ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
གསར་འགྱུར་ཀློག་པ།

རླུང་རྟའི་སྐོར།

[རྩོམ་པ་པོ:འོད་གསལ་མཐའ་ཡས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/8/5 10:09:28  བཀླགས་ཐེངས:1220][ཡིག་གཟུགས:ཡིག་གཟུགས་མདོག]
རླུང་རྟའི་སྐོར།
འོད་གསལ་མཐའ་ཡས།

སྟོན་པའི་མཛད་བཟང་དབྱར་གྱི་སྤྲིན་ཚོགས་ལས།།བྱུང་བའི་འབྱུང་ལྔ་སྦྲང་ཆར་ཟེགས་མའི་བཅུད། །བཞི་བསྡུས་ཕུང་པོ་འཛིན་མའི་ལྟོ་བ་རུ། །ཐིམ་དང་ལྷན་ཅིག་ཕུང་ཁམས་འདབ་སྟོང་བཞད། །འདི་ལྟའི་ལུགས་བཟང་མཁའ་དབྱིངས་སྤྲིན་བྲལ་ལས། །ཐོག་མར་འདྲེན་མཛད་མཁྱེན་བརྩེའི་འོད་སྟོང་ཅན། །རབས་བརྒྱད་སྟོན་པ་དམུ་སྲས་མགོན་པོ་སོགས། །འདྲེན་པ་མཚུངས་མེད་རྣམས་ལ་ལན་བརྒྱར་བསྟོད། །ཅེས་མཆོད་བརྗོད་བྱིན་རླབས་སྤྲིན་སྤུངས་ཀྱིས་མདུན་བསུས་ཏེ། སྐབས་འདིར་གླེང་བར་བྱ་བ་ནི། གནའ་བོའི་ཡབ་མྱེས་ཀྱི་ཐུན་མིན་རིག་གཞུང༌། དེང་དུས་ཕྱི་ནང་ཡུལ་གྲུ་ཀུན་ཏུ་ཆེས་དར་ཁྱབ་ཆེ་བའི་རླུང་རྟའི་སྐོར་རགས་ཙམ་བརྗོད་པ་ལ་ལྔ་སྟེ། མིང་དང༌། ངོས་འཛིན། ཁ་དོག གོ་རིམ། ཕན་ཡོན་བཅས་སོ།
དང་པོ་རླུང་རྟ་འདི་ལ་་ རླུང་རྟ་་དང་་ ཀླུང་རྟ་་ ཞེས་པ་འབྲི་སྲོལ་གཉིས་སུ་ཡོད་པའི་སྔ་མ་དེ་ནི། འབྱུང་བ་ལྔའི་ནང་ནས་རླུང་དེ་རྟ་ལྟ་བུར་དཔེ་རུ་མཚོན་ཏེ། དེར་ཤོག་བུ་དར་སོགས་སུ་རང་རྒྱུད་ལ་བརྟེན་པའི་ཤ་ཁྲག་དྲོད་དབུགས་དང༌། ཚེ་བསོད་དབང་ཐང་རྣམས་གསོ་བའི་ཕྱིར། འབྱུང་བ་ལྔ་ཡི་མཚོན་དོད་སྟག་དང༌། སེང་གེ། ཁྱུང༌། འབྲུག རྟ་ལ་སོགས་ཀྱི་གཟུགས་རིས་དང༌། གཟུངས། ཤམ་བསྒྱུར་བཅས་བཀོད་པའི་དངོས་པོ་བཏེགས་ན་གཡོ་བསྐྱོད་བྱེད་པ་སོགས་བསྐུར་ཡུལ་རྟེན་གྱི་ཆ་ནས་དེ་ལྟར་བཏགས་པར་སེམས་ལ། ཡང་ཀླུང་རྟ་ཞེས་པ་དེ་ནི། རང་གི་ཁ་རྗེ་དབང་ཐང་ཚེ་བསོད་ལོངས་སྤྱོད་སོགས་ལ་གོ་ཞིང༌། དེ་དག་ཉམས་རྒུད་དུ་འགྲོ་བ་ལ་ཀླུང་རྟ་མི་འདུག་ཅེས་པའི་བཤད་ཚུལ་དེ་ནི་རྒྱུན་དུ་བེད་སྤྱོད་གཏོང་བཞིན་པས། འགྲེལ་བཤད་གསར་དུ་མི་དགོས་སོ།
གཉིས་པ་རླུང་རྟའི་སྐབས་འབྱུང་བ་ལྔ་ངོས་འཛིན་ཚུལ་ལ། ནམ་མཁའ་སྔོན་པོ་དང༌། སྤྲིན་པ་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་སོགས་ཀྱི་བཤད་སྲོལ་འདི་དེང་དུས་ཡོངས་གྲགས་ལྟར་འདུག་ལ། དེ་ཡང་ཆུ་འབྱུང་བའི་ཁོངས་སུ་མི་བཤད་པར། སྤྲིན་པ་འབྱུང་བའི་ཁོངས་སུ་བཤད་པ་སོགས་འདུག་མོད་ཀྱང༌། བཤད་སྲོལ་དེ་དག་ཕུགས་ཐག་རིང་ཐུང་ག་ཚོད་ཡོད་མེད་ནི་ཆ་མ་འཚལ་ཡང༌། བོན་རང་ལུགས་ཀྱི་འབྱུང་བའི་གྲངས་འདྲེན་ཚུལ་ལ་དེ་ལྟར་མེད། འོ་ན་གྲངས་འདྲེན་ཚུལ་ཇི་ལྟར་ལགས་ཤེ་ན། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་ལྔ་ལ་ངོས་བཟུང་ན་འཐད་ཚུལ་དེ་གཤམ་དུ་གོ་རིམ་གྱི་སྐབས་སུ་འབྱུང་བས་འདིར་མ་སྤྲོས་སོ།
གསུམ་པ་འབྱུང་ལྔའི་ཁ་དོག་ངོས་འཛིན་ཚུལ་ལ། གོང་དུ་བཤད་པ་བཞིན་ནམ་མཁའ་སྔོན་པོ་དང༌། སྤྲིན་པ་དཀར་པོ། མེ་དམར་པོ། རླུང་ལྗང་ཁུ། ས་སེར་པོ་སོགས་སུ་གསུངས་པ་ནི་རང་གཞན་གཉིས་ཀའི་སྡེ་ལ་འདུག་ཀྱང༌། རང་ལུགས་ཐུན་མིན་ཞལ་འདོན་ངན་སོང་སྒོ་མོ་གཅོད་པའི་མདོ་ལས་ཇི་ལྟར་གསུངས་པ་བཞིན་འདིར་འགོད་པ་ལ། དེའང་དེ་ཉིད་ལས། སེར་པོ་གསེར་མདོག་ས་ཡི་དར། ། ལྗང་ཁུ་འཕེན་དར་རླུང་གི་དར། ། དམར་པོ་ལེབ་རྒན་མེ་ཡི་དར། ། སྔོན་པོ་གཡུ་མདོག་ཆུ་ཡི་དར། ། དཀར་པོ་ཤེལ་མདོག་ནམ་མཁའི་དར། ། ཞེས་སོགས་འབྱུང་ལྔའི་དར་གྱི་ཁ་དོག་སོ་སོ་ནས་བསྟན་ཞིང༌། དེ་ཡང་དཀར་པོ་ཤེལ་མདོག་ནམ་མཁའི་དར་ཞེས་ནམ་མཁའི་དར་ལ་ཚོན་མདོག་དཀར་པོ་གསུངས་པ་ལས། དཀར་པོ་ཤེལ་མདོག་སྤྲིན་པའི་དར་མ་གསུངས་པ་དང༌། སྔོན་པོ་གཡུ་མདོག་ཆུ་ཡི་དར་གསུངས་པ་ལས། སྔོན་པོ་གཡུ་མདོག་ནམ་མཁའི་དར་མ་གསུངས་པས། བདག་གིས་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་ཇི་ལྟར་གསུངས་པའི་རྗེས་སུ་འབྲངས་ཏེ་དེ་དག་ལ་མངོན་པར་བསྟོད་དོ།
བཞི་པ་གོ་རིམ་ལ་དཔྱད་པ་ནི། ཁ་ཅིག་གིས་ཐོག་ནས་རིམ་བཞིན་ནམ་མཁའ་དང་སྤྲིན་པ། མེ་རླུང་ས་སོགས་སུ་གོ་རིམ་བཤད་པ་ནི་ལུང་དང་འབྲེལ་མིན་དཔྱད་རྒྱུ་གལ་ཆེན་དུ་སྣང༌། ཁོ་བོས་མཐོང་བའི་ལུང་དང་འབྲེལ་བའི་གོ་རིམ་ཅན་ནི་འདི་ལྟར་ཏེ། སྤྱིར་འབྱུང་བ་ལ་ཕྱི་སྣོད་འཇིག་རྟེན་ལ་བརྟེན་ཚུལ་དང༌། ནང་བཅུད་སེམས་ཅན་ལ་བརྟེན་ཚུལ་གཉིས་ལས། དང་པོ་ནི། མས་ནས་ཡར་ནམ་མཁའ་དང་རླུང་མེ་ཆུ་ས་སོགས་རིམ་བཞིན་དུ་འཇོག་དགོས་ཏེ། ཕར་རྱཧན་སྐབས་གཉིས་པའི་ཡི་ཆར་ལས། ནམ་མཁའ་སྤྱིར་རྒྱུར་བསྟན་པ་དང༌། དེ་ལས་བྱུང་བའི་རླུང་དང་མེ་དང་ཆུ་དང་ས་ཡི་ཁྱད་པར་གྱི་སྒོ་ནས་བཤད་པའོ། ཞེས་དང༌། ཡང་དེ་ཉིད་ལས། ནམ་མཁའ་ལས་རླུང་ངད་ཙམ་དུ་བྱུང༌། ། རླུང་དེ་ལས་མེ་ཡི་དཀྱིལ་འཁོར་དུ་བྱུང་ཞིང༌། དེ་ལས་ཆུ་ཡི་དཀྱིལ་འཁོར་དུ་བྱུང༌། དེ་ལས་འབྱུང་བ་ས་ཡི་རང་བཞིན་དུ་བྱུང༌། ཞེས་སོགས་དང༌། སྒྲོན་མ་ལས། ཕྱི་སྣོད་འཇིག་རྟེན་སེམས་ལ་ཤར་ཚུལ་ནི། ནམ་མཁའི་འོད་དང་རིག་པ་འབྲེལ་བ་ལས། གྱ་གྱུར་རླུང་ཏེ་ཕྱད་དང་ཕྱེད་དུ་བྱུང༌། སྐྱོད་པའི་ཤུགས་ལས་ཚ་བའི་མེ་རུ་བྱུང༌། མེ་རླུང་ཚ་གྲངའཐབ་པས་རླན་ཏེ་ཆུ་རུ་བྱུང༌། ཆུ་ཡི་བཅུད་ལས་བསྐྱེད་པའི་ས་གཞིར་གྱུར། སྣོད་ཡི་འཇིག་རྟེན་ཐམས་ཅད་དེ་ལས་ཆགས། ཞེས་གསུངས་པས་སོ། འོ་ན་འོག་ནས་རིམ་བཞིན་ནམ་མཁའ་སོགས་མི་འཇོག་པར་ཐོག་ནས་ནམ་མཁའ་སོགས་རིམ་བཞིན་མར་བརྩིས་ན་སྐྱོན་ཅི་ཡོད་ཅེ་ན། བཤད་པར་བྱ་སྟེ། དེ་ཡང་སྲིད་པའི་མཛོད་ཕུགས་ལས། གནས་པ་ཀུན་གྱི་འོག་འདི་ན། མཁའ་ལ་ཞེས་པའི་ལུང་འདི་སྟོན་པ་ཐུགས་རྗེ་ཅན་གྱི་ཞལ་གསུང་ཡིན་པས། འོག་ནས་ནམ་མཁའ་སོགས་ཡར་རིང་བཞིན་ཆགས་པར་ངེས་དགོས་སོ། གཉིས་པ་ནི། བཞི་བསྡུས་ཀྱི་ཕུང་པོས་བསྡུས་པའི་ནང་བཅུད་སེམས་ཅན་ལ་བརྟེན་པའི་འབྱུང་བའི་གོ་རིམ་ཡང་གོང་དུ་ཕྱི་སྣོད་ཀྱི་སྐབས་སུ་བཤད་པའི་གོ་རིམ་བཞིན་འཐད་པར་སེམས་ཏེ། སྒྲོན་མ་ལས། བཞི་བསྡུས་ཀྱི་ཕུང་པོ་ནམ་མཁའ་ནས་ཡར་ཆགས་ཏེ། ནམ་མཁའ་ལས་རླུང་བྱུང༌། རླུང་ལས་མེ་ མེ་ལས་ཆུ་ ཆུ་ལས་ས་ཆགས། ཞེས་སྒུངས་པ་འདི་རྣམས་ཡར་ཆགས་ཚུལ་དང་བསྐྱེད་ཚུལ་གྱི་དབང་དུ་བཏང་ནས་གོ་རིམ་བསྟན་པས། དེས་ན་རླུང་རྟ་འཛུགས་པ་པོ་སུ་ཞིག་ཡིན་ཡང༌། རླུང་རྟ་དེས་རང་རྒྱུད་ལ་བརྟེན་པའི་འབྱུང་ད་སོགས་ཡར་བསྐྱེད་པའི་ཆེད་དུ་ཡིན་ལས། མར་འཇིག་པའི་ཆེད་དུ་མིན་པས་གོ་རིམ་འདི་ཉིད་ཤིན་ཏུ་འཐད་པར་སེམས་སོ། ཡང་དར་ཆེན་དབུས་སུ་བྱས་ནས་ཕྱོགས་བཞིར་དར་ཐག་འཐེན་པར་འདོད་ན། དེ་ཡང་གོ་རིམ་སྒྲིག་ཚུལ་དབུས་ནས་མཐར་ཁྱབ་པའི་ཚུལ་ཏེ་གཙོ་འཁོར་གྱི་ཁྱད་པར་བཞིན་སྤྱི་འགྲོས་སུ་རིག་པར་བྱའོ། ཡང་དར་ཆེན་ཐོག་གི་རྒྱལ་མཚན་གྱི་ཚོན་མདོག་དེའི་གོ་རིམ་ཡང་གོང་ལྟར་རྒྱུ་འབྲས་བསྐྱེད་རིམ་བཞིན་བྱ་སྟེ། ཕུང་ཁམས་སྐྱེ་མཆེད་ཡར་བསྐྱེད་ཀྱི་ཆེད་དུ་ཡིན་པས་སོ། ཡང་ཁ་ཅིག་གིས་དར་ལྕོག་རྩེ་ཡི་རྒྱལ་མཚན་དེའི་ཚོན་མདོག་སྒྲིག་སྟངས་མགོ་འཇུག་ལོག་འདུག་སོགས་ཟེར་བ་ལ། འབྱུང་རྩེག་དཔེ་བྱས་ཏེ་འབྱུང་ལྔའི་འགྲོ་སྟངས་ཟུར་ཙམ་ཞུས་ཀྱང༌། འབྱུང་བརྩེགས་ནི་སའི་འོག་ཏུ་ཡོད་པ་ལ། ཁྱོད་རང་གི་དར་ལྕོག་ནི་སའི་ཐོག་ཏུ་འདུག་སོགས་ས་ཐོག་ཏུ་ཡོད་པའི་རྒྱུ་མཚན་བྱས་ནས་ནམ་མཁའ་ཐོག་ཏུ་དགོས་ཚུལ་སོགས་གསུངས་པ་དག་ལ་སྤྱིར་གོང་གི་ལུང་དེ་དག་གིས་མཐུས་མོད་ཀྱང༌། དགོས་དབང་གིས་ཅུང་ཟད་ཞུས་ན། གལ་ཏེ་ས་ཐོག་ཏུ་འབྱུང་བའི་འགྲོ་སྟངས་དེ་ལྟར་དགོས་པ་ངེས་ཅན་ཡིན་ན། ས་ཐོག་ཏུ་མཆོད་རྟེན་སོགས་བཞེངས་ཚེ་བཞེངས་བཀོད་ལག་ལེན་དང་མཐུན་པར་བཞེངས་དགོས་སྟབས། དེ་ཡང་ཐོག་མར་ནམ་མཁའི་དཀྱིལ་འཁོར་ནས་བྱ་རུ་བྱ་གྲི་བར་དུ་རིང་བཞིན་བཞེངས་དགོས་ཕྱིར། ནམ་མཁའི་དཀྱིལ་འཁོར་ཐོག་ལ་བྱས་ཏེ། བྱ་རུ་བྱ་གྲི་ས་ལ་འཛུགས་དགོས་པ་སོགས་ཇི་ལྟར་བཟོ་མིན་སྐོར་ལ་མནོ་བསམ་གཏོང་གལ་ཆེ། དེས་ན་བདག་གིས་ནི་སྟོན་པ་ཐུགས་རྗེ་ཅན་གྱིས་གསོལ་རས་སུ་བསྩལ་བའི་བགོ་སྐལ་འདི་དག་ལག་ཏུ་བླངས་པའི་སྐལ་བཟང་ཐོབ་པ་འདི་ཉིད། བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་རྣམས་ལ་མཆོད་སྤྲིན་དུ་འབུལ་ལོ། ལྔ་པ་རླུང་རྟ་བཙུགས་པའི་ཕན་ཡོན་ནི། དེ་ཡང་ཤོག་བུ་དང་དར་སོགས་ཁ་དོག་དཀར་པོ་ཅན་གྱི་རླུང་རྟ་བཙུགས་ན། རང་རྒྱུད་ཀྱི་འབྱུང་བ་ནམ་མཁའི་ཁམས་ཉམས་པ་རྣམས་གསོ་ཞིང༌། སེམས་ཁམས་བདེ་བར་བྱེད་པ་དང༌། ཁ་དོག་ལྗང་ཁུ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་རླུང་གི་ནུས་པ་རྒྱས་ཤིང༌། དབུས་འབྱུང་རྔུབ་སོགས་བདེ་བར་བྱེད། ཁ་དོག་དམར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་མེ་ཡི་ནུས་པ་བསྐྱེད་ཅིང༌། བདེ་དྲོད་སྨིན་པར་བྱེད། ཁ་དོག་སྔོན་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ཆུ་ཡི་ནུས་པ་གསོ་ཞིང༌། ཁྲག་གི་འཁོར་རྒྱུག་ཚད་ལྡན་དུ་བྱེད། ཁ་དོག་སེར་པོ་ཅན་གྱི་རླུང་རྟ་བཙུགས་ན་རང་རྒྱུད་ཀྱི་འབྱུང་བ་ས་ཡི་ནུས་པ་བསྐྱེད་ཅིང༌། ལུས་ཁམས་བདེ་བར་བྱེད་པའི་ཕན་ཡོན་བཅས་ཡོད་དོ། དེ་ལྟར་ཕན་ཡོན་ཡོད་ཚུལ་དང༌། འབྱུང་ལྔ་དེ་རྣམས་ཤ་ཁྲག་དྲོད་དབུགས་རྣམ་ཤེས་སོགས་ལ་འབྲེལ་ཚུལ་དང༌། དེ་བཞིན་དོན་ལྔ་དང༌། སྣོད་ལྔ། དབང་ལྔ་སོགས་ལ་འབྲེལ་ཚུལ་བཀའ་ཝང་གི་རྒྱབ་རྟེན་ཚད་མ་བསམ་གྱིས་མི་ཁྱབ་ཀྱང༌། ཡིག་ཚོགས་མང་དོགས་ཀྱིས་གནས་འདི་ཙམ་དུ་འགྲིག་པར་བྱས་སོ།དེ་ལྟར་འབྱུང་ལྔའི་རིམ་འགྲོ་ཆུ་གཏེར་ལས། །ལུང་དོན་སྙིང་པོ་རྩྭ་མགོའི་ཟིལ་པ་ཙམ། །བརྗོད་པའི་དགེ་དེས་བཞི་བསྡུས་སེམས་ཅན་རྣམས། །འབྱུང་ལྔ་འཁྲུགས་མེད་བདེ་བའི་ངང་གནས་ཤོག
ཟུར་མཆན།   འོན་ཀྱང་གཟུགས་སྔགས་པར་བའི་ཤོག་བུའི་རླུང་རྟ་རི་ཀླུང་གང་སར་གཏོར་བ་དང་། རླུང་རྟ་གང་སར་བསྒྲོན་མང་ཐལ་གྱུར་ན། ཡུལ་ལུང་བཙོག་སྐྱོན་བཟོ་བ་དང་། རྡོག་འོག་ཏུ་མནན་ནས་རླུང་རྟ་ཡར་དར་ཡོང་རྒྱུའི་ཚབ་ལ་རླུང་རྟ་རྒུད་བྱེད་དུ་མི་འགྲོ་བའི་ངེས་པ་མེད་ཅིང་།  དེང་དུས་རས་རྒྱུ་མང་པོ་ཞིག་འགྱིག་སོགས་ལས་བཟོས་པས་དེ་དག་ཕྱུགས་ཟོག་གིས་ཟོས་ན་ཁོང་ནད་དུ་གྱུར་ནས་ཤི་གོད་ཡོང་བ། རླུང་རྟའི་རས་ཕོན་ཆེན་པོ་ཕུང་སོགས་ཐེབས་ནས་རུལ་བས་རི་མཐོ་ཆུ་གཙང་སྦགས་ལྷད་འགྱུར་བ། ད་དུང་དེ་དག་དད་པ་མེད་ཅིང་མི་བསྲུན་རྨོངས་པས་ཁེ་བེད་ཐོན་རྫས་བཟོ་བྱེད་དུ་སྤྱོད་པས་སྡིག་པའི་རྐྱེན་དུ་འགྱུར་བ་སོགས་དགེ་སྐྱོན་སྣ་ཚོགས་ཤིག་ཡོང་སྲིད་པས།  ཕྱི་ཚུལ་བཟོ་ལྟའི་ཆོས་ལུགས་ལྟ་བུའི་ཛར་ཛོར་སྤྲོས་པ་མང་པོ་བྱེད་པར་དགེ་མཚན་ལྷག་མོ་མེད་པར་སྙམ་མོ།

·གསར་འགྱུར་གོང་མ:གད་སྙིགས་དོ་དམ་བྱེད་ཕྱོཊ་སྐོར་གྱི་ཞིབ་གྲོས་ཚོཊ་འདུ།
·གསར་འགྱུར་འོག་མ:དགེ་རྒན་གྱི་བྲན་གཤིས་མཁྲེགས་གཏོར་བྱ་དགོས།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:21:55 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:38:25 [来自: 112.5.248.152]

评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 12:52:17 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།20.51MS