤུས་ཀ་དང་འབྲེལ་ནས་ཡོད་པ་མ་ཟད། མི་རིགས་ཀྱི་སྲོག་རྩ་དང་ཡང་འབྲེལ་བ་དམ་པོ་ཡོད་པས་ཤིན་ཏུ་གལ་ཆེ་བའི་རང་བཞིན་ཅན་ཞིག་ཡིན་ནོ། །

བཞི་པ་དགེ་བཅུའི་སྲོལ་གྱི་དམིགས་བསལ་ནུས་པ་ནི།
  འདི་ལ་བཞི་སྟེ། ལུས་ངག་གི་མི་དགེ་བ་བདུན་པོ་འདི་རྣམས་ཅི་རིགས་པ་ཞིག་ནི་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་ཀྱང་འགོག་པ་ཡིན་མོད། འོན་ཀྱང་ལས་འབྲས་རྒྱུས་དང་ཚེ་སྔ་ཕྱི་ལ་ཡིད་ཆེས་པའི་མི་རིགས་ཤིག་ལ་མཚོན་ན། འདི་གཉིས་ལ་ནུས་པ་ཐོན་ཚུལ་མི་འདྲ་བ་ཡོད་དེ། དང་པོ་སྔོན་འགོག་གི་ནུས་པ། འཇིག་རྟེན་པའི་ཁྲིམས་གང་ཡིན་ཡང་ཁྲིམས་དང་འགལ་བ་བྱས་ཟིན་པའི་རྗེས་སུ་ཁྲིམས་ཆད་ཀྱི་ཕྱིར་དུ་ནོར་འཕྲོག་པ་དང་བཙོན་དུ་འཇུག་པ་དང་སྲོག་གཅོད་པ་སོགས་བྱེད་མོད། འོན་ཀྱང་དེའི་ཚེ་བྱ་བ་ངན་པ་དེ་དག་བྱས་ནས་རང་གཞན་གཉིས་ཀ་ལ་གནོད་པ་བསྒྲུབས་ཟིན་པས་མང་པོ་ཞིག་ལ་ཕྱིར་བཅོས་སུ་མེད། གང་ཟག་དེས་ཀྱང་ཁྲིམས་འགལ་བྱས་ཟིན་པས་འགྱོད་པ་སྐྱེས་ཀྱང་བྱ་ཐབས་བྲལ། དགེ་བཅུའི་སྲོལ་དེ་དང་མི་འདྲ་སྟེ། སྲོག་མི་གཅོད་པ་དང་རྐུ་མི་བྱེད་པ་སོགས་སྔོན་དུ་དམ་བཅའ་བའམ་སྡོམ་པ་བླངས་ནས་སྔོན་འགོག་བྱེད་པ་ཡིན་ཏེ། འཇིག་རྟེན་པའི་གཏམ་དཔེ་ལ་ཆུ་མ་བྱུང་གོང་ནས་ཆུ་རགས་དང་རླུང་མ་བྱུང་གོང་ནས་རླུང་རགས་ཞེས་པ་ལྟ་བུ་ཡིན་པས་གཞན་གྱིས་འདོན་ཐབས་མེད་པའི་ནུས་པ་ཞིག་འདིས་ཐོན་པ་ཡིན་ནོ། །
  གཉིས་པ་མངོན་ལྐོག་གིནུས་པ་ནི། རྒྱལ་ཁབ་གྱི་ཁྲིམས་དང་འགལ་བ་ནི་ཚེ་འདིར་གཞན་གྱིས་ཤེས་ན་ཆད་པ་འོང་གིས། མ་ཤེས་ན་ཁྲིམས་འགལ་གྱི་ཉེས་པ་ཇི་འདྲའི་ཆེན་པོ་ཞིག་བྱས་ཀྱང་ཚེ་ཕྱི་མ་ལ་རྒྱལ་ཁྲིམས་ཀྱི་ཆད་པ་འཕོག་ཐབས་མེད་པས་མངོན་ལྐོག་གཉིས་ཀ་ལ་སྲུང་བའི་ངེས་པ་མེད། དགེ་བཅུའི་སྲོལ་དང་འགལ་ན་ནི་ཚེ་འདིར་གཏན་ནས་མ་ཤེས་ཀྱང་ཚེ་ཕྱི་མར་ཆད་པ་འཕོག་ངེས་ཡིན་པས་མངོན་ལྐོག་གཉིས་ཀའི་དུས་སུ་སྲུང་བར་བྱེད་དོ། །
  གསུམ་པ་ཁྲིམས་འཛིན་པ་ལ་འབྲེལ་བ་གཞག་ས་ཡོད་མེད་ཀྱིས་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་བྱས་ཀྱང་སྐབས་འགར་ཁྲིམས་འཛིན་མི་སྣ་དག་གི་འབྲེལ་བ་སྣ་ཚོགས་པ་ལ་བརྟེན་ནས་ཆད་པ་མི་གཅོད་པའམ་བཅད་ཀྱང་ཅུང་ཟད་ཙམ་ལས་མི་གཅོད་པ་ཤིན་ཏུ་མང་པོ་ཡོད། ལས་རྒྱུ་འབྲས་དང་འགལ་ན་ནི་དེ་འདྲའི་འབྲེལ་བ་བཙལ་ས་ཅི་ཡང་མེད་པས་དང་པོ་ནས་གཟབ་པར་བྱེད་པ་ཡིན་ནོ། །
བཞི་པ་ཁྲིམས་ཆད་ལྕི་ཡང་མི་འདྲ་བ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལ་མི་ཞིག་བསད་ནའང་སྤྱིར་བཏང་ལ་ལོ་ཁ་ཤས་ལ་བཙོན་ཁང་དུ་སོང་ནས་ངལ་རྩོལ་བྱ་དགོས་པ་ཙམ་ཞིག་ཡིན། རྒྱུ་འབྲས་ཀྱི་ལུགས་ལ་སྲོག་བཅད་ན་དམྱལ་བར་སྐྱེས་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་མྱང་དགོས་པས་ལྷག་པར་གཟབ་པ་ཡིན་ནོ། །དེས་ན་ལས་རྒྱུས་འབྲས་ལ་ཡིད་ཆེས་པའི་མི་ཕལ་མོ་ཆེ་ཞིག་ལ་དགེ་བཅུའི་སྲོལ་འདི་ཧ་ཅང་གཉན་པས་ཉེས་སྤྱོད་འགོག་པ་ལ་ཕན་ཐོག་ཤིན་ཏུ་ཆེ། འོན་ཀྱང་མི་རེ་ཟུང་ལ་ནི་རྒྱལ་བའི་བཀའ་ལས་ཀྱང་དབྱུག་པ་བཙན་པ་ཡོད་པས་དེ་དག་ལ་བྱ་ཐབས་མི་འདུག་གོ ། །

ལྔ་པ་དགེ་བཅུའི་སྲོལ་མེད་པའི་སྐྱོན་ནི།
  དེང་སང་མདོ་ཁམས་ཕྱོགས་ཀྱི་འབྲོག་སྡེར་དགེ་བཅུའི་སྲོལ་མེད་པའམ་ཡོད་ཀྱང་ལག་ལེན་ཡག་པོ་མ་བྱུང་བ་རྣམས་ཀྱི་ནང་དུ། ལོ་གཅིག་གི་རིང་ལ་ཚོ་བ་་ཆུང་ངུ་ཞིག་གི་ནང་དུ་མི་གསུམ་བཞི་ཙམ་རེ་ནང་གསོད་བྱེད་པ་ཧ་ཅང་མང་། འདི་རྣམས་ཀྱི་རྒྱུ་རྐྱེན་རྐུ་བྱས་པ་ལ་བརྟེན་ནས་བྱུང་བ་མང་སྡེ། གཞིས་ནངས་ལོ་གཡག་འགའ་རེ་བརྐུས་པ་ལ་བརྟེན་ནས་མི་གསུམ་བསད། ད་ལོ་གཡག་བརྐུས་པ་ལ་བརྟེན་ནས་ཚོ་བ་གཉིས་ཀྱིས་ཕན་ཚུན་མི་བསད། དམག་དྲངས་ནས་དེའུ་བར་དབྱེ་མི་ཐུབ་རྒྱུ་ཞིག་བྱུང་བ་ལྟ་བུ་རེད། ཡང་དོན་ཆུང་ངུ་རེའི་ཕྱིར་དུའང་མཚོན་གྱིས་འཐབ་མོ་བྱས་ནས་མི་མང་པོ་གསོད་དེ། ད་ལོའི་སྟོན་དུས་སུ་ཚོ་བ་གཉིས་འཐབ་ནས་ཕན་ཚུན་མི་བདུན་བསད་པ་དང་། མི་བསད་པའི་རྗེས་སུ་མི་གསོད་མཁན་ཚང་མ་རི་མགོར་བྲོས། ཤ་ལན་རྩོད་པ་དང་གྱོད་བཤད་པ་དང་སྟོང་མཇལ་བ་སོགས་འཐབ་རྩོད་དང་མི་བདེ་བ་འབའ་ཞིག་གི་ངང་དུ་དུས་འདའ། ཚོ་བ་ཕན་ཚུན་བར་དུ་རྐུ་བ་དང་མཚོན་ཆ་མང་པོ་ཉོ་སྒྲུབ་བྱེད། བོད་པ་ཁ་ཤས་རྒྱ་ནག་གི་གྲོང་ཁྱེར་འགའ་རེའི་ནང་དུ་སོང་ནས་རྐུ་འཕྲོག་མང་པོ་བྱས་པ་དང་། བོད་ཡུལ་གྱི་ཡུལ་སྐོར་ལྗོངས་གནས་རྣམས་ནས་ཡུལ་སྐོར་དུ་འོང་མཁན་རྣམས་གནས་ལུགས་མི་བཤད་པར་སྒོར་མོ་གཡོ་ལེན་བྱེད། ཐ་ན་མགྲོན་འཁོར་ཁ་ལོ་པ་ཡན་ཆད་གཏམ་ཐོག་ཚིག་ཐོག་ནས་མི་འདུག་པར་འཁོར་གླ་གཡོ་འཕྲོག་བྱེད། དབྱར་རྩྭ་དགུན་འབུ་རྫུན་མ་དང་མར་རྫུན་མ་སོགས་བཟོས་ཏེ་བཙོང་པས། ད་ལྟ་མི་རིགས་གཞན་པའི་མི་མང་པོ་ཞིག་གིས་བོད་ཅེས་པ་རྐུན་མ་ཁྲམ་པ་ཤ་སྟག་རེད་སྙམ་སྟེ། བརྙས་སྨོད་བྱ་བའི་ཡུལ་དུ་གྱུར། བྱ་བ་དེ་ཚོ་ཐམས་ཅད་མི་ཤིན་ཏུ་ཉུང་ཤོས་ཤིག་གིས་བྱས་པ་ཡིན་མོད། འོན་ཀྱང་སྐྱོན་དེ་དག་མི་རིགས་ཧྲིལ་པོའི་མགོ་ལ་རྩི་བར་འདུག །དེ་བཞིན་དུ་ཡུལ་ཕལ་མོ་ཆེ་ཞིག་ཏུ་སྒོ་ཟོག་མང་པོ་བཤས་ཚོང་བྱེད་པ་ལ་ཚོད་འཛིན་རྩ་བ་ནས་མེད་པ་འདིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་དངོས་སམ་བརྒྱུད་ནས་གཏོར་བཤིག་ཧ་ཅང་ཚབ་ཆེན་ཐེབས་ཀྱིན་འདུག་སྟེ། རྐུན་མ་རྣམས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་གཞན་གྱི་རྟ་ནོར་རླུང་འཁོར་མང་པོ་བརྐུས་ནས་བཤས་ཁང་རྣམས་ལ་འཚོང་བས་རྐུན་ཇག་ཇེ་མང་དུ་སོང་། ད་ལོའི་ལོ་གཅིག་པོ་འདིའི་རིང་ལ་ས་ཆ་འགའ་ཤས་ལ་འདི་འདྲའི་དོན་རྐྱེན་མང་པོ་བྱུང་། གོང་དུ་བཤད་པ་བཞིན་མེ་མདའམ་བོའུ་རིང་ཐུང་དང་དེའི་མདེའུ་མང་པོ་ཉོ་སྒྲུབ་བྱེད་པ་དེའང་སེམས་ཅན་མང་པོ་བཤས་སུ་ཕབས་ནས་དེའི་རིན་གྱིས་ཉོ་བ་ཡིན་ཏེ། ལོ་འགའ་ཞིག་གི་སྔོན་དུ་འབྲོག་པ་འགའ་རེས་མེ་མདའ་གཅིག་གི་རིན་དུ་གཡག་ཉི་ཤུ་ལྷག་ཙམ་རེ་བྱིན་པ་ཡོད་ཅིང་། ད་ལོ་མཚོ་སྔོན་ཕྱོགས་ཀྱི་མི་འགའ་ཞིག་ཁམས་ཕྱོགས་ཀྱི་འབྲོག་པའི་ནང་དུ་འོངས་ནས་ཟོག་རླངས་འཁོར་འགའ་ཞིག་ཉོས་ནས་རིན་དུ་མེ་མདའ་རིང་ཐུང་དང་མདེའུ་ཤ་སྟག་སྤྲད་པ་དང་། ད་ལོ་དབྱར་དུས་སུ་འབྲོག་པ་རྒད་པོ་ཞིག་གིས། ཁོ་ལ་མེ་མདའ་བཟང་པོ་གཉིས་ཡོད། ཁོང་ཅག་ཉེ་སྐོར་ཁྱིམ་ཚང་གསུམ་ཡོད་དེ། གསུམ་པོའི་ད་ཡོད་ཀྱི་རྒྱུ་རྫས་ཡོངས་རྫོགས་བསྡམས་ཀྱང་མེ་མདའ་གཉིས་པོ་དེའི་རིན་ཙམ་མེད་ཅེས་ཟེར་བ་ལྟ་བུ་སྟེ། དེ་དག་ཐམས་ཅད་གཡག་བཙོང་ནས་དེའི་རིན་གྱིས་ཉོས་པ་རེད། མེ་མདའ་འདི་རྣམས་ཐམས་ཅད་བོད་པ་ནང་འཐབ་ཀྱི་ཆེད་ཁོ་ནར་དམིགས་ནས་ཉོ་བ་ཡིན་ཏེ། ཚོ་བ་གཉིས་ཀྱི་བར་དུ་གྱོད་གཞི་ཅུང་ཙམ་ཞིག་བྱུང་ཚེ། འཕྲལ་དུ་ཕྱོགས་གཉིས་ཀས་མེ་མདའ་མང་པོ་ཉོ། དེ་ཉོ་བྱེད་ཐམས་ཅད་བཤས་ཚོང་བྱས་པ་ལས་བྱུང་བ་ཡིན་པ་འབྲོག་པའི་ནང་དུ་སོང་ནས་བལྟས་ན་ཤེས། གཞན་ཡང་ཟོག་ལུག་གི་རིན་གྱིས་ཤྭ་རྒྱལ་སྐུག་པར་བྱེད་དེ། ལོ་འགའ་ཞིག་གི་སྔོན་དུ་རྒྱལ་སྐུག་པ་ཧ་ཅང་དགའ་མཁན་གྱི་འབྲོག་པ་ན་གཞོན་ཞིག་གིས། ཁོས་རྒྱལ་བསྐུག་རྒྱུ་ཁོ་ནའི་དོན་དུ་ནོར་གནག་ཉིས་བརྒྱ་ལྷག་ཅིག་བཤས་ཁང་ལ་བཙོང་པ་ཡིན་ཞེས་ཟེར་བ་ལྟ་བུ་རེད། མདོར་ན། བཤས་ཚོང་བྱས་པའི་རིན་གྱིས་སྔ་སོར་གཅན་གཟན་གྱི་པགས་པ་འབོར་ཆེན་ཉོ། ད་ལྟ་རྒྱལ་སྐུགས་པ་དང་མཚོན་ཆ་ཉོ། འགའ་རེས་གྲོང་ཁྱེར་རྣམས་སུ་སོང་ནས་ཉིན་འགའི་རིང་ལ་འཁྱམས་ཏེ། བཤས་རིན་ཐམས་ཅད་དོན་མེད་འཕྲོ་བརླག་ཏུ་གཏོང་གིན་འདུག་སྟེ། དགོས་ངེས་ཀྱི་འཚོ་བའི་ནང་དུ་འགྲོ་བ་ཤིན་ཏུ་ཉུང་ཉུང་ཡིན་པ་ཞིབ་ཏུ་བལྟས་པས་གསལ། འབྲོག་པ་ཁ་ཤས་ཀྱིས་འབྲི་གཡག་བེའུ་དང་བཅས་པ་སྒོ་ན་ཡོད་ཚད་ཐམས་ཅད་བཤས་ཚོང་བྱས་ནས་གྲོང་བརྡལ་དག་གི་མཐར་སོང་ནས་བསྡད། དེ་ནས་ལྟོ་མ་ཕྱིད་ནས་སླར་ཡང་འབྲོག་པའི་ནང་དུ་ལོག་དགོས་བྱུང་བ་མང་པོ་འདུག །དུད་འགྲོའི་ཚེ་སྲོག་ལ་གཅེས་སྤྲས་མི་བྱེད་པ་འདིའི་བག་ཆགས་རིམ་གྱིས་གོམས་པས་མཐར་མིའི་ཚེ་སྲོག་ལའང་གཅེས་སྤྲས་མི་ཤེས་པ་འདི་འབྱུང་བ་ཡིན་ཏེ། ཨ་མེ་རི་ཁའི་བཙོན་ཁང་ཞིག་གི་ནང་དུ་བརྟག་དཔྱད་བྱས་པས། མི་གསོད་པ་སོགས་ནག་ཉེས་ཧ་ཅང་ཚབས་ཆེན་བྱེད་མཁན་རྣམས་ལས་བརྒྱ་ཆ་བདུན་ཅུ་དེ་སྔར་དུད་འགྲོ་རྣམས་ལ་མནར་གཅོད་གཏོང་མཁན་ཡིན་པ་ལྟ་བུ་རེད། དེས་ན་དུད་འགྲོའི་ཚེ་སྲོག་ལ་ཤ་ཚ་མི་བྱེད་པ་འདིས་མ་ཤེས་མ་ཚོར་བཞིན་དུ་མི་རྣམས་ཀྱི་ནང་ཕན་ཚུན་དུའང་འཐབ་འཛིང་དང་གསོད་གཅོད་སྣ་ཚོགས་པ་བྱུང་བའི་རྒྱུ་བྱེད་པ་ཡིན། དེས་ན་འབྲོག་པ་ཚོས་གཡག་ལུག་གསོད་པ་དང་པགས་པ་བཤུ་བ་དང་ལྟོ་བ་ཕྲལ་བ་སོགས་ལ་བྱིས་པ་རྣམས་ལ་ལྟད་མོ་བལྟར་མི་འཇུག་པ་འདིས་བྱིས་པ་ཚོ་ལ་བག་ཆགས་ངན་པ་ཐེབས་པར་འགྱུར་བས་ཅིས་ཀྱང་གཟབ་པར་བྱ། མདོར་ན་བོད་གངས་ཅན་གྱི་ཕ་མྱེས་རྣམས་ཀྱིས་བཞག་པའི་ལུགས་སྲོལ་བཟང་པོ་དེ་རྣམས་གཞན་གྱིས་གཏོར་བཤིག་བཏང་བ་དང་། རང་གིས་སྣང་མེད་དུ་དོར་བ་ལ་བརྟེན་ནས་ད་ལྟ་བྱ་སྤྱོད་ངན་པ་མང་པོ་ཞིག་འབྱུང་བཞིན་འདུག་སྟེ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ནང་དུ་ཞུགས་ནས་བརྟགས་ན་ཤེས་སླ། འདི་དག་གིས་བོད་མི་རིགས་ཀྱི་ཡ་རབས་ཀྱི་གཤིས་ཀ་དང་ཞི་བདེའི་ཁོར་ཡུག་གཉིས་ཀ་གཞི་ནས་བརླག་པར་འགྱུར་བ་ལས་ཕན་པ་ཅི་ཡང་མི་འདུག་པའི་བོད་པ་རྣམས་ཀྱིས་བསམ་བློ་ཞིབ་ཏུ་གཏོང་དགོས་པར་སྣང་ངོ་། །

དྲུག་པ་དགེ་བཅུའི་སྲོལ་གྱི་ཕན་འབྲས་ནི།
  ཐོག་མར་སྲོག་མི་གཅོད་པའི་སྲོལ་དེ་ལེགས་པོ་ཞིག་ཚུགས་ན། ཚོ་བ་ཕན་ཚུན་བར་དང་ཉེ་སྐོར་ཕན་ཚུན་བར་དང་མི་སྒེར་ཕན་ཚུན་བར་མི་གསོད་པ་འདི་མེད་པའམ་ཤིན་ཏུ་ཉུང་བར་འགྱུར། དེ་ཉུང་བས་མི་གསོད་མཁན་རྣམས་རི་མགོར་བྲོས་ཏེ། རྐུན་ཇག་སོགས་མུ་མཐུད་ནས་སྤྱི་ཚོགས་མི་བདེ་བའི་བྱ་བ་བྱེད་པ་དང་། བྱིས་པ་དང་བུད་མེད་རྣམས་རྒྱུན་ལྡན་གྱི་འཚོ་བ་སྐྱེལ་ཐབས་མེད་པར་སྡུག་བསྔལ་ངང་དུ་དུས་འདའ་བ་དང་། མི་བསད་པ་ལ་སྟོང་འཇལ་བ་དང་། ཡང་ན་མཚོན་ཆ་མང་པོ་ཉོ་བའི་ཕྱིར་དུ་ཁྱིམ་ཚང་གཅིག་པོ་ལ་ཡོད་པའི་དཔལ་འབྱོར་ཡོངས་རྫོགས་འཕྲོ་བརླག་ཏུ་གཏོང་བ་དང་། སྡིག་པ་དང་སྡུག་བསྔལ་གྱི་ཕུང་པོ་རྒྱ་ཆེན་པོ་ཞིག་གཅིག་ལ་གཅིག་འབྲེལ་ནས་ཡོད་པས། དེ་རྣམས་ཀྱིས་གཅིག་གིས་གཅིག་ཁྲིད་ནས་མི་མང་པོ་ཞིག་གི་མི་ཚེ་སྡིག་སྡུག་ལ་གཟད་པའི་ཡིད་སྐྱོ་བའི་བྱ་སྤྱོད་འདི་རྣམས་རྒྱུན་འཆད་པར་འགྱུར་ཏེ། དེང་སང་དགེ་བཅུའི་སྲོལ་ལེགས་པོ་ཡོད་པའི་ས་གནས་འགའ་རེ་ན། མཚོན་ཆ་མི་ཉོ་བའམ་མི་འདོགས་པ་དང་། རྐུ་མི་བྱེད་པ་འཐབ་མོ་མི་བྱེད་པ་འདི་དག་གིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཕན་འབྲས་བཟང་པོ་ཐོན་པ་མངོན་སུམ་ཡིན་ལ། དགེ་བཅུའི་སྲོལ་ཁོ་ན་ལ་བསམ་བློ་བཏང་སྟེ། འཐབ་མོ་མི་བྱེད་པ་དང་བྱས་པ་རྣམས་ཀྱང་ལས་སླ་མོའི་སྒོ་ནས་ཞི་བར་གྱུར་པ་མང་པོ་ཡོད། སྔར་གྲོང་ཚོ་གཅིག་གི་ནང་དུ་ལོ་རེ་ལ་བསད་པའི་མིའི་གྲངས་ཀ་ད་ལྟ་རྫོང་གཅིག་གི་ནང་དུའང་མེད་པ་ལྟ་བུ་བྱུང་ཞིང་། ས་གནས་མང་པོར་རྐུན་མ་ཇེ་ཉུང་དུ་སོང་བ་དང་། མཚོན་ཆ་མི་འདོགས་པ་སོགས་སྤྱི་ཚོགས་བདེ་འཇགས་ཀྱི་ཐད་ལ་ཕན་འབྲས་ལེགས་པོ་ཐོབ། དེའི་ཕྱིར་དགེ་བཅུའི་སྲོལ་འདི་མུ་མཐུད་ནས་འཛུགས་ཐུབ་ན་ཕན་པ་བཟང་པོ་འདུག་ཅེས་དགའ་བསུ་བྱེད་མཁན་གྱི་མང་ཚོགས་ཤིན་ཏུ་མང་པོ་འདུག་གོ །
དེ་བཞིན་དུ་སྒོ་ཕྱུགས་མང་པོ་བཤས་ཚོང་མི་བྱེད་པ་འདི་ལ་བརྟེན་ནས་དེའི་རིན་གྱིས་རྒྱལ་སྐུག་པ་དང་མཚོན་ཆ་ཉོ་བ་དང་ཕན་ཚུན་བར་ལ་རྐུ་འཕྲོག་བྱེད་པ་སོགས་འདི་རྣམས་ཀྱང་མེད་པར་འགྱུར་ཞིང་། རྐུན་ཇག་བྱེད་པ་འདི་ཁེགས་ན་དེ་ལ་བརྟེན་ནས་དམག་འབུད་པ་དང་མི་གསོད་པ་དང་དཔལ་འབྱོར་འཕྲོ་བརླག་ཏུ་གཏོང་བ་ཐམས་ཅད་ངང་ངམ་ཤུགས་ཀྱིས་ཁེགས་པས། རོང་འབྲོག་མང་ཚོགས་དང་བཟོ་ཚོང་གི་བྱ་བ་གཉེར་མཁན་སུ་ཡིན་ཡང་བདེ་འཇགས་ཀྱི་ངང་དུ་གནས་ཆོག་པ་དང་། བག་ཡངས་ཀྱི་སྒོ་ནས་རྒྱུ་ཆོག་པར་འགྱུར། དེར་མ་ཟད་དགེ་བཅུའི་སྲོལ་ཡོད་པའི་གནས་རྣམས་སུ་དུད་འགྲོ་རྣམས་ལའང་བདེ་བ་ཅུང་ཟད་ཐོབ་པར་འགྱུར་ཏེ། རི་དྭགས་ལ་མཚོན་ན་སྔོན་གྱི་དུས་སུ་བོད་ན་རྐྱང་དང་འབྲོང་དང་ཤྭ་བ་དང་གླ་བ་སོགས་རི་དྭགས་ཀྱི་རིགས་ཤིན་ཏུ་མང་པོས་གང་སར་ཁྱབ་ནས་ཡོད་མཆི། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་དགུ་བཅུ་ཙམ་ན་རྐྱང་འབྲོང་གི་རིགས་རྒྱུད་འཆད་ལ་ཁད་དུ་གྱུར་བར་མ་ཟད། ཐ་ན་ཤྭ་བ་དང་གླ་བ་སོགས་ཀྱང་ཧ་ཅང་དཀོན་པོར་གྱུར། དུས་ཕྱིས་སུ་ས་གནས་ཅི་རིགས་པ་ཞིག་གི་དགེ་བཅུའི་སྲོལ་ཅུང་ཟད་སླར་སོས་བྱུང་བས། ད་ལྟ་ས་གནས་དེ་རྣམས་སུ་ཤྭ་བ་དང་གླ་བ་སོགས་རི་དྭགས་རྣམས་གང་སར་མཐོང་ཐུབ་པར་གྱུར་པ་ལྟ་བུའོ། །
  མདོར་ན་དགེ་བཅུའི་སྲོལ་འདི་ལེགས་པོ་ཞིག་ཚུགས་ན། བོད་གངས་ཅན་གྱི་ལྗོངས་འདི་ཞི་བདེ་དང་བག་ཡངས་ཉམས་དགའི་ཁོར་ཡུག་ཅིག་ཏུ་འགྱུར་ཞིང་། འཛམ་བུ་གླིང་གི་མི་སུ་ཞིག་གནས་འདིར་ཕེབས་ཡང་ཐམས་ཅད་ཀྱིས་བོད་མི་རིགས་ཀྱི་རིག་གནས་ཀྱིས་བསྐྲུན་པའི་ཞི་བདེ་དང་སོས་དལ་དང་གུ་ཡངས་ཀྱི་ཁོར་ཡུག་འདི་ཉམས་སུ་མྱོང་ཐུབ་ཅིང་། བོད་མིའི་གཤིས་ཀ་ལས་བྱུང་བའི་དྲང་བདེན་དང་ཕན་སེམས་སོགས་ཀྱི་བསམ་སྦྱོར་བཟང་པོས་ཀུན་གྱི་ཡིད་ལ་དགའ་བདེའི་ཚོར་བ་སྟེར་ཐུབ་པ་ཞིག་འོང་ཞིང་། གནས་འདི་ན་འཁོད་པའི་སྲོག་ཆགས་ཐམས་ཅད་ལའང་འདྲ་མཉམ་གྱི་རང་དབང་དང་ཞི་བདེའི་སྣང་བ་ལོངས་སུ་སྤྱད་དུ་ཡོད་པ་དང་། འཛམ་གླིང་གི་མི་རིགས་གཞན་པ་རྣམས་ཀྱིས་ཀྱང་བོད་མི་རིགས་ལ་གདེང་འཇོག་ལེགས་པོ་བྱེད་པ་དང་། བོད་ཀྱི་རིག་གནས་ལའང་གཙིགས་ཆེན་བྱེད་མཁན་ཇེ་བས་ཇེ་མང་དུ་འགྲོ་བ་གོར་མ་ཆག་གོ །

བདུན་པ་སྲོལ་འདི་འཛུགས་ཚུལ་ནི།
  སྲོལ་འདི་མེད་པའི་ས་ཕྱོགས་སུ་དང་པོ་སློབ་གསོ་ལ་བརྟེན་ནས་མི་རིགས་ཀྱི་རིན་ཐང་གི་ལྟ་བ་ཉམས་གསོ་དང་བསྐྱར་བསྐྲུན་བྱ་དགོས། དེ་ཙ་ན་མི་རྣམས་ཀྱི་གཞི་སྤུས་ཇེ་བཟང་དུ་འགྲོ །གོ་བརྡ་འཕྲོད་ཅིང་གཞི་སྤུས་ཀྱི་ཚད་ངེས་ཅན་ཞིག་སླེབས་པ་ན། སྲོལ་འདི་རྣམས་ལག་ལེན་དུ་བཏབ་ན་གདོད་ལེགས་གྲུབ་འོང་། དེ་ཡང་ཐོག་མ་ནས་ཆད་པ་སྤྱི་དང་ཁྱད་པར་དུ་དཔལ་འབྱོར་གྱི་ཆད་པ་སོགས་བཙན་ཤུགས་ཀྱིས་གཅུན་ན་དོན་དུ་འགྱུར་དཀའ་བས་དེ་ལྟར་མི་བྱ། སྤྱིར་བྱ་བ་འདི་ཡུལ་ཁམས་དེ་ན་གནས་པའི་སྐྱེ་འགྲོ་ཡོངས་ལ་ཕན་འདོགས་པར་བྱེད་པའི་ཐབས་ཡིན་ཡང་། དེ་ལྟར་དུ་གོ་བ་ལེན་མཁན་དཀོན། དེས་ན་དགོན་པ་སོ་སོའི་བླ་སྤྲུལ་མཁན་སློབ་བམ་གྲྭ་པ་དཀྱུས་མ་ཡན་ཆད་དང་། ཡུལ་མི་ཤེས་ཡོན་ཅན་རྣམས་ཀྱིས་དགུན་དུས་སོགས་ཁོམ་སྐབས་དང་བསྟུན་ནས་མང་ཚོགས་རྣམས་ལ་ཆོས་ཚོགས་ཀྱི་རྣམ་པའམ་སྦྱོང་བརྡར་འཛིན་གྲྭའི་རྣམ་པ་གང་རུང་གི་སྒོ་ནས་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་སོགས་ཡ་རབས་ཀྱི་བསམ་བློ་དང་ཡུལ་སྲོལ་རྣམས་དང་། ཁོར་ཡུག་སྲུང་སྐྱོབ་དང་ནད་འགོག་འཕྲོད་བསྟེན་དང་གཙང་སྦྲ་སོགས་དང་། གཞན་ཡང་དུས་རབས་གསར་བའི་འཚོ་བའི་རྒྱུན་ཤེས་དགོས་ངེས་ཅན་རྣམས་རིན་མེད་ཀྱི་སྒོ་ནས་སློབ་སྦྱོང་བྱེད་དུ་འཇུག་དགོས། རང་ཅག་གི་ཕ་མེས་ཀྱི་རིང་གི་འདུ་ཤེས་ཕལ་མོ་ཆེ་ཞིག་ནི་དུས་རབས་གསར་བའི་ནང་དུའང་ཤིན་ཏུ་རིན་ཐང་དང་ལྡན་པ་ཡིན་ཏེ། ལས་དགེ་སྡིག་གི་རྒྱུ་འབྲས་ཀྱི་འདུ་ཤེས་ལ་བརྟེན་ནས་དྲང་བདེན་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱང་བདེ་སྡུག་གི་ཚོར་བ་ཅན་གྱི་ཚེ་སྲོག་ཡིན་པ་ལ་བསམ་བློ་བཏང་ནས་འདྲ་མཉམ་བྱ་བ་དང་། སྔོན་རང་གི་ཕ་མ་བྱས་པ་དང་ད་ལྟའང་དྲིན་ཆེ་བ་ལ་བསམ་ནས་སྒོ་ཕྱུགས་རྣམས་ཀྱང་བྱམས་པ་དང་སྙིང་རྗེའི་དམིགས་ཡུལ་དུ་བྱ་དགོས་པ་སོགས་ཀྱི་སློབ་གསོ་འཕྲོད་ངེས་བྱའོ། །
དེ་ནས་དགེ་བཅུའི་སྲོལ་དེའང་ཧ་ཅང་དམ་ཆེས་ནས་མི་ཐེགས་པའི་ཁུར་དུ་སོང་བ་ཞིག་བྱས་ན་བསྲུང་དཀའ་བས། དེ་ཙམ་གྱིས་དམ་པའང་མ་ཡིན་ལ། ཧ་ཅང་ལྷོད་ཆེས་ནས་གསོད་གཅོད་རྐུ་འཕྲོག་སོགས་ཅི་ཙམ་བྱས་ཀྱང་མི་སྒེར་རམ་དགོན་པའམ་བླ་བྲང་རང་ཉིད་ཀྱི་ཁེ་ཕན་ལ་གནོད་པ་མ་བྱུང་ཚེ་ཅི་མི་སྙམ་དུ་འཇོག་པ་ཞིག་ཀྱང་མ་ཡིན་པར་སྲོལ་ལེགས་པོ་འཛུགས་པར་བྱ། དེ་ཡང་མང་གཙོ་བྱས་ནས་འཛུགས་དགོས་ཀྱི། བླ་མ་དང་སྤྲུལ་སྐུ་སོགས་མི་འགའ་ཞིག་གིས་ཐག་བཅད་ན་མི་འགྲིག་པས། ཡུལ་དེའི་མང་ཚོགས་ལ་དྲིས་ནས། བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཙམ་གྱིས་འཛུགས་པར་མོས་པའི་ཚེ་ན་གཟོད་འཛུགས་དགོས། བཙུགས་ཟིན་པའི་རྗེས་སུ་དུས་གང་འཚམ་ཞིག་སོང་བའི་ཚེ། མང་སེམས་བརྟག་དཔྱད་བྱས་ནས་མང་ཚོགས་ཀྱི་འཚོ་བ་དང་བདེ་འཇགས་དང་ཀུན་སྤྱོད་སོགས་ལ་ཕན་པའམ་གནོད་པ་ཇི་ཙམ་བྱུང་ཡོད་མེད་རྒྱུས་ལོན་བྱ། སྲོལ་དེ་དམ་ལྷོད་ཇི་ལྟར་བྱ་བ་དང་རྒྱུན་འཁྱོངས་བྱེད་དང་མི་བྱེད་ཐམས་ཅད་མང་གཙོའི་ལམ་ལུགས་ལ་བརྟེན་ནས་ཐག་གཅོད་བྱ་དགོས་ཏེ། དགེ་བཅུའི་སྲོལ་འདི་མཐར་གཏུགས་ན་བོད་མང་ཚོགས་ཀྱི་ཚེ་འདི་ཕྱིའི་དོན་ཡིན་གྱི། བླ་མ་དང་དགོན་པ་སུའི་དོན་ཡང་མ་ཡིན་པའི་ཕྱིར་རོ། །
དེ་ལྟར་མང་ཚོགས་ཀྱིས་སྲོལ་དེ་དགོས་ངེས་སུ་མཐོང་ནས་དང་ལེན་བྱེད་ཀྱང་། གང་ཟག་རེ་ཟུང་ཙམ་གྱིས་སྲོག་གཅོད་པ་དང་རྐུ་བྱེད་པ་སོགས་ཀྱིས་སྲོལ་དེ་ལ་གཏོར་བཤིག་གཏོང་བ་བྱུང་ན། དགོན་པའི་བླ་སྤྲུལ་སོགས་ཀྱིས་ཀྱང་སྙིང་རྗེའི་བསམ་པས་མ་དོར་བའི་ངང་ནས་ཐོག་མར་སློབ་གསོ་བྱ་བ་དང་། དེས་ཀྱང་མི་གཏོང་ན་ཁྲིམས་ལུགས་དང་ཆོས་ལུགས་ལ་མི་འགལ་བའི་སྒོ་ནས་ངན་སྤྱོད་ལས་བཟློགས་ཏེ། དགེ་བཅུའི་སྲོལ་ལ་གནས་པའི་ཐབས་གང་དྲག་བྱ་དགོས། དེ་ལྟར་བྱས་པ་ལ་ཉེས་པ་མེད་དེ། འདི་མི་རིགས་ཀྱི་ཤ་ཞེན་དང་སྤྱི་ཚོགས་ཀྱི་བདེ་འཇགས་དང་སེམས་ཅན་ཐམས་ཅད་ཀྱི་འདི་བདེ་ཕྱི་སྐྱིད་ཀྱི་དོན་ལ་བརྩོན་པར་བྱས་པ་ཡིན་གྱི། དགོན་པ་དང་བླ་མ་དང་གྲྭ་པ་སོགས་ཀྱི་སྒེར་དོན་སྒྲུབ་པ་མ་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར་རོ། །

བརྒྱད་པ་དགེ་བཅུའི་སྲོལ་ལ་དོགས་པ་བསལ་བ་ནི།
  འགའ་ཞིག་གིས་མི་མི་གསོད་པ་དང་རྐུ་མི་བྱེད་པ་དང་རྫུན་མི་སྨྲ་བ་འདི་དག་དགོས་ཀྱང་། རི་དྭགས་དང་སྒོ་ཕྱུགས་མི་གསོད་པ་འདི་ལ་དགོས་པ་མེད་དོ་སྙམ་ན། སྒོ་ཕྱུགས་བཤས་ཚོང་བྱེད་པ་ལ་བརྟེན་ནས་དེ་དང་འབྲེལ་ནས་བྱུང་བའི་བྱ་བ་ངན་པ་རྣམས་ཀྱིས་བོད་ཀྱི་སྤྱི་ཚོགས་བདེ་འཇགས་ལ་གནོད་རྐྱེན་མང་པོ་འབྱུང་བ་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་ལ། དེ་ལས་གཞན་ཡང་དང་པོ་མི་རིགས་རང་ཉིད་ཀྱི་ངོས་ནས་བཤད་ན། རང་རེ་བོད་གངས་ཅན་པ་ཞེས་པ་འདི་གཤིས་རྒྱུད་དྲང་ཞིང་བྱམས་སྙིང་རྗེ་དང་ལྡན་པའི་ཡ་རབས་ཀྱི་མི་རིགས་ཤིག་ཡིན་པར་རང་གཞན་ཀུན་གྱིས་བྱེད་ལ། དེའི་ཆ་ནས་འཛམ་བུ་གླིང་འདི་ན་རང་རེའི་མི་རིགས་འདི་ལ་དགའ་ཞེན་བྱེད་པའི་མི་ཤིན་ཏུ་མང་པོ་ཞིག་འདུག །འོན་ཀྱང་རང་ཅག་གིས་སྒོ་ཁ་ན་ཡོད་པའི་ཟོག་ལུག་དང་རི་མགོ་ན་ཡོད་པའི་རི་དྭགས་ཐམས་ཅད་ཀྱི་སྲོག་བཅད་དེ། དེའི་རིན་གྱིས་ཕྱིན་ཅི་ལོག་གི་བྱ་བ་ཁོ་ན་བསྒྲུབ་ནས་བསྡད་ན། སེམས་ཅན་གྱི་ཚེ་སྲོག་ལ་རྡོག་རྫི་བྱེད་ཅིང་གནས་ལུགས་མི་བཤད་པའི་དམུ་རྒོད་ཀྱི་མི་རིགས་ཐ་ཆད་པ་ཞིག་ཡིན་པར་ཤིན་ཏུ་གསལ་བས། ལས་རྒྱུ་འབྲས་ལ་རྩི་སྲུང་བྱེད་པའི་དྲང་བདེན་ཅན་དང་བྱམས་སྙིང་རྗེ་ཅན་ཡིན་ཞེས་པ་དེའི་རྫུན་ཕུགས་རྡིབ་པ་ཡིན། ལར་མི་རིགས་གང་ཞིག་ཡིན་ཡང་རུང་མི་རིགས་དེ་བྱམས་སྙིང་རྗེ་ཅན་དང་གནས་ལུགས་སམ་དྲང་བདེན་ལ་བརྩི་འཇོག་བྱེད་པ་དང་། འདྲ་མཉམ་དང་རང་དབང་ལ་གཙིགས་ཆེན་ཡིན་མིན་ནི། ཁ་ནས་མང་པོ་བཤད་པས་དགོས་པ་ཅི་ཡང་མེད། དོན་གྱི་ཐོག་ནས་མི་རིགས་དེས་རང་ལས་ཉམ་ཆུང་བའི་དུད་འགྲོ་རྣམས་ལ་བྱ་བ་ཇི་འདྲ་ཞིག་བྱེད་ཀྱིན་འདུག་བལྟས་པས་གསལ་པོར་ཤེས་ཐུབ་པ་ཡིན། དུད་འགྲོ་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཡང་མི་སྤྲོད་པའི་མི་རིགས་དེས་གལ་ཏེ་ཐུབ་ན། མིའི་རིགས་ཀྱི་ནང་ལའང་དེ་ལྟར་དུ་ལག་ལེན་བྱེད་པ་གསལ་བར་མཚོན་ནུས་པས། དེ་འདྲའི་མི་རིགས་དེ་གདུག་རྩུབ་ཅན་དང་མ་རུངས་པའི་མི་རིགས་ཤིག་ཏུ་ངོས་འཛིན་པར་འགྱུར་གྱི། ཞི་བདེ་དང་གཞན་ཕན་ལ་དགའ་བའི་སྔོན་ཐོན་གྱི་མི་རིགས་སུ་ཚུད་ཐབས་ག་ལ་ཡོད། དེས་ན་དུད་འགྲོ་བྱམས་སྐྱོང་བྱེད་པ་འདི་བོད་མི་རིགས་ཀྱིས་སྲོག་ཆགས་མཐའ་དག་གི་འཚོ་གནས་ཀྱི་རང་དབང་དང་འདྲ་མཉམ་དང་བདེ་སྐྱིད་སོགས་ལ་ངེས་པ་དོན་གྱི་ཐོག་ནས་མཐོང་ཆེན་བྱེད་པའི་བླ་ན་མེད་པའི་རིན་ཐང་གི་ལྟ་བ་དང་། ཀུན་སྤྱོད་ཀྱི་ཚད་གཞི་མཚོན་བྱེད་ཡིན་པས་ཤིན་ཏུ་གལ་ཆེ་སྙམ་དུ་སེམས་སོ། །
  གཉིས་པ་དུད་འགྲོ་རྣམས་ཀྱི་ངོས་ནས་བཤད་ན། དུད་འགྲོ་འདི་རྣམས་ཤ་དང་ཁྲག་དང་རྣམ་ཤེས་དང་ཚོར་བ་ཡོད་ཅིང་། བདེ་བ་ལ་དགའ་ཞིང་སྡུག་བསྔལ་ལ་སྐྲག་པའི་སེམས་ཅན་རང་ཅག་དང་འདྲ་བ་ཤ་སྟག་རེད། དེས་ན་མ་མཐར་ཡང་ཉམ་ཆུང་གི་དུད་འགྲོ་འདི་རྣམས་ལ་འཚོ་གནས་ཀྱི་རང་དབང་ཙམ་ཞིག་སྦྱིན་ན། དེ་ཙམ་ལ་མི་འོས་རྒྱུ་ཅི་ཡང་མི་འདུག་སྟེ། སེམས་ཅན་འདི་རྣམས་རང་ཅག་ལ་ཤིན་ཏུ་དྲིན་ཆེ་བ་ཡིན། འབྲོག་པ་རྒན་པོ་རྣམས་ཀྱིས་ཀྱང་སྒོ་ཟོག་དྲིན་ཅན་རྣམས་ཞེས་མ་ཎི་ལྡོག་པོ་གཅིག་ལས་མ་བཏོན་ཀྱང་བསྔོ་བ་བྱེད་པ་དེས་རྟོགས་པ་ཡིན་ནོ། །
  ཡང་འགའ་ཞིག་གིས་སེམས་ཅན་གྱི་སྲོག་མ་བཅད་ན་འབྲོག་པའི་འཚོ་བ་ལ་གནོད་ཟེར། དེ་འབྲོག་པའི་ད་ལྟའི་འཚོ་བ་ལ་ཞིབ་འཇུག་དང་མ་འོངས་པའི་མདུན་ལམ་ལ་མནོ་བསམ་ཞིབ་མོ་མ་བཏང་བའི་སྐད་ཆ་ཁོ་ན་ཡིན། དེ་ཇི་ལྟར་ཞེ་ན། འབྲོག་པ་རྣམས་ཀྱི་འཚོ་བ་ཡར་རྒྱས་སུ་མི་འགྲོ་བ་འདི་སེམས་ཅན་གྱི་སྲོག་མི་གཅོད་པ་ལ་གཏན་ནས་ཐུག་མེད། གལ་ཏེ་འབྲོག་པ་ཁྱིམ་ཚང་ཞིག་གི་སྒོ་ན་ཡོད་པའི་ཟོག་ལུག་ཡོད་ཚད་བཤས་ཚོང་བྱས་ཀྱང་དེས་ཕྱུགས་པོ་འགྱུར་མི་ཐུབ། གང་གི་ཕྱིར་ཞེ་ན། ཁམས་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱི་ནང་དུ་སྒོ་ན་ཟོག་ལུག་ཧ་ཅང་མང་པོ་ཡོད་པའི་ཁྱིམ་ཚང་ཤིན་ཏུ་ཉུང་ཉུང་ཡིན། ཕལ་ཆེ་བ་ཞིག་ལ་བཅུ་ཕྲག་འགའ་རེ་ནས་བརྒྱ་ཕྲག་འགའ་རེའི་བར་ཙམ་ལས་མེད། དེ་རྣམས་ཡོངས་རྫོགས་བཤས་རར་ཕབ་པའི་དབང་དུ་བྱས་ཀྱང་སྒོར་ཁྲི་ཚོ་འགའ་ཞིག་གི་རིན་ཙམ་ལས་མེད་པས། དེས་ཁྱིམ་ཚང་ཞིག་གི་གཟའ་མི་ཡོངས་རྫོགས་ཀྱི་མི་ཚེ་གཅིག་གི་ཁ་སོས་ཐབས་གཏན་ནས་མི་འོང་བའི་ཕྱིར་རོ། འོ་ན་གང་ཡིན་ཞེ་ན། གཙོ་བོ་འབྲོག་པ་ཡོངས་རྫོགས་ཀྱི་སྐྱེས་པ་རྣམས་ལ་གོམས་སྲོལ་ཤིན་ཏུ་ཐ་ཆད་ཅིག་ཡོད་པ་ནི། ནམ་རྒྱུན་ངལ་རྩོལ་མི་བྱེད་པ་དང་རིག་གནས་དང་ལག་རྩལ་མི་སློབ་པར་རང་དགར་ཉི་མ་འཕུལ་ནས་འདུག་པ་འདི་ལ་ཐུག་ཡོད། འདི་གནའ་སྔ་མོའི་དུས་ནས་བྱུང་བའི་བག་ཆགས་ཤིག་སྟེ། སྔོན་དུས་འབྲོག་པ་དཀྱུས་མ་ཞིག་གི་འཚོ་བ་སྐྱེལ་བ་ལ་རིག་གནས་དང་ལག་རྩལ་མང་པོ་མི་དགོས། ཤེས་ཀྱང་བཀོལ་སྤྱོད་བྱ་ས་མེད། ངལ་རྩོལ་ཡང་ཕྱུགས་ལས་གཅིག་པོ་མ་གཏོགས་གཞན་པ་བསྒྲུབ་རྒྱུ་མེད་པས་ཁག་མེད། ད་ལྟ་དེ་དང་མི་འདྲ་བས་དུས་རབས་གསར་བ་འདིའི་ནང་དུ་འཚོ་ཐབས་གསར་བ་བཙལ་དགོས་ཀྱི། སྔར་མུས་ཁོ་ན་བཞིན་དུ་བསྡད་པས་དཔལ་འབྱོར་ཡར་རྒྱས་སུ་མི་འགྲོ་བ་ཐག་ཆོད་རེད། འཛམ་བུ་གླིང་གི་དཔལ་འབྱོར་ཡར་རྒྱས་སུ་བཏང་བ་ཕལ་ཆེ་བ་བཟོ་ལས་ལག་རྩལ་ལམ་ཚོང་ལས་རིག་གནས་ལ་བརྟེན་ནས་ཡར་རྒྱས་སུ་བཏང་བ་ལས། སེམས་ཅན་གྱི་སྲོག་གཅོད་པ་དང་རྐུ་འཕྲོག་ལ་བརྟེན་ནས་བཏང་བ་མིན། རང་ཅག་གིས་སྲོག་གཅོད་པ་གཅིག་པོ་འཚོ་ཐབས་ཀྱི་རྩ་བར་བཟུང་སྟེ། ད་དུང་མུ་མཐུད་ནས་འདི་བཞིན་བསྡད་ན་ཕ་དང་མེས་པོའི་རིང་ལའང་སྲོག་གཅོད་པ་ལས་འཚོ་ཐབས་གཞན་པ་མི་ཤེས་ཤིང་། བུ་དང་ཚ་བོའི་རིང་ལའང་དེ་ལས་གཞན་པ་མི་ཤེས། མི་རབས་ནས་མི་རབས་ཀྱི་བར་དུ་སྲོག་གཅོད་པ་ལས་གཞན་ཅི་ཡང་མི་ཤེས་པས་ཡར་རྒྱས་རྩ་བ་ནས་འགྲོ་རྒྱུ་མེད། གལ་ཏེ་རང་གི་ངལ་རྩོལ་མི་བྱེད་ཅིང་འཚོ་ཐབས་ཐམས་ཅད་སེམས་ཅན་གྱི་སྲོག་གཅོད་པ་ལ་བརྟེན་ནས་བསྡད་ན། འདི་གཅན་གཟན་རྣམས་ཀྱི་འཚོ་བ་སྐྱེལ་ཚུལ་ཡིན་གྱི། མིའི་འཚོ་བ་སྐྱེལ་སྟངས་ག་ལ་ཡིན། རང་གི་ཡུལ་ན་ཡོད་པའི་བཟོ་ལས་དང་ཚོང་ལས་སོགས་དཔལ་འབྱོར་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ཤེས་བཟང་པོ་ཐམས་ཅད་གཞན་གྱི་ལག་ཏུ་བཅུག་ནས་རང་ཉིད་ཀྱིས་ལུག་འགའ་རེའི་སྲོག་ལ་བརྟེན་ནས་འཚོ་ཐབས་བྱེད་པ་འདི་ཆེས་ཡིད་ཕམ་དགོས་པ་ཞིག་ཡིན་པ་ཁྱོད་ཅག་གིས་ད་དུང་རྩ་བ་ནས་ཤེས་མེད་པ་འདྲ། འདི་ལྟར་བྱས་མཐར་རང་ཡུལ་གྱི་བཟོ་ཚོང་སོགས་ལག་ཏུ་མི་འོངས་པར་མ་ཟད་ཐ་ན་སྡོད་གནས་ཀྱི་ས་ཆ་ཅུང་ཟད་བཟང་པོ་ཙམ་ཡང་མི་རྙེད་པ་ཞིག་འོང་ཐག་ཆོད་རེད། དེས་ན་འབྲོག་པ་རྣམས་ཀྱིས་ཀྱང་ཕྱུགས་ལས་བསྒྲུབ་པ་གཞིར་བཞག་གི་ཐོག་ནས་ཡོང་སྒོ་གཞན་པ་ཅི་རིགས་པ་ལ་འབད་ན་ད་གཟོད་འཚོ་བ་ལ་དཀའ་ངལ་མེད་པ་ཞིག་འོང་བར་འདུག་གོ །འོ་ན་ཇི་ལྟར་འབད་དགོས་ཞེ་ན། འདི་ལ་དོན་གསུམ་སྟེ། དང་པོ་ནི། རིག་པའི་གནས་གང་རུང་ལ་སྦྱངས་ནས་འཚོ་ཐབས་སྒྲུབ་པ་སྟེ། རང་རེ་བོད་པ་རྣམས་ད་ལྟའི་བར་དུ་ཕལ་མོ་ཆེ་ཞིག་ཡིག་རྨོངས་ཁོ་ན་ཡིན། རིག་གནས་ཡོད་པའི་མི་ཤིན་ཏུ་ཉུང་། ད་ཕན་ཆད་ཅེས་ཀྱང་རིག་གནས་སྦྱོང་བ་ལ་མཐོང་ཆེན་བྱ་དགོས། རིག་གནས་སྦྱང་བ་ནི་བྱིས་པ་ཆུང་ངུའི་དུས་ནས་སྦྱང་བར་བྱ་དགོས་ཀྱི། མི་ཆེན་པོར་གྱུར་ཟིན་པའི་རྗེས་སུ་ད་གཟོད་སྦྱང་ན་ཅུང་ཟད་དཀའ། དེ་ཡང་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་གཉིས་ཆར་སྦྱང་བར་མ་བྱས་ན་རེ་རེ་ཤེས་པ་ཙམ་གྱིས་དེང་སང་གི་དུས་ན་མི་འོངས། རིག་གནས་ལེགས་པོ་ཤེས་ན་དཀའ་ལས་ཆེན་པོ་བྱེད་མི་དགོས་པར་འཚོ་བ་བཟང་ཙམ་ཞིག་སྐྱེལ་ཐུབ་པ་ཡིན། མི་རིགས་སྤྱིའི་ཁེ་ཕན་ལ་བསམ་ནའང་མི་རིགས་འདིའི་ཁྲོད་དུ་རིག་གནས་ཤེས་མཁན་མེད་ན་མི་རིགས་དེའི་གྲངས་ཀ་ཅི་ལྟར་མང་ཡང་ཕན་པ་མེད། རིག་གནས་པ་མང་པོ་ཡོད་ན་གྲངས་ཀ་དེ་ཙམ་མ་མང་ཡང་དཔལ་འབྱོར་སོགས་གང་ཐད་ནས་ཀྱང་ཡར་རྒྱས་སུ་འགྲོ་བར་འགྱུར་རོ། །
  གཉིས་པ་ནི། ལག་རྩལ་སྦྱངས་ནས་འཚོ་ཐབས་སྒྲུབ་པ་སྟེ། སྲོལ་རྒྱུན་གྱི་ལག་རྩལ་དང་དེང་རབས་ཀྱི་ལག་རྩལ་ལ་སྦྱངས་ནས་འཚོ་ཐབས་བྱ་དགོས། རང་རེ་བོད་ལ་སྲོལ་རྒྱུན་གྱི་ལག་རྩལ་ཤིན་ཏུ་མང་། དེ་རྣམས་ལ་བརྟེན་ནས་འཚོ་བ་བསྒྲུབས་ན་གཅིག་ནས་ལག་རྩལ་གྱི་སྲོལ་མི་ནུབ་ཅིང་དར་སྤེལ་འོང་པ་དང་། གཉིས་ནས་དཀའ་ལས་ཆེན་པོ་མི་དགོས་པར་འཚོ་བ་སྐྱེལ་ཐུབ་པ་སོགས་ཀྱི་ཕན་པ་མང་པོ་ཡོད་པས་དེ་སྦྱང་དགོས། དེ་ཡང་ལོ་ཅུང་ཟད་ཐོན་ཞིང་རིག་གནས་རྒྱ་ཆེན་པོ་སྦྱོང་མི་ཐུབ་པའི་རོང་འབྲོག་གི་ན་གཞོན་རྣམས་ཀྱིས་སྦྱངས་ན་ཤིན་ཏུ་འོས་ཤིང་འཚམ་པ་ཡིན། དེང་སང་རང་རེའི་ལག་རྩལ་རྣམས་གཞན་གྱིས་སྤྱད་ནས་ཐོན་རྫས་སྣ་ཚོགས་པ་བཟོས་ཏེ། དཔལ་འབྱོར་སྒྲུབ་པར་འདུག་པ་འདི་སུས་ཀྱང་མི་མཐོང་བའི་དོན་མེད། དེས་ན་འདི་ཚོ་ལ་བརྟེན་ནས་དཔལ་འབྱོར་ཡར་རྒྱས་སུ་གཏོང་བའི་སྐུལ་མ་མི་བྱེད་པར་སྲོག་གཅོད་པ་ཁོ་ན་ལ་སྐུལ་སློང་དང་དེ་མ་བྱས་ན་འཚོ་ཐབས་མེད་ཚུལ་སོགས་སྨྲ་བ་འདི་ཤིན་ཏུ་ཡ་མཚན་པ་ཞིག་ཏུ་སྣང་ངོ་། །
  གསུམ་པ་ནི། ངལ་རྩོལ་བྱས་ནས་འཚོ་ཐབས་སྒྲུབ་པ་སྟེ། རིག་གནས་སློབ་པ་དང་ལག་ཤེས་སྦྱོང་བ་གང་ཡང་མ་ནུས་ན་ལུས་ཀྱི་ངལ་རྩོལ་ལ་བརྟེན་ནས་འཚོ་བ་ཡར་རྒྱས་སུ་གཏོང་དགོས། དེ་ཡང་དེང་སང་བོད་ཡུལ་ན་ཁང་པ་བཟོ་བསྐྲུན་དང་གཞུང་ལམ་བཟོ་བ་སོགས་ལས་ཀ་མང་པོ་ལས་རྒྱུ་ཡོད། ངལ་རྩོལ་བྱེད་ཐུབ་མཁན་ཞིག་ཡིན་ན་ཉིན་རེ་ལ་དམངས་སྒོར་མང་པོ་རྙེད། དེ་དག་བསགས་ནས་མཐར་ཚོང་ཁང་ངམ་ཟ་ཁང་སོགས་ཚོང་ལས་ཆུང་ངུ་རེ་གཉེར་ན་སྡིག་པ་དང་དཀའ་ངལ་ཧ་ཅང་ཆེན་པོ་མི་དགོས་པར་རང་ཁ་ལེགས་པར་སོས། དེ་མིན་ཡང་ལོ་རེའི་ལྟོ་རྒྱབ་ཕྱིད་པ་ཙམ་ཞིག་འོང་བར་འདུག །འོན་ཀྱང་ལས་ཀ་འདི་དག་གི་ནང་དུ་བོད་ཡུལ་གྱི་རོང་པ་འགའ་རེ་མ་གཏོགས་འབྲོག་པ་ཕལ་ཆེར་གཅིག་ཀྱང་མཐོང་རྒྱུ་མེད། གལ་ཏེ་ཉིན་རེ་འགའ་ལ་ལས་ཀའི་ནང་དུ་ཞུགས་ཀྱང་དཀའ་ཚེགས་མི་ཐུབ་ཟེར་ནས་རྒྱུན་མི་སྐྱོང་། ལས་ཀ་གང་ཡང་སྦྱང་མི་མོས། བསྒྲུབ་མི་འདོད་པར་ལེ་ལོ་དང་སྒྱིད་ལུག་ཁོ་ནའི་ངང་དུ་དུས་འདའ། རྟག་པར་རུ་བ་ཕན་ཚུན་གྱི་ནང་ངམ་གྲོང་སྡེ་དག་གི་ནང་དུ་སོང་ནས་འཁྱམས་ཏེ་འདུག །རང་གིས་རིག་གནས་དང་ལག་རྩལ་མི་སློབ། ངལ་རྩོལ་མི་བྱེད་པར་མ་ཟད་བུ་ཕྲུག་རྣམས་ལ་རིག་གནས་སློབ་པ་དང་ལག་ཤེས་སྦྱོང་བ་དང་ངལ་རྩོལ་བྱེད་དགོས་པའི་སློབ་གསོའང་མི་བྱེད་པར་རང་དགར་རྒྱ་ཡན་དུ་གཏོང་། སྒོར་མོ་དགོས་མཁོ་བྱུང་ཚེ་སྒོ་ཁར་ཡོད་པའི་ཟོག་ལུག་སོགས་བཤས་རར་ཕབ་པ་ལས་གཞན་པའི་ཐབས་གང་ལའང་བསམ་བློ་མི་གཏོང་བ་འདི་འདྲའི་ངང་དུ་བསྡད་ན། འཚོ་བ་ཡར་རྒྱས་སུ་རྩ་བ་ནས་འགྲོ་ཐབས་མེད་དོ། །
དེས་ན་འབྲོག་པ་རྣམས་ཀྱི་མགོ་ལ་སྦྲ་ནག་ཕུབ། སྒོ་ན་ནོར་གནག་འཚོ། རང་ས་རང་གིས་འཛིན། བལ་ཁུལ་རྩིད་གསུམ་དང་། མར་ཆུར་འོ་ཞོ་ལ་འཚོ་རྟེན་བྱེད། དེའི་སྟེང་དུ་རིག་གནས་དང་ལག་རྩལ་སྦྱང་། ལ་ཁ་ནས་སྨན་རྩྭ་བརྐོ། ལུང་ཁོག་ནས་ས་བརྐོ་རྡོ་སློག་ཡན་ཆད་ཀྱི་ངལ་རྩོལ་ལ་ཞུགས། སྤུན་ཟླའི་ནང་དུ་མཐུན་སྒྲིལ་བྱེད། ཡ་རབས་དམ་པའི་ངང་ཚུལ་དགེ་བ་བཅུའི་སྲོལ་ལ་གནས་ན། ཚེ་འདིར་ཁ་སོས་པ་ཙམ་དུ་མ་ཟད་ཕྱུགས་པོར་འགྱུར། ཚེ་ཕྱི་མ་བདེ་ནས་བདེ་བར་འགྲོ་བ་ཡིན་ནོ། །
   ཞེས་པ་འདི་བོད་རབ་གནས་ལྕགས་ཡོས་ལོའི་ཟླ༡༡པའི་ཚེས༧ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲོང་ཁྱེར་པདྨ་ཅན་དུ་བྲིས་པའོ།།
·གསར་འགྱུར་གོང་མ:སྐུ་འབུམ་ཉི་འོད་རྩོམ་བསྡུའི་བརྡ་སྦྱོར།
·གསར་འགྱུར་འོག་མ:ཁ་ཞིག་མི་གྲག་ཀ་མེད་བྱུང་སོང་། སྒོ་ཤེས་རབ་རྒྱ་མཚོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 23:46:06 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 1:02:24 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 2:01:25 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 84 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།34.18MS