ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

དགེ་རྒན་གྱི་སློབ་གསོ། ༼མུ་འགོད།

[རྩོམ་པ་པོ:མཁན་ཚུལ་ཁྲིམས་བློ་གྲོས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/7/2 8:49:10  བཀླགས་ཐེངས:1011][ཡིག་གཟུགས:ཡིག་གཟུགས་མདོག]
དགེ་རྒན་གྱི་སློབ་གསོ། ༢ 
མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གསུངས།
མཁོ་སྤྲོད་པ་དང་ཡིག་ཕབ་པ། ཤིང་རྟ།
ཨེ་མ་ཧོས་མཁོ་འདོན་གནང་།
                               དགེ་རྒན་གྱི་བསླབ་བྱ།
    དེས་ན་ཡི་གེ་འདིའི་ནང་ལ་དགེ་རྒན་གྱི་བསླབ་བྱ་ཟེར། དགེ་རྒན་གྱི་བསླབ་བྱ་ཟེར་རྒྱུ་འདི་དེ་རིང་ངས་དགེ་རྒན་རྣམ་པ་ཚོས་བསླབ་བྱ་འདི་ཚོ་ལ་སློབ་སྦྱོང་བྱེད་དགོས། བསླབ་བྱ་འདི་ཡིན་དེ་ཡིན་ཟེར་ནས་གཏན་འབེབས་བྱས་ཡོང་བ་དེ་འདྲ་ཞིག་མ་རེད། དེས་ན་གང་རེད་ཟེར་ན། དགེ་རྒན་རྣམས་ཀྱི་འོས་འགན་དང་དོན་གྱི་ཐོག་ལ་བབས་ཡོད་པའི་བསླབ་བྱ་དེ་འདྲ་ཞིག་རེད། འདི་གཞན་པ་ཞིག་གིས་བསྒྲིགས་ཡོང་བའི་སྒྲིག་ལམ་དང་བསླབ་བྱ་ཞིག་མ་རེད། དགེ་རྒན་སོ་སོ་ལ་རང་ཤུགས་ཀྱིས་དགེ་རྒན་གྱི་ལས་རིགས་དགེ་རྒན་གྱི་བྱ་བ་སྒྲུབ་མཁན་གྱི་མི་ཞིག་ཡིན་ནས་བཟུང་སྟེ། རང་རང་སོ་སོ་ལ་དོན་གྱི་ཐོག་ནས་འོས་འགན་ཟེར་དགོས་ནའང་འདྲ་འོས་བབ་ཡོད་པའི་བསླབ་བྱ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་པས་དེ་ལ་དགེ་རྒན་གྱི་བསླབ་བྱ་ཟེར། དགེ་རྒན་རྣམ་པ་ཐམས་ཅད་པོས་ཁ་སང་དེ་རིང་ང་ཚོ་བོད་ཀྱི་ནང་ལ་མང་ཚོགས་ཀྱི་དཔལ་འབྱོར་ཡར་རྒྱས་ཐོག་ལ་ཡིན་ནའང་འདྲ་རིག་གནས་ཡར་རྒྱས་ཀྱི་ཐོག་ལ་ཡིན་ནའང་འདྲ་གང་ས་གང་གི་ཐད་ནས་སྤྱི་ཚོགས་ཡར་རྒྱས་ཀྱི་ཐོག་ལ་བྱ་བ་ཅུང་ཟད་སྒྲུབ་ཐུབ་མཁན་འདི་ཚོ་ཐམས་ཅད་སློབ་གྲྭའི་ནང་ནས་ཡོང་བ་རེད། དེ་དག་སློབ་གྲྭའི་ནང་ནས་ཡོང་བ་ཡིན་ན་དགེ་རྒན་རྣམ་པས་འབད་པ་ལ་བརྟེན་ནས་བྱུང་བ་ཞིག་མིན་ན་འགྲོ་ས་ཡོད་ཀྱི་མ་རེད།
ཕྱོགས་གཅིག་ནས་དེ་འདྲ་རེད་བཟང་ས་ནས་བཤད་ན། དེ་ནས་ངན་ས་ནས་བཤད་ན་ཅུང་ཟད་སློབ་གསོའི་ཐོག་ནས་ཡིན་ནའང་འདྲ་བསམ་པའི་ཐོག་ནས་ཤུགས་སྣོན་ཅུང་ཟད་བརྒྱབས་ན་ཡང་བཟང་ས་འདྲ་འདྲ་དེ་ལྟར་ཡོད་རེད། དེས་ན་དགེ་རྒན་རྣམས་ཀྱི་བསམ་བློ་དང་སྤྱོད་པ་དེས་གོང་དུ་ཞུས་པ་ལྟ་བུ་ཡིན། སྤྱི་ཚོགས་ཡོངས་རྫོགས་ཡར་རྒྱས་འགྲོ་དང་མི་འགྲོ་ལ་འབྲེལ་བ་ཆེན་པོ་ཞིག་ཡོད་པས། དེ་ལ་ཐུགས་ཁུར་གནང་གི་ཡོད་རེད། ངས་ཟེར་དགོས་ཀྱི་མ་རེད་དེ། ཡིན་ན་ཡང་འདི་ན་སྐད་ཆ་བཤད་སར་ཡོང་ཚར་དུས་རང་གི་བསམ་ཚུལ་ཞིག་བཤད་དགོས་པས། དེ་ལ་ཐམས་ཅད་པོའི་མཉམ་པར་ཞིག་འཇོག་རོགས་གནང་།
མཆོདབརྗོད་ནི་བཀུར་སྟིའི་བསམ་བློ་མཚོན་བྱེད་ཀྱི་རིག་གནས་ཤིག་རེད།
དང་པོ་འདིའི་ནང་ལ་བླ་མ་དང་མགོན་པོ་འཇམ་དཔའི་དབྱངས་ལ་ཕྱག་འཚལ་ལོ། །ཟེར་རེད། བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ཟེར་རྒྱུ་འདི་ང་ཚོའི་ཆོས་ཀྱི་ཐོག་ནས་བཤད་ན་ཆོས་ཤིག་རེད་ཟེར་ན་ཆོག་གི་རེད། རིག་གནས་ཀྱི་ཐོག་ནས་བཤད་ན་འདི་ང་ཚོའི་སྲོལ་རྒྱུན་གྱི་རིག་གནས་ཤིག་རེད་ཟེར་ན་ཆོག་རེད། རིག་གནས་ཅི་ཞིག་རེད་ཟེར་ན། སྔོན་བྱོན་བོད་ཀྱི་མཁས་པ་ལོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་བཞི་བརྒྱའི་རིང་ལ་བྱུང་བའི་སྔོན་གྱི་མཁས་པ་བན་དེ་ཡིན་ནའང་འདྲ་བོན་པོ་ཡིན་ནའང་འདྲ་ཆོས་ལུགས་ཀྱི་གྲུབ་མཐའ་ཡིན་ནའང་འདྲ། དེ་མ་ཡིན་པའི་རིག་གནས་སྨན་དང་རྩིས་ལ་སོགས་པ་གང་དང་གང་ཞིག་ཡིན་ནའང་གཞུང་འདི་རྩོམ་པའི་གནས་སྐབས་ན། འདི་འདྲའི་མགོ་ན་མཆོད་པར་བརྗོད་པ་ཟེར་རྒྱུ་ཞིག་ཡོད་རེད། དེ་ཅི་ཞིག་གི་དོན་དག་མཚོན་གྱི་ཡོད་རེད་ཟེར་ན། འདིའི་ཐོག་ནས་བོད་ཀྱི་རིག་གནས་ཀྱི་ནང་ལ་སློབ་མས་དགེ་རྒན་ལ་གུས་བཀུར་བྱེད་རྒྱུའི་བསམ་བློ་དེ་མཚོན་གྱི་ཡོད་རེད། བོད་ཀྱི་ལོ་རྒྱུས་ཐོག་ནས་ཟེར་ནའང་འདྲ་སྲོལ་རྒྱུན་གྱི་རིག་གནས་ཀྱི་ཐོག་ནས་བཤད་ན། སློབ་མ་རང་རང་སོ་སོའི་ཡོན་ཏན་གང་དང་གང་ཞིག་ཡིན་ནའང་དགེ་རྒན་ལ་བསྟེན་ནས་བྱུང་བ་ཞིག་མ་གཏོགས་གཅིག་ཀྱང་ཡོད་ཀྱི་མ་རེད། དགེ་རྒན་ལ་བསྟེན་ནས་བྱུང་བ་ཡིན་ན་དགེ་རྒན་གྱི་བཀའ་དྲིན་དྲན་དགོས་ཀྱི་ཡོད་རེད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཅི་ཞིག་གི་དགོས་པ་ཡོད། དགེ་རྒན་གྱི་བཀའ་དྲིན་དྲན་རྒྱུ་དེ་ཅི་འདྲའི་སྒོ་ནས་དྲན་དགོས་ཟེར་ན། དགེ་རྒན་གྱི་བསམ་པ་རྫོགས་བྱེད་ཀྱི་བྱ་བ་དེ་བསྒྲུབས་ནས་བཀའ་དྲིན་གཟོ་དགོས་ཀྱི་ཡོད་རེད།
ཆོས་ཀྱི་ཐོག་ནས་བཤད་ན་དེ་དགོས་ཀྱི་ཡོད་རེད། སྲོལ་རྒྱུན་རིག་གནས་ཀྱི་ཐོག་ནས་བཤད་ན་དེ་རེད། དེ་འདྲ་ཡིན་པས་མི་སུ་དང་སུ་ཞིག་ཡིན་ན་ཡང་དགེ་རྒན་གྱི་སྐད་ཆ་བཤད་རྒྱུ་དེ་སེམས་ལ་འཛིན། དེ་དོན་དག་ཆེན་པོ་ཞིག་ལ་བརྩི། ངའི་དགེ་རྒན་གྱིས་སྔོན་མ་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། འདི་ནི་དགེ་རྒན་གྱི་མན་ངག་ཡིན། དགེ་རྒན་གྱི་གདམས་ངག་ཡིན། འདིའི་ཐོག་ནས་ངས་གཟབ་གཟབ་བྱེད་དགོས་བསམས་ནས་སེམས་ལ་བཟུང་ན་སློབ་མ་དེ་ཚོ་ཐམས་ཅད་པོའི་རྒྱུད་ལ་དོན་གྱི་ཡོན་ཏན་འབྱུང་གི་རེད། མི་ཡོན་ཏན་ཅན་དེ་འདྲ་ཞིག་ལོག་གི་རེད། དེ་ནས་དགེ་རྒན་ལ་བརྩི་འཇོག་མེད་མཁན་སོ་སོ་ང་རྒྱལ་ཆེན་པོ་རང་ལ་ཡོན་ཏན་ཤེས་རིག་གང་དང་གང་ཞིག་ཡོད་ན། འདི་ངས་འབད་པ་ལ་བརྟེན་ནས་བྱུང་བ་ཡིན་གྱི་མ་གཏོགས། ངའི་དགེ་རྒན་གྱི་འདི་འདྲ་ཞིག་ཤེས་ཀྱི་མ་རེད་བསམ་པའི་བསམ་བློ་དེ་འདྲ་ཡོད་མཁན་ཚོ་ལ་དགེ་རྒན་གྱིས་གང་བཤད་པ་ཡིན་ནའང་འདི་ལ་དོན་དག་མི་འདུག དེ་ལ་དོན་དག་མི་འདུག་བསམ་པའི་དེ་འདྲའི་བསམ་པ་ཡོད་ན་རྒྱུད་ལ་ཡོན་ཏན་འགོས་མི་ཐུབ་རྒྱུ་དེ། སྲོལ་རྒྱུན་གྱི་རིག་གནས་ཀྱི་ཐོག་ནས་ལོ་སྟོང་ཕྲག་གཅིག་དང་ལྷག་ལ་བསགས་པའི་ཉམས་མྱོང་རེད། བོད་ཀྱི་མཁས་པ་ཚོའི་ཉམས་མྱོང་རེད། དེའི་ཕྱིར་དེ་མཚོན་པའི་ཕྱིར་དུ་འདིའི་ཐོག་ལ་དེ་ཡོད་རེད། འདི་རིག་གནས་ཤིག་རེད་སློབ་མས་དགེ་རྒན་ལ་བཀུར་སྟི་བྱེད་ལུགས་ཀྱི་བསམ་བློ་མཚོན་བྱེད་ཀྱི་རིག་གནས་ཤིག་རེད། ང་ཚོའི་བསྟན་བཅོས་གང་དང་གང་གི་ཐོག་ལ་ཡིན་ན་ཡང་འདི་འདྲ་ཞིག་ཡོད་རེད།
དགེ་རྒན་གྱི་གལ་གནད་ཆེ་བའི་བྱ་བ་གསུམ།
དགེ་རྒན་གྱི་བྱ་བར་བསམ་བློ་བཏང་ན་ཅི་ཞིག་དགོས་པ་དང་། དགེ་རྒན་གྱི་ལས་ཀ་འདི་ལས་ན་དོན་གང་གི་ཐོག་ལ་མཉམ་འཇོག་བྱེད་དགོས་སམ་ཟེར་ན། སྤྱིར་བཏང་དགེ་རྒན་གྱིས་བྱ་བར་མཉམ་འཇོག་བྱེད་དགོས་ས་མང་པོ་ཡོད་རེད། སྔོན་ཆད་སྲོལ་རྒྱུན་གྱི་ཐོག་ནས་བཤད་ནའང་འདྲ། དེང་རབས་ཀྱི་སློབ་གསོ་རིག་པ་འདི་ཚོའི་ཐོག་ནས་བཤད་ནའང་འདྲ་མང་པོ་ཡོད་ཀྱང་། དེ་དག་ཐམས་ཅད་གནད་བསྡུས་ན་རྩ་བ་གནད་གསུམ་གྱི་ནང་ལ་ཐུག་གི་རེད། གནད་གསུམ་པོ་ཧ་ཅང་གལ་ཆེན་པོ་རེད། གནད་གསུམ་པོ་དེ་གང་རེད་ཟེར་ན།
བྱ་བའི་རང་བཞིན་ཤེས་པ་དང་།།
བུ་བཞིན་བྱམས་པས་སྐྱོང་བ་དང་།།
མི་འཇིགས་སྤོབས་པ་སྦྱིན་པ་སྟེ།།
ཐོག་མ་བར་མཐའི་བྱ་བ་གསུམ།། དེ་ཚོ་གསུམ་པོ་དེ་དགོས་རེད། དགེ་རྒན་ཞིག་ཡིན་ན་དགེ་རྒན་རང་གི་བྱ་བའི་རང་བཞིན་ཡང་དག་པ་ཤེས་རྒྱུ་དེ་ཐོག་མར་དགོས་པ་དང་། བར་དུ་སློབ་མ་ཐམས་ཅད་པོ་བྱམས་པས་སྐྱོང་ཚུལ་དང་། མཐའ་མ་དེ་ལ་སློབ་མ་ཐམས་ཅད་པོ་ལ། རང་རང་སོ་སོས་རང་དོན་རྐྱང་པ་ཙམ་ལ་བསམ་བློ་གཏོང་བ་མ་ཡིན་པའི་བྱ་བ་སྒྲུབ་རྒྱུ་དང་། སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ། མི་རིགས་ཀྱི་རིག་གནས་རེད། སྤྱི་ཚོགས་ཡར་རྒྱས་རེད། འདི་ཚོ་ལ་བྱས་རྗེས་འཇོག་རྒྱུ་དེ་རྣམས་སློབ་གསོའི་ཐོག་ནས་སྤོབས་པ་སྦྱིན་རྒྱུ་དེ་མཐའ་མའི་སྐབས་སུ་རེད། དགེ་རྒན་ཞིག་ལ་མཚོན་ན་གལ་ཆེ་བའི་བྱ་བ་རྣམ་པ་གསུམ་པོ་དེ་རེད་བསམ་གྱི་འདུག དེ་ཕྱོགས་བསྡོམས་བྱེད་པ་རེད། དེའི་ནང་ནས་བྱ་བའི་རང་བཞིན་ཤེས་པ་ཟེར་བ་དེ་གང་ཚོ་རེད་ཟེར་ན།
བྱ་བའི་རང་བཞིན་ཤེས་པ།
ཐོག་མ་རང་གི་བྱ་བ་དེས།།
གཞན་གྱི་ཤེས་རབ་མིག་ཕྱེས་ནས།།
བདེ་སྐྱིད་སྣང་བ་སྐྲུན་པའི་ཕྱིར།།
གཟི་བརྗིད་ལྡན་པར་ཤེས་པ་བྱ།།
ད་དེ་རིང་འདི་ན་ཕེབས་ཡོད་པ་ཐམས་ཅད་པོ་དགེ་རྒན་ཤ་སྟག་རེད། དགེ་རྒན་མ་ཡིན་པ་རྣམས་ཀྱང་སློབ་གསོའི་ཕྱོགས་ལ་འབྲེལ་བ་ཡོད་པའི་འགོ་ཁྲིད་རྣམ་པ་དང་། ཆེད་ལས་ཀྱི་མཁས་པ་རྣམ་པ་དེ་འདྲ་ཤ་སྟག་རེད། མདོར་ན་སློབ་གསོའི་ཕྱོགས་ལ་འབྲེལ་བ་མེད་པའི་མི་ཞིག་དེ་རིང་འདི་ན་ཡོད་པ་མ་རེད། ཐམས་ཅད་པོ་དགེ་རྒན་ཤ་སྟག་རེད། ང་རང་ལ་མཚོན་ན་ཡང་དགེ་རྒན་ཞིག་རེད། སྲོལ་རྒྱུན་གྱི་རིག་གནས་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་རེད། དགེ་རྒན་གྱི་བྱ་བ་འདི་མྱི་ལོ་ཉི་ཤུ་ལྷག་ཙམ་ཞིག་བསྒྲུབས་པ་རེད། དགེ་རྒན་གྱི་བྱ་བ་མྱི་ལོ་ཉི་ཤུ་ཙམ་ཞིག་བསྒྲུབ་རྒྱུ་འདི་རིག་གནས་འདིའི་རིན་ཐང་ལ་བསམ་བློ་བཏང་ནས་བསྒྲུབས་རེད་མ་གཏོགས། ཟླ་ཕོགས་ལ་བསམ་བློ་བཏང་ནས་བསྒྲུབས་པ་མ་རེད། ཟླ་ཕོགས་སྤྲད་མཁན་ཞིག་ཀྱང་ཡོད་ཀྱི་མ་རེད། གཞན་པ་ལ་བསམ་བློ་གཏོང་ཡོད་པ་མ་རེད། རིག་གནས་ཀྱི་རིན་ཐང་ལ་བསམས་ནས་མྱི་ལོ་ཉི་ཤུ་ལྷག་ཙམ་ལ་དགེ་རྒན་གྱི་ལས་ཀ་ཤ་སྟག་ལས་ནས་ཡོང་བ་རེད། ཁྱེད་རྣམ་པ་ཐམས་ཅད་པོ་དེ་རེད། དེ་རིང་འདི་ན་ཡོད་པ་རྣམས་དགེ་རྒན་གྱི་བྱ་བ་ལས་མཁན་དང། དེ་ནས་སློབ་གསོའི་ཕྱོགས་ལ་འབྲེལ་བ་ཡོད་པའི་འགོ་ཁྲིད་རྣམ་པ། ཆེད་ལས་ཀྱི་མཁས་པ་རྣམ་པ་དེ་འདྲ་ཤ་སྟག་རེད། དེ་འདྲ་ཡིན་སོང་དུས་དགེ་རྒན་ཞིག་ལ་བསམ་བློ་བཏང་བ་ཡིན་ན་ཐོག་མར་གང་གལ་ཆེ་བ་རེད་ཟེར་ན། ཐོག་མར་རང་གི་བྱ་བ་འདི་གང་འདྲ་ཞིག་རེད་ཤེས་རྒྱུ་དེ་གལ་ཆེན་པོ་རེད། དཔེར་ན་ང་ཚོའི་སྤྱི་ཚོགས་ཐོག་ལ་བྱ་བ་ལས་ཀ་མང་པོ་ལས་རྒྱུ་ཡོད་རེད། སེམས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ཡང་ཡོད་རེད། སེམས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ནི་སེམས་ཀྱི་ཐོག་ནས་སམ་རིག་པའི་ཐོག་ནས་ལས་ཀ་ལས་མཁན་སྐོར་གཅིག་ཡོད་རེད། དེ་འདྲ་བ་ཞིག་ལ་ལུས་ཤུགས་ཀྱིས་ངལ་རྩོལ་བརྒྱབས་ནས་བྱ་བ་ལས་མཁན་གྱི་མི་སྐོར་གཅིག་ཡོད་རེད།
ཁ་སང་དེ་རིང་དེང་རབས་ཀྱི་ཟེར་ལུགས་ཀྱི་དབང་དུ་བྱས་ན། གོང་བ་དཀར་པོ་ཅན་དང་གོང་བ་སྔོན་པོ་ཅན་དེ་འདྲའི་ཐོག་ནས་མིའི་རིགས་ལ་ལས་ཀ་ལས་མཁན་གྱི་རིགས་དེ་མང་པོ་ཞིག་ཡོད་རེད། གོང་བ་དཀར་པོ་ཅན་ཡིན་ནའང་འདྲ་གོང་བ་སྔོན་པོ་ཅན་ཡིན་ནའང་འདྲ་ཐམས་ཅད་པོ་ལས་ཀ་ལས་མཁན་ཤ་སྟག་རེད། རང་རང་སོ་སོར་ལས་རིགས་རེ་ཡོད་རེད། ང་ཚོ་དགེ་རྒན་གྱི་ལས་རིགས་དེ་ཅི་འདྲ་ཞིག་རེད། ལས་རིགས་འདི་འདྲའི་མང་པོ་ཞིག་གི་ནང་ནས་དགེ་རྒན་གྱི་ལས་རིགས་ཐོབ་ཐང་དེ་ཅི་འདྲ་ཞིག་རེད། དེ་ལ་ཐོག་མར་དེ་གཏན་འཁེལ་བྱེད་དགོས། སྤྱིར་བཏང་མང་ཚོགས་ཀྱི་སེམས་ལ་ཡིན་ནའང་འདྲ་མི་བསམ་བློ་མི་གཏོང་མཁན་འགའ་རེའི་སེམས་ལ་ཅི་བསམ་གྱི་རེད་ཟེར་ན། འགོ་ཁྲིད་མཐོན་པོ་དེ་འདྲ་ལ་ཡིད་སྨོན་བྱེད་རྒྱུ་འདྲ་འདྲ། དགེ་རྒན་ཞིག་རེད་ཟེར་ན་དགེ་རྒན་གྱི་བྱ་བ་དམན་པར་འཇོག་རྒྱུ་དང་། སྤྱི་ཚོགས་ཀྱི་ཐོག་ནས་མཐོང་ཆེན་པོར་མི་འཇོག་རྒྱུ་གཞན་པས་ལྟ་སྟངས་དེ་འདྲ་ཡོད་རེད། དེ་ནས་དགེ་རྒན་རང་ངོས་ནས་བསམ་བློ་བཏང་ན་ལྟ་སྟངས་དེ་འདྲ་ཡོད་ས་ཡོད་རེད། ཅི་འདྲ་རེད་ཟེར་བ་ཡིན་ན་དགེ་རྒན་གྱི་ཟླ་ཕོགས་དེ་སྤྱིར་བཏང་གི་གཞུང་ཞབས་པའི་ཟླ་ཕོགས་ལས་ཅུང་ཟད་དམན་པ་འདྲ་བོ་དེ་འདྲ་རེད།
དེ་བཞིན་དགེ་རྒན་དེ་མི་ཚེ་གཅིག་པོ་དགེ་རྒན་བྱས་ནས་བསྡད་པ་ཡིན་ན་སློབ་གྲྭ་ཆུང་ངུ་འབྲིང་པོ་ཆེན་པོ་གང་དུ་སོང་བ་ཡིན་ནས་དགེ་རྒན་ཞིག་མ་གཏོགས་དེ་ལས་གཞན་པའི་ཐོབ་ཐང་ཆེན་པོ་དང་གོ་ས་ཆེན་པོ་འདྲ་མེད་པ་དེ་ལྟར་ཡིན་དུས། དེས་ན་དགེ་རྒན་མང་པོ་ཞིག་སློབ་གྲྭའི་ནང་ལ་འདུག་འདོད་མེད་པ་དང་དགེ་རྒན་གྱི་བྱ་བ་དེ་གཉེར་ན་གཉེར་འདོད་མེད་དེ། མང་ཆེ་བ་ཞིག་གཞུང་ཞབས་པའི་ནང་ལ་འགྲོ་ས་ཨེ་རག་ལྟ་མཁན་མང་གི་རེད། འབྲེལ་བ་སྣ་ཚོགས་པའི་རྒྱུད་ནས་ཡིན་ནའང་འདྲ་ཐབས་ཤེས་རྣམ་པ་སྣ་ཚོགས་པའི་སྒོ་ནས་དགེ་རྒན་གྱི་ལས་གནས་ལས་ཁ་བྲལ་རྒྱུ་དང་། དེ་ནས་གཞུང་ཞབས་པའི་ལས་ཀ་ཞིག་རག་སོང་ན་དེ་བཟང་གི་སེམས་མཁན་མང་པོ་རེད། མགོ་ལོག་གི་ས་ཆ་ན་དེ་འདྲ་ཡོད་རྒྱུ་རེད། ཁམས་ཀྱི་ས་ཆ་ན་དེ་འདྲ་ཧ་ཅང་མང་། དེ་རྒྱུ་རྐྱེན་གང་ལས་བྱུང་བ་རེད་ཟེར་ན། གཙོ་བོ་དེ་ནི་དགེ་རྒན་རང་གི་ལས་གནས་འདི་གཟི་བརྗིད་དང་ལྡན་པ་ཡིན་རྒྱུ་དེ་མ་ཤེས་ཟེར་དགོས་ན་འདྲ། ཤེས་ན་ཡང་ཅུང་ཟད་སྣང་ཆུང་འདྲ་བོ་བྱས་ནས་བྱུང་བ་ཞིག་རེད། བསམ་བློ་དེ་ཅུང་ཟད་ལེགས་པོ་ཞིག་མ་རེད། ཅི་རེད་ཟེར་ན། མི་སུ་དང་སུ་ཡིན་ན་སྤྱི་ཚོགས་ཀྱི་ཐོག་ནས་འཚོ་གནས་དགོས་ཀྱི་རེད། འཚོ་གནས་བྱེད་དགོས་ན་འཚོ་གནས་བྱེད་པའི་ཆ་རྐྱེན་དགོས། དེ་འདྲ་ཡིན་དུས་རང་རང་སོ་སོའི་ཟླ་ཕོགས་རེད། མདུན་ལམ་རེད། འདི་ཚོ་ལ་བསམ་བློ་མི་གཏོང་དགོས་ན་དཀའ་མོ་རེད། བསམ་བློ་གཏོང་རྒྱུ་རེད། ཡིན་ན་ཡང་དོན་དག་གཅིག་ཡིན་ན་མིན་ན་ངོ་ཤེས་དགོས་ཀྱི་ཡོད་རེད། གཅིག་པོ་གང་རེད་ཟེར་ན། མི་ཞིག་ཡིན་ན་མི་ཡི་ལུས་སུ་སྐྱེས་ཏེ་གོ་ཆོད་ནས་ཤི་མ་སོང་གི་བར་དུ་བྱ་བ་ལས་ཀ་ཞིག་ལས་ཀྱི་འདུག བྱ་བ་ལས་ཀ་ཞིག་ལས་ནས་མཇུག་རྫོགས་འགྲོ་གི་རེད།
ངས་གོང་ནས་ཟེར་བ་ལྟར་ཡིན། གོང་བ་དཀར་པོ་ཅན་གྱི་ལས་ཀ་ཡིན་ནའང་འདྲ་གོང་བ་སྔོན་པོ་ཅན་གྱི་ལས་ཀ་ཡིན་ནའང་འདྲ། ཡང་ན་སེམས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ཡིན་ནའང་འདྲ་ལུས་ཤུགས་ཀྱིས་ངལ་རྩོལ་བྱེད་མཁན་ཡིན་ནའང་འདྲ་གང་དང་གང་ཞིག་ཡིན་ནའང་མི་ཚེ་གཅིག་པོ་ལ་བྱ་བ་ཞིག་བསྒྲུབས་ནས་མི་ཚེའི་མཇུག་རྫོགས་འགྲོ་རྒྱུ་འདི་འགྲོ་བ་མིའི་རིགས་ཀྱི་ཆོས་ཉིད་རེད། ཡིན་ནའང་བྱ་བ་དེ་རྣམས་ཀྱི་ནང་ནས་དོན་སྙིང་དང་ལྡན་པ་དེ་གང་རེད། དོན་སྙིང་མི་ལྡན་པ་དེ་གང་རེད། དེ་ལ་བསམ་བློ་གཏོང་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་པོ་ཞིག་རེད། ང་ཚོའི་ཆོས་ཀྱི་ནང་ནས་ནམ་ཡིན་ནའང་དེ་བཤད་ཀྱི་ཡོད་རེད་དེ་ཆོས་ཕར་ཟུར་དུ་བཞག་ནས། འཇིག་རྟེན་རྐྱང་པ་ཡི་དབང་དུ་བྱས་ན་ཡང་དེ་ལ་བསམ་བློ་གཏོང་ས་ཡོད་རེད། གང་ལྟར་ཡང་མི་ཚེ་ཟེར་རྒྱུ་དེ་ཐུང་ཐུང་རེད། རིང་པོ་ཞིག་མ་རེད། དེའི་ནང་ནས་ཀྱང་སློབ་གྲྭའི་ནང་ནས་མཐར་ཕྱིན། དེ་ནས་ལས་འཁྱུར་ངལ་གསོ་མ་བྱས་པའི་གོང་དེ་ལ་ནི་བྱ་བ་སྒྲུབ་པའི་དུས་སྐབས་ནི་དེ་བས་ཀྱང་ཐུང་ཐུང་ཞིག་མ་གཏོགས་མེད་དུས། དེའི་ནང་ལ་བྱ་བ་བསྒྲུབས་ན་ཡང་བྱ་བ་དོན་སྙིང་ཅན་ཞིག་སྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། མི་སུ་དང་སུ་ཞིག་ཡིན་ནའང་དེ་གལ་ཆེན་པོ་རེད།
རང་རང་སོ་སོའི་རྗེས་མ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་རྗེས་སུ་བསམ་བློ་ཞིག་བཏང་བ་ཡིན་ན་རང་གི་ལས་གནས་འདིའི་ཐོག་ནས་ལས་ཀ་བསྒྲུབས་པ་དེ་ལ་རིན་ཐང་ཅི་ཞིག་འདུག ལས་ཀ་དེ་དོན་སྙིང་ཅི་ཞིག་འདུག དོན་སྙིང་ལྡན་པའི་ལས་ཀ་ཞིག་བྱས་ཡོད་མེད་བལྟ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོའི་སྤྱི་ཚོགས་ཀྱི་ཐོག་གམ་ལོ་རྒྱུས་ཀྱི་ཐོག་ན་རླབས་ཆེན་གྱི་མི་སྣ་བསམ་གྱིས་མི་ཁྱབ་པ་གནའ་རབས་ཡིན་ནའང་འདྲ་དེང་རབས་ཡིན་ནའང་འདྲ་མང་པོ་བྱོན་མྱོང་བ་རེད། དེ་མ་ཡིན་པའི་མི་མང་ཕལ་པ་ཡིན་ནའང་འདྲ། ལས་བཟོ་བ་ཕལ་པ་ཞིག་ཡིན་ནའང་འདྲ་སྤྱི་ཚོགས་ཀྱི་ཐོག་ནས་ལས་གནས་ཐོབ་ཐང་རྣམ་པ་སྣ་ཚོགས་རེད། ཡིན་ནའང་སྣ་གཅིག་(སོ་སོའི་མི་ཚེའི་བྱ་བའི་རིན་ཐང་ཕྱོགས་བསྡོམས་བྱས་པའི་གནས་སྐབས་དེ)་ཐམས་ཅད་པོ་གཅིག་པ་རེད། མི་ཚེའི་ལས་ཀ་ཕྱོགས་བསྡོམས་བྱེད་པའི་དུས་ཚོད་ཅིག་འབྱུང་གི་རེད། མི་སུ་དང་སུ་ཡིན་ནའང་འབྱུང་གི་རེད། དེའི་ཉིན་མོར་ཕྱོགས་བསྡོམས་བྱེད་པའི་གནས་སྐབས་ན་བྱ་བ་ཞིག་ཐོན་ཡོད་དམ་མེད། བྱ་བ་ཞིག་འགྲུབ་ཡོད་དམ་མེད། དེ་ལ་བསམ་བློ་ཞིག་གཏོང་རྒྱུ་ཤིན་ཏུ་ནས་ཀྱང་ཡོད་རེད།
ཡིན་ནའང་དེ་ང་ཚོའི་ནང་ནས་མི་ཉུང་ཤོས་ཤིག་མ་གཏོགས་པ་མང་ཆེ་བས་དེ་ལ་བསམ་བློ་གཏོང་མཁན་ཅུང་ཟད་ཉུང་ཉུང་འདྲ་བོ་རེད། ཁྱད་པར་དུ་ཁྲོམ་རའི་དཔལ་འབྱོར་གྱི་ (བརྡ་སློབ)་ཟེར་རྒྱུ་འདི་གང་དང་གང་གི་ནང་ལ་ཡིན་ནའང་ཐོན་གྱི་ཡོད་རེད། སྤྱི་ཚོགས་ཀྱི་ཚོགས་པ་སོ་སོའི་ནང་ལ་ཐོན་གྱི་ཡོད་རེད། ཐ་ན་ཆོས་ལུགས་ཀྱི་ནང་ལ་ཐོན་གྱི་ཡོད་དུས། ཐམས་ཅད་པོ་གང་དང་གང་ཡིན་ནའང་དཔལ་འབྱོར་གཙོ་བོ་བྱེད་རྒྱུ་མ་གཏོགས་པ་བྱ་བ་ལ་རིན་ཐང་ཡོད་དམ་མེད། བྱ་བའི་དོན་སྙིང་ཡོད་དམ་མེད། འདི་ཚོ་བསམ་བློ་གཏོང་རྒྱུ་ཅུང་ཟད་བག་ལ་ཞ་འགྲོ་རྒྱུ་དེ་ཡོང་གི་ཡོད་རེད། དེ་ཡོང་བའི་སྟོབས་ཀྱིས་ངས་གོང་ནས་ཟེར་རྒྱུ་དེ་ཡིན། ཚོང་རའི་དཔལ་འབྱོར་༼བརྡ་སློབ་༽ཟེར་རྒྱུ་འདི་སློབ་གསོའི་ནང་ལ་ཅུང་ཟད་ཐོན་ཡོང་དུས། དེས་ན་དགེ་རྒན་ཚོ་ཡིན་ན་སློབ་ཁྲིད་བྱེད་རྒྱུ་དེ་དོན་དག་ཆུང་ཆུང་ཡིན་རྒྱུ་འདྲ་འདྲ། ཟླ་ཕོགས་མང་པོ་ཞིག་དང་སྒོར་མོ་མང་པོ་ཞིག་རག་ཐབས་ཐོན་ན་དེ་དོན་དག་ཆེན་པོ་ཡིན་རྒྱུ་འདྲ་བོ་དེ་ལྟའི་བསམ་བློ་སྐྱེ་ཡོང་གི་ཡོད་རེད། དེ་འདྲའི་བསམ་བློ་དེ་ཕྱོགས་གཅིག་ནས་བཤད་ན་ད་སྔོན་ཟེར་རྒྱུ་དེ་རེད། འཚོ་གནས་བྱེད་དགོས་ན་འཚོ་གནས་བྱེད་པའི་ཆ་རྐྱེན་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད་ཁག་ཡོད་ཀྱི་མ་རེད་དེ། ཡིན་ནའང་ཐོག་མཐའ་བར་གསུམ་དུ་བསམ་བློ་གཏོང་རྒྱུ་དང་བརྗེད་མི་ཉན་རྒྱུ་གཅིག་དེ་གང་རེད་ཟེར་ན། ཟླ་ཕོགས་རྐྱང་པའི་དོན་ལ་བསམ་བློ་གཏོང་ན་ང་ཚོ་ཆོས་ཀྱི་ནང་ལ་མང་པོ་གསུངས་ཡོད་རེད། དེ་དུད་འགྲོ་དང་འདྲ་འདྲ་རེད། ཁ་གསོ་རྒྱུ་ཁོ་ནའི་དོན་ལ་མི་ཚེ་ཧྲིལ་པོ་བཏང་ན་དུད་འགྲོ་དང་གཅིག་རེད་སོགས་མང་པོ་གསུངས་ཡོད་རེད་དེ། དེ་ཚོ་དེ་རིང་ང་ཚོས་མི་བཤད།
དེ་རིང་ང་ཚོས་བཤད་རྒྱུ་འདི་ནི་སྤྱི་ཚོགས་ཀྱི་ཐོག་ནས་སམ་དེང་རབས་ཀྱི་རིན་ཐང་གི་ལྟ་བའི་ཐོག་ནས་བསམ་བློ་ཞིག་བཏང་བ་ཡིན་ན། དེར་བསམ་བློ་གཏོང་རྒྱུ་ཡོད་རེད། དེ་ཡིན་ན་སོ་སོའི་མི་ཚེའི་བྱ་བའི་རིན་ཐང་ཕྱོགས་བསྡོམས་བྱས་པའི་གནས་སྐབས་ན། སུ་དང་སུ་ཡིན་ནའང་རང་རང་གི་མི་ཚེའི་བྱ་བ་ལ་བསམ་བློ་གཏོང་ས་ཅུང་ཟད་ཡོད་པ་ཡིན་ན་བློ་བདེ་མོ་ཡིན་པ་རེད། སེམས་སྐྱིད་པོ་ཡོང་གི་རེད། འཇིག་རྟེན་མི་ཡུལ་ལ་ཡོང་བའི་དོན་དག་ཐོན་སོང་བ་རེད། དེ་མ་ཡོད་ན་ཐམས་ཅད་པོ་དེའི་སྐབས་སུ་སེམས་སྟོང་པ་ཡིན་པ་རེད། འཇིག་རྟེན་མི་ཡུལ་ལ་ཡོང་བར་ཁ་སོས་པ་རེད་མ་གཏོགས་གཞན་པ་དོན་ཡོད་ཀྱི་མ་རེད། དེ་ལ་ང་ཚོས་གང་དགོས་སམ་ཟེར་ན། དགེ་རྒན་གྱི་བྱ་བའི་རང་བཞིན་ཤེས་པ་ཟེར་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད། དེས་ན་དགེ་རྒན་བྱ་བའི་རང་བཞིན་ཟེར་རྒྱུ་དེ་ཅི་འདྲ་ཞིག་རེད་ཟེར་ན། དགེ་རྒན་བྱ་བ་འདི་དངོས་གནས་དྲང་གནས་གཟི་བརྗིད་དང་ལྡན་པ་ཞིག་རེད། དགེ་རྒན་གྱི་བྱ་བ་གཟི་བརྗིད་དང་ལྡན་པ་ཡིན་པའི་རྒྱུ་མཚན་གང་རེད་ཟེར་ན། སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ་དེ་ང་ཚོས་ཕྱོགས་གཉིས་ཀྱི་ཐོག་ལ་བསམ་བློ་གཏོང་དགོས་ཀྱི་ཡོད་རེད། ཕྱོགས་གཅིག་དེ་གང་རེད་ཟེར་ན། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་ལ་འགྲོ་རྒྱུ་དེ་དཔལ་འབྱོར་ལ་རག་ལས་བསྡད་ཡོད་རེད། དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུ་དེ་གཅིག་རེད། གཉིས་ནས་བསམ་བློ་དང་ཀུན་སྤྱོད་འདི་གཉིས་པོར་རག་ལས་བསྡད་ཡོད། དེ་ཚོའི་ཐོག་ནས་ཡར་རྒྱས་འགྲོ་དགོས་རེད། འདི་གཉིས་པོ་གང་ལ་རག་ལས་བསྡད་ཡོད་རེད་ཟེར་ན། སློབ་གྲྭའི་དགེ་རྒན་ལ་རག་ལས་བསྡད་ཡོད་རེད།
བསམ་བློའི་ཐོག་ནས་བཤད་ན་བསམ་པ་བཟང་པོ་དང་ཡ་རབས་ཀྱི་བསམ་པ་འདི་ཚོ་གང་ནས་ཡོང་དགོས་རེད་ཟེར་ན། སློབ་གྲྭ་ནས་ཡོང་དགོས་རེད་མ་གཏོགས་ཁྱིམ་ཚང་ནས་ཡོང་རྒྱུ་དང་། ཁོར་ཡུག་གཞན་པའི་ཐོག་ནས་ཡོང་རྒྱུ་དེ་ཉུང་ཉུང་རེད། དེ་འདྲ་བ་ཞིག་གི་དཔལ་འབྱོར་ཡར་རྒྱས་སུ་གཏོང་བྱེད་དང་སྤྱི་ཚོགས་ཡར་རྒྱས་སུ་གཏོང་བྱེད་རིག་གནས་དང་ལག་རྩལ་འདི་ཚོ་ཐམས་ཅད་པོ་གོང་དུ་བཤད་པ་བཞིན་དུ་སློབ་གྲྭའི་ནང་ནས་ཡོང་དགོས་རེད། དེ་འདྲ་ཡིན་དུས་འདི་ཚོ་ཐམས་ཅད་པོའི་འབྱུང་གནས་དང་བྱེད་པ་པོ་གང་རེད་ཟེར་ན། དགེ་རྒན་ཡིན་དུས་དགེ་རྒན་གྱི་བྱ་བ་འདི་དངོས་གནས་དྲང་གནས་བྱ་བ་ཐམས་ཅད་ཀྱི་ནང་ནས་གཟི་བརྗིད་དང་ལྡན་པ་ངོ་མ་དེ་དགེ་རྒན་གྱི་བྱ་བ་འདི་རེད། དེ་ཡིན་པའི་རྒྱུ་མཚན་གྱིས་ཆོས་ཀྱི་ནང་ལ་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་མང་པོ་གསུངས་ཡོད་རེད། དགེ་བའི་བཤེས་གཉེན་དེ་ཧ་ཅང་གལ་ཆེན་པོ་ཡིན་གསུངས་ནས་མང་པོ་གསུངས་ཡོད། དགེ་བའི་བཤེས་གཉེན་གལ་ཆེ་བྱེད་ཅི་རེད་ཟེར་ན། ཡོན་ཏན་ཐམས་ཅད་པོ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་འབྱུང་གི་ཡོད་རེད། ང་ཚོའི་ཆོས་ཀྱི་ནང་ནས་དགེ་བའི་བཤེས་གཉེན་གསུངས་པ་དེ། སྤྱི་ཚོགས་ཀྱི་ཐོག་ནས་དགེ་རྒན་ཟེར་བ་རེད། དོན་དག་གཅིག་པ་རེད། མི་རྣམས་ལ་མ་ཤེས་པ་ཕར་བསལ། ཤེས་རབ་ཀྱི་སྣང་བ་སྦྱིན། དེ་འདྲ་བྱེད་མཁན་གྱི་ཆེད་ལས་ཀྱི་མི་ཞིག་ལ་དགེ་བའི་བཤེས་གཉེན་ཟེར་ན་ཆོག་གི་རེད། དགེ་རྒན་ཟེར་ན་ཆོག་པ་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བྱ་བ་འདི་དངོས་གནས་དྲང་གནས་གཟི་བརྗིད་དང་ལྡན་པ་ཞིག་རེད།
༼མུ་འགོད།༽
ཁ་བརྡས་སྤྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༢༩ ལ་ སྣ་ཚོགས་​ཀྱི་གྲས་སུ་བཀོད། |

དགེ་རྒན་གྱི་སློབ་གསོ། ༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽་ཞེས་པའི་སྐོར་ལ་མཆན་ ༨ བཀོད་འདུག

བཀླགས་དང་དཔར་བཤུས་ཟིན། ཤིང་རྟ་ལགས། སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་། ༧ཀུན་མཁྱེན་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་བློ་གྲོས་མཆོག་གི་སྐུ་ཚེ་བརྟན་བཞེད་དོན་འགྲུབ་པའི་སྨོན་ལམ་སྙིང་ནས་འདེབས་པར་ལེགས་སོ། །
ཐུགས་རྗེ་ཆེ། གྲོགས་ཤིང་རྟ་ལགས་རིན་ཐང་ཅན་གྱི་བཀའ་སློབ་ཞིག་ཕབ་འདུག
མུ་འགོད་ལ་རེ་སྒུག་ཆེ།
ཐུགས་རྗེ་ཆེ། ཡག་པོ་འདུག
དྲ་གྲོག་ཤིང་རྟ་ལགས་བཀའ་དྲིན་ཆེ་།རིན་ཐང་བྲལ་བའི་བཀའ་འདི་འདྲ་ཞིག་བཙན་བྱོལ་ནང་ནས་སློབ་གྲྭ་ཁག་གིས་དོ་སྣང་མ་བྱས་ན་།ད་བལྟོས་དང་སློབ་གྲྭ་འདི་དག་ནས་ཐོན་པའི་བོད་རིགས་གཞོན་སྐྱེས་སློབ་མ་རྣམ་བོད་ཡག་པོ་ཞིག་།ཤེས་མཁན་གལ་ལ་ཡོད་།བོད་སྐད་གཙང་བཤོད་མཁན་མེད་ཟེར་ན་ཆོག་་།ད་དང་ཚུལ་མིན་ཀྱིས་མྱོས་རྫས་བཟི་སྨན་འདྲ་མིན་།ཐ་མག་ནག་པོ་རིགས་ཧ་ཅངགིས་མང ་།སློབ་གྲ་འདི་མི་ཚེ་འཕྲོ་བླག་བཟོས་ས་ངོ་མ་རེད་འདུག་།དྲ་གྲོག་ཡང་ཀྱིས་འདི་ཚོ་ལ་དོ་སྣང་གནང་རོག་ཞུ།
དོན་དང་པ་བོད་མི་རིགས་ཀྱི་སྐྱོབས་མཆོག་མགོན་པོ་ཁོང་སྐུ་ཚེ་བསྟན་པར་ཤོག། ཤིང་རྟ་ལགས་ཐུགས་རྗེ་ཆེ།
ལེགས་སོ།
གངས་ལྗོངས་འགྲོ་བའི་མགོན་པོ་ཡོངས་རྫོགས་བསྟན་པའི་མངའ་བདག་སྐྱབས་མགོན་བླ་ན་མེད་པ་མཁན་ཆེན་ཡིད་བཞིན་ནོར་བུ་ཚུལ་ཁྲིམས་བློ་གྲོས་དུས་བབ་པའི་བཀའ་སློབ་བདུད་རྩིའི་ཟེགས་མ་འདི་ཉིད་རང་རེ་གངས་ཅན་པ་དག་གི་བསོད་ནམས་སུ་སྨིན་པའོ།།
བླ་མ་དཔོན་པོའི་གདུང་སུ་མ་འཁྲུངས་ཤིང་། །
སྤྲུལ་སྐུའི་ཁྲི་ལ་ཞབས་ཟུང་མ་བཀོད་ཅིང་། །
ལུང་བསྟན་གྲུབ་རྟགས་ཅི་ཡང་མ་བསྟན་པར།།
མཐའ་ཡས་སྐྱེ་བོས་བཀུར་བ་ཁྱོད་ཉིད་ཙམ།།
ཆོས་དང་སྲིད་གཉིས་མཉམ་དུ་འཆོལ་བར་བསྲེས། །
མི་ཆོས་བླ་མའི་རྫུན་ལ་ཀུན་གྱིས་བརྩི། །
ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ། །
ཀྱེ་མ་བདག་ཅག་འགའ་ཞིག་རེ་ཐང་ཆད།།
དེ་ཚེ་རྣམ་དཀར་རྟེན་འབྲེལ་རོལ་བ་ལས།།
སྐལ་ལྡན་སྐྱེ་བོའི་ཡིད་ཀྱི་རི་དབང་རྩེར།།
ཁྱོད་སྐུ་རྟ་བདུན་དབང་བོ་ཤར་བ་ན། །
སྤྲོ་བའི་གླུ་དབྱངས་གངས་ཅན་ལྗོངས་དེར་གྱེར།།
སྙིང་ནས་དགའ་བསུ་ཞུ། མུ་འགོད་གནང་རོགས།
·གསར་འགྱུར་གོང་མ:འཚེ་མེད་ཞི་བའི་ཐབས་ལམ།
·གསར་འགྱུར་འོག་མ:དགེ་རྒན་གྱི་སློབ་གསོ། ༼མུ་འགོད
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·དྲང་བདེན་དང་གནས་ལུགས་སྐྱོང་བ་ནི་སློབ་གསོའི་སྲོག་རྩ་ཡིན། 2016/1/4 14:33:07
·འཛམ་གླིང་སློབ་ཆེན་ཨང་དང་པོའི་སློབ་མའི་སློབ་སྦྱོང་བྱེད་སྟངས། 2015/10/28 12:45:21
·མི་རིགས་རང་གི་སྐད་དང་ཡི་གེ་གལ་ཆེ་ཚུལ་ལས་འཕྲོས་པའི་སྙིང་གཏམ། 2015/5/17 21:03:50
·ཡིག་རྨོངས་དང་རྨོངས་དད་ཇི་ལྟར་སེལ་དགོས། 2015/4/24 9:00:16
·བྱིས་པར་སློབ་གསོ་གཏོང་ཐབས་སྐུལ་ཚིག 2015/4/18 11:08:08
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 16:55:43 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 21:38:06 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 8:28:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 41 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS