ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།༣

[རྩོམ་པ་པོ:ཟུར་གསུམ་མ།  ཡོང་ཁུངས:ངེད྄དྲ་བ།  དུས་ཚོད:2013/10/16 8:53:08  བཀླགས་ཐེངས:1385][ཡིག་གཟུགས:ཡིག་གཟུགས་མདོག]
ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།
ཏུ་ཀུང་གིས་བརྩམས། རྟ་མགྲིན་རྡོ་རྗེས་བསྒྱུར།
གསུམ།
 
    རིག་གནས་སྒྲིག་གཞིར་བཅོས་བསྒྱུར་བྱེད་པའི་དམིགས་ཡུལ་ནི། རིག་གནས་རང་དབང་ཅན་དུ་བྱེད་རྒྱུ་དེ་རེད།
  ཉེ་བའི་ལོ་འགའ་ནས་བཟུང་། རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་སྐོར་ཀུན་གྱིས་གླེང་ཞིང་དོ་སྣང་བྱེད་ས་ཞིག་ཏུ་ཆགས་ཡོད་མོད། དེར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། བཤད་བཤད་ཐམས་ཅད་པོ་ཕྱི་ཚུལ་གྱི་གནད་དོན་ཙམ་མ་གཏོགས་ནང་སྙིང་ཟིན་གྱི་མི་འདུག རིག་གནས་སྒྲིག་གཞིའི་ནང་སྙིང་ནི། རིག་གནས་སྒེར་གཅོད་རིང་ལུགས་རྩ་མེད་བྱས་ནས། རྩ་ཁྲིམས་སུ་གཏན་ལ་ཕབ་པའི་སྨྲ་བརྗོད་རང་དབང་དང་པར་སྐྲུན་རང་དབང་དོན་ཐོག་ཏུ་འབབ་པར་བྱེད་པ་དང་།  རིག་གནས་རང་དབང་མངོན་དུ་འགྱུར་བར་བྱེད་རྒྱུའོ།།
རིག་གནས་ནི་ཅི་ཞིག་ཡིན་ནམ། བདག་གིས༢༠༠༢ལོར་བསམ་འཆར་དུ་བྲིས་པའི《བཅོས་བསྒྱུར་བྱ་བའི་ཁྲོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཛིན་བྱེད་པ》ཞེས་པའི་ནང་། ང་ཚོའི་ཡི་གེའི“文”གྱི་འབྱུང་ཁུངས་དང“化”ཡི་ནང་དོན་རྩད་བཅད་ནས། རིག་གནས་ནི་མིའི་རིགས་ཀྱིས་རང་ཉིད་དང་སྤྱི་ཚོགས་ལེགས་པའི་ལམ་དུ་འགྲོ་ཆེད་དུ་བྱས་པའི་འབད་པ་དང་དེའི་འབྲས་བུ་ཡིན་པ་གཏན་ལ་ཕབ་ཡོད། དེ་ནས་ཅུང་མ་འགོར་བར། སྔར་གྱི་གྲོགས་པོ་ཞིག་གིས། པེ་ཅིན་སློབ་ཆེན་གྱི་སྐུ་འདས་དགེ་རྒན་ཆེན་མོ་སྟེ། ཧེ་ཀེལ་ཞིབ་འཇུག་མཁས་ཆེན་ཧའོ་ལན་ལགས་ཀྱི་རིག་གནས་དང་འབྲེལ་བའི་ལྟ་ཚུལ་ངོ་སྤྲོད་བྱས་བྱུང་། ཁོང་གིས《རིག་གནས་དང་མི་ཚེ》ཞེས་པའི་ནང་དུ། རིག་གནས་ལ་གོ་དོན་གསུམ་འདུས་པ་སྟེ། དང་པོ་བདེན་པ་དང་། གཉིས་པ་མཛེས་པ། གསུམ་པ་ལེགས་པ་བཅས་སོ་ཞེས་བསྟན་འདུག དེ་བས། རིག་གནས་ནི་མིའི་རིགས་ཀྱིས་བདེན་པ་དང་མཛེས་པ་དང་ལེགས་པ་གསུམ་གྱི་བྱ་བར་གཞོལ་བའི་བསམ་སྦྱོར་ཡིན་པ་དང་། དེ་བསོགས་ཤིང་སྨིན་པའི་འབྲས་བུ་ནི་ཤེས་རིག་ཅེས་སྨྲ་ཆོག
རིག་གནས་རང་སྟེང་གི་ཁྱད་ཆོས་ཀྱི་དབང་གིས། རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་གྱི་གཞི་རྩའི་ཁ་ཕྱོགས་ནི། རིག་གནས་རང་དབང་ཅན་དུ་བྱེད་པ་ཁོ་ནའོ།། དེ་ལ་རྒྱུ་མཚན་གསུམ་ཡོད་དེ། གཅིག  རིག་གནས་ནི་བདེན་པ་དང་མཛེས་པ་དང་ལེགས་པའི་བྱ་བར་གཞོལ་རྒྱུ་དེ་ཡིན་ཞིང་། དེ་ནི། འགྲོ་བ་མི་ལ་ལྷན་སྐྱེས་ནས་ཡོད་པའི་རང་དབང་གི་དབང་ཆ་ཞིག་ཡིན་པས། མི་སུ་ཡིན་རུང་མི་སྒེར་རམ་ཁྱིམ་ཚང་ངམ་ཚོགས་པའམ་སྤྱི་ཚོགས་ཀྱི་བདེན་པ་དང་མཛེས་པ་དང་ལེགས་པའི་བྱ་བ་སྐྱོང་བའི་དབང་ཆ་ཡོད། གཉིས། རང་དབང་གི་ཁོར་ཡུག་ཅིག་ཡོད་ན། ད་གཟོད་རིག་གནས་ཀྱི་འཕེལ་རྒྱས་ལ་མཐུན་རྐྱེན་ལེགས་པོ་འཛོམས་པ་ཡིན་པས། རིག་གནས་ཀྱི་འཕེལ་རྒྱས་ལ་རང་དབང་དགོས་སོ།། གསུམ། རིག་གནས་རང་དབང་ངང་འཕེལ་བ་དེ་ནི། སྤྱི་ཚོགས་ཡར་ཐོན་དུ་སྐུལ་བའི་སྟོབས་ཆེན་པོ་ཞིག་རེད། ཨེན་ཀེ་སིས་གསུངས་པ་ནི་ཤིན་ཏུ་མད་དེ། རིག་གནས་ལ་ཡར་ཐོན་གོམ་གང་ཕྱིན་པ་ནི་རང་དབང་གི་ཕྱོགས་སུ་གོམ་གང་ཇེ་ཉེར་སོང་བ་ཡིན་ཞེས་སོ།། དེ་བས། རིག་གནས་རང་དབང་ཅན་དུ་གཏོང་རྒྱུ་དེ། རིག་གནས་རང་གི་ཁྱད་ཆོས་ཀྱི་དབང་གིས་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་བའི་དགོས་མཁོ་ཡང་ངོ་།། དེས་ན། རིག་གནས་རང་དབང་ཅན་མངོན་དུ་འགྱུར་བར་བྱེད་པ་ནི། རིག་གནས་ལ་རང་དབང་གསར་དུ“སྦྱིན”པ་མ་ཡིན་པར། རིག་གནས་ལ་རང་དབང་སླར“འཐོབ”པར་བྱེད་པའོ།།
རང་རྒྱལ་ལ་ལོ་རྒྱུས་དང་རིག་གནས་ཀྱི་རྒྱུན་ནི་ཤིན་ཏུ་རིང་པོ་ཡོད་ཅིང་། སྔོན་བྱོན་མཁས་ཆེན་རྣམས་ཀྱིས། འུ་ཅག་ལ་ཕུན་སུམ་ཚོགས་པའི་རིག་གནས་ཤིག་ཤུལ་དུ་བཞག་ཡོད། ཡིན་ནའང་། དེ་དང་མཉམ་དུ། ལོ་ངོ་སྟོང་ཕྲག་དུ་མ་ནས་བཟུང་། རྒྱ་ནག་མི་དམངས་ཀྱིས། རིག་གནས་སྒེར་གཅོད་རིང་ལུགས་ཀྱི་འོག་ནས་མནར་གཅོད་མྱངས་དང་མྱོང་བ་རེད། ཆིན་ཧྲི་ཧོང་གིས“གསུང་རྩོམ་མེར་བསྲེགས་མཁས་པ་དུར་དུ་བཅུག”པ་ནས། རིག་གནས་དོན་དག་སྣ་ཚོགས་དང་རྩོམ་འབྲིའི་ནག་ཉེས་སོགས་ལས། ཤེས་ཡོན་ཅན་ཇི་འདྲའི་མང་པོ་ཞིག་ལ་ཉེས་མེད་མནར་གཅོད་བྱས་ཚུལ་ནི་སྨྲ་བསམ་བརྗོད་ལས་འདས་ཤིང་། རིག་གནས་སྒེར་གཅོད་རིང་ལུགས་དེ་བཀས་བཀོད་གོང་མ་དག་གིས་སྒེར་གཅོད་སྲིད་དབང་སྲུང་བའི་མཚོན་ཆ་དཔེ་མེད་ཅིག་ཏུ་གྱུར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་རྗེས་སུ། མའོ་ཙེ་ཏུང་གིས་འདས་པའི་ལོ་རྒྱུས་ཀྱི་རིག་གནས་སྒེར་གཅོད་ཀྱི་སྲོལ་ངན་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། རིག་གནས་བྱ་བར་འདུ་ཤེས་འཛིན་སྟངས་ཀྱིས་ཁ་ལོ་བསྒྱུར་ནས། སྤྱི་ཚོགས་ཀྱི་སྨྲ་བརྗོད་ལ་ཆིག་ཆོད་བྱས། ལོ་རབས་ལྔ་བཅུ་པའི་ནང་དུ། ཁོས་བཏོན་པའི“མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད”ལས། ཤེས་ཡོན་ཅན་ཚོས་ད་ནི་ཡིད་དུ་འོངས་པའི་རེ་སྒུག་ཅིག་མཐོང་སོང་བསམས་ནས། རིག་གནས་རང་དབང་གི་སྒོ་འཕར་དབྱེ་ངེས་པར་བསྒུགས་མོད། དེར་མཐུད་དེ་བྱུང་བའི་གཡས་རྒོལ་ལས་འགུལ་གྱིས་ར་གསལ་བོར་སྤྲད་པར། དེ་ནི་ཁྱི་ཟུག་ཆེད་དུ་རྐུན་མས་ནག་འབུར་བྱས་པའི་གཡོ་ཇུས་ཤིག་ཡིན་པ་དེའོ།། མའོ་ཙེ་ཏུང་གིས་ཡིད་ཚིམས་པའི་ངང་ནས་བསྒྲགས་དོན། མཁས་བརྒྱ་ཟེར་ཡང་དོན་ངོ་མར་འབྱོར་ལྡན་གྲལ་རིམ་དང་འབྱོར་མེད་གྲལ་རིམ་གྱི“མཁས་པ”གཉིས་ལས་མེད་ཅིང་། དེ་ལས“མཁས་པ”སྔ་མའི་སྨྲ་བརྗོད་ནི་ཚར་གཅོད་དགོས་པའི་དུག་གི་ས་བོན་ཞིག་གོ། རིག་གནས་སྒེར་གཅོད་རིང་ལུགས་བཀག་སྟེ་རང་དབང་ཅན་དུ་བྱེད་པ་འདྲ་བའི་ལྟར་སྣང་དེ་ནི། རིག་གནས་རང་དབང་རླག་པའི་སྒེར་གཅོད་ཀྱི་མ་རུངས་ཁོག་བཅུག་ཅིག་ཡིན་འདུག་ཅིང་། དབང་འཛིན་པ་ཚོ་བྱང་ཆུབ་པའི་ཐབས་རྩལ་དེ་འདྲ་ནི། གཞུང་དྲང་གི་ཤེས་ཡོན་ཅན་ཚོས་ཧ་ག་ལ་གོ     མི་བཞིའི་ཚོགས་ཁག་བརླགས་རྗེས། ཧུའུ་ཀྲའོ[1]དུས་ཀྱི་ལོ་རབས་བདུན་ཅུའི་སྨད་ནས་བརྒྱད་ཅུའི་ནང་དུ། ཆབ་སྲིད་རྣམ་པ་ཅུང་དཀྱེལ་ཡངས་སུ་ཕྱིན་པ་དང་བསྟུན། རིག་གནས་ལའང་འཕེལ་རྒྱས་འབྱུང་འགོ་ཚུགས། རིག་གནས་གསར་བརྗེ་བརྒྱུད་དེ་སད་པའི་མི་རྣམས་རིག་གནས་ཤེས་བྱ་གསར་པར་སྐོམ་པས་ཆུ་འདོད་ལྟར་ཞུགས་ཤིང་། མིག་རྒྱང་རིང་བའི་མཁས་པ་རྣམ་པས་ནི་ནུབ་ཕྱོགས་མཁས་པའི་གསུང་རྩོམ་གང་མང་བསྒྱུར་ཏེ། བློ་འབྱེད་གསར་པའི་ལས་ལ་གཞོལ། ལྟོས་བཅས་སུ་རིག་གནས་རང་དབང་དུ་སོང་བས། མི་རྣམས་ཀྱི་སེམས་སུ་རང་དབང་དམངས་གཙོའི་ས་བོན་འཁྲུངས། དེ་དུས་སྒེར་གཅོད་ཆབ་སྲིད་ཀྱི་ངོ་བོ་དང་ལྡན་པའི་སྟོབས་ཤུགས་ཅན་གྱིས། “བསམ་བློའི་ལོག་རྟོག་གི་དྲི་མ་སེལ་བ” “འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན་ལ་རྒོལ་བ”སོགས་སྤེལ་ནའང་། དེས་མི་རྣམས་ཀྱི་རིག་གནས་ཤེས་བྱ་གསར་པའི་སྐོམ་གདུང་མ་ནོན། ཚད་ངེས་པ་ཅན་གྱི་རིག་གནས་རང་དབང་དང་ཆབ་སྲིད་རང་དབང་དེས། དམངས་གཙོའི་གསར་བརྗེ་ལ་བསམ་བློའི་མཚོན་ཆ་འཛོམས་པར་བྱས། འོན་ཀྱང་ཕངས་ཆེ་བ་ནི། དམངས་གཙོ་རིང་ལུགས་ཀྱི་ལས་འགུལ་དེ༡༩༨༩ལོར་དྲག་པོའི་མཚོན་གྱིས་བརླགས་ཤིང་། དེའི་འཕྲོར་བྱུང་བའི“གཙང་བཤེར”ལས་འགུལ་གྱིས། ལམ་ལུགས་ཕྱི་ནང་ཀུན་ན་འཚོ་བའི་ཤེས་ཡོན་ཅན་ཚོར་ར་སྤྲགས་མཐར་ཆོད་བཏང་བ་སྟེ་ཚོགས་པའམ་ཏང་གིས་ དམངས་གཙོའི་གསར་བརྗེ་ཆམ་ལ་ཕབ་ཅིང་། མི་རྣམས་ནི་རིག་གནས་སྒེར་གཅོད་ཀྱི་དངངས་སྐྲག་གིས་ཡོངས་སུ་བསྡམས། ཚགས་པར་དང་དུས་དེབ་ཁག་ཏུ“ཞི་བའི་རིམ་འགྱུར[2]གྱི་འུར་སྐད་ཀྱིས་བཀང་ཞིང་། ཤེས་ཡོན་ཅན་ནི་ཞི་བའི་རིམ་འགྱུར་གྱི་སྤྱི་ཚོགས་རྨང་གཞི་གསུམ་པོའི་ནང་གི་གཅིག་ཡིན་པར་འདོད། དེ་ལྟར་རྒྱ་ནག་གི་རིག་གནས་སླར་ཡང་སྐྱ་ཟད་སྔོ་རྡུགས་ཀྱི་གནས་སུ་འཕངས་ཤིང་ཤེས་མེད་བླུན་པོའི་ཚོགས་ཀྱི་ཁ་ལས་ཡར་ལ་དར། ཏེང་ཞའོ་ཕེང་གི༡༩༩༢ལོའི“ལྷོ་ཕྱོགས་སྐོར་ཞིབ་སྐབས་ཀྱི་གཏམ་བཤད”ཀྱིས། དཔལ་འབྱོར་སྒྲིག་གཞིའི་བཅོས་བསྒྱུར་གྱི་བྱ་བ་གསོས་མོད། ཆབ་སྲིད་དང་རིག་གནས་དང་སྤྱི་ཚོགས་བཅས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་ཀྱི་དགེ་མཚན་གང་ཡང་མ་ཐོན་ཁར། དེ་ལས་ལྡོག་སྟེ། རྒྱལ་གཉེར་ཁེ་ལས་ཀྱི་བཅོས་བསྒྱུར་གོལ་ལམ་དུ་འཕྱན་པས། མི་དྲག་དཔོན་ཆེན་གྱི་འབྱོར་ལྡན་གྲལ་རིམ་བྱུང་བ་དང་། དེ་ལས་སྤྱི་ཚོགས་དབུལ་ཕྱུག་མཐའ་གཉིས་སུ་ལྷུང་སྟབས། མི་དམངས་མང་ཚོགས་ལ་ཡི་མ་རང་བའི་བསམ་ཚུལ་བྱུང་ཞིང་། དབང་འཛིན་པ་དག་ལ་སྐྱོན་བརྗོད་དང་ཁག་འགེལ་བྱེད་པ་ཇེ་མང་ནས་ཇེ་མང་དུ་གྱུར། ལྷག་པར་དུ་དུས་རབས་གསར་པར་སླེབས་པ་ན། མི་དྲག་དཔོན་ཆེན་ཚོས་མི་དམངས་མང་ཚོགས་ལ་བཤུ་གཞོག་དང་གཉའ་གནོན་བྱེད་པ་སྔར་བས་ཚབས་ཆེན་དུ་གྱུར་ཏེ། མང་ཚོགས་ཀྱི་ཞིང་ས་ཕྲོགས་ཤིང་སྡོད་ཁང་བཤིགས་ཁར། དེར་རྒོལ་བ་ཕྲན་བུ་བྱས་ནའང་ཉེན་རྟོག་པས་དྲག་པོའི་སྟོབས་ཀྱིས་གནོན་པར་བྱེད། དེ་བས། དཔོན་དམངས་ཀྱི་འགལ་བས་བསླངས་པའི་ཚོགས་པའི་ངོ་བོ་ཅན་གྱི་དོན་རྐྱེན་ནི་ལོ་རེར་ཁྲི་ཁ་གང་། ཕྱོགས་གཅིག་ནས། སྤྱི་ཚོགས་འདིར་རང་དབང་རིག་གནས་སྦྲུམ་ཞིང་འཕེལ་རྒྱས་སུ་སྐུལ་བའི་བྱ་བ་སྟེ། བཅོས་བསྒྱུར་གྱི་གནས་ཚུལ་བགྲོ་གླེང་བྱེད་པ་དང་། ལོ་རྒྱུས་བསླབ་བྱར་ཕྱིར་རྟོག་དང་ལེགས་ཉེས་ལ་ཞིབ་འཇུག རྒྱ་ནག་གི་འཕེལ་རྒྱས་ཀྱི་མདུན་ལམ་འཚོལ་བའི་རྩོམ་ཡིག་དང་དཔེ་ཆ་དང་འཆད་ཁྲིད་དང་ཞིབ་འཇུག་ཚོགས་འདུ་སོགས་ཆེས་ཆེར་དར་བས་བཅོས་བསྒྱུར་གྱི་འབོད་སྒྲས་གང་སར་ཁྱབ། འོན་ཀྱང་ཕྱོགས་གཞན་ཞིག་ནས། རིག་གནས་སྒེར་གཅོད་ཀྱང་དེར་བསྟུན་གྱིས་ཚབས་ཆེར་གྱུར། གོང་གི་དཔེ་ཆ་དང་རྩོམ་ཡིག་དང་འཆད་ཁྲིད་སོགས་ཀྱི་རིག་གནས་སྣང་ཚུལ་དེ། སྲོལ་རྒྱུན་གཅིག་པུས་ཁ་ལོ་བསྒྱུར་ཏེ་ཡོད་པའི་རྣམ་པ་གནས་སྟངས་དང་གདོང་ཐུག་པ་དེས། སྲོལ་རྒྱུན་ལས་ཁེ་ཕན་རེག་མཁན་ཚོས་མུ་མཐུད་སྲོལ་རྒྱུན་སྲུང་འཛིན་བྱེད་པའི་འདོད་བློ་ལ་ཕོག་ཐུག་བཟོས། དེ་བས། སྒེར་གཅོད་དབང་སྒྱུར་དང་དེ་ལས་ཐོབ་པའི་ཁེ་ཕན་བསྲུང་ཆེད། འབྲེལ་ཡོད་བརྩམས་ཆོས་སྣ་ཚོགས་ནན་གྱིས་འགོག་ཅིང་རྩད་གཅོད་དང་གཞུང་བཞེས་རྩིས་ལེན་སོགས་བྱེད་པ་དང་། དེ་འབྲེལ་གྱི་མི་ལ་ཆད་པ་གཅོད་པ་དང་གནས་དབྱུང་གཏོང་བ་དང་། ཐ་ན་བཙོན་དུ་བཅུག་པའང་ཡོད། དེ་བཞིན་འབྲེལ་ཡོད་ཀྱི་རྩོམ་སྒྲིག་ཁང་དང་པར་སྐྲུན་ཁང་རྣམས་ལ་ལས་ཀ་མཚམས་འཇོག་དང་དག་ཐེར་བྱེད་དགོས་པའི་བཀའ་ཕབ། ཚབས་ཆེ་བ་ནི་གཏན་འགོག་བྱེད། མ་རུངས་གཏུམ་སྤྱོད་ཀྱི་ཐབས་སྣ་ཚོགས་ལ་བརྟེན་ནས་སྲིད་དབང་སྒེར་འཛིན་བྱེད་པའི་རིག་གནས་སྒེར་གཅོད་རིང་ལུགས་ཀྱིས། རང་དབང་རིག་གནས་ཀྱི་བྱུང་འཕེལ་ལ་བར་ཆད་ཆེན་པོ་བཟོས་ནའང་། རང་དབང་རིག་གནས་ཀྱིས་ནི། རིག་གནས་སྒེར་གཅོད་རིང་ལུགས་པའི་ཚོད་འཛིན་དམ་པོའི་བར་གསེང་ནས་འཚོ་གནས་ཀྱི་གོ་སྐབས་ཤིག་རྙེད། དེ་ནི“རི་གྲོང་རིག་གནས”རེད། “རི་གྲོང”ཞེས་པའི་ཐ་སྙད་འདི་རིག་གནས་ཀྱི་ཁྱབ་ཁོངས་སུ་སྤྱོད་པ་ནི་ན་ནིང“རི་གྲོང་གི་ལོ་སར་དགོང་ཚོགས”ནས་བྱུང་ཞིང་། དེ་ནས་བཟུང་། ཐ་སྙད་འདི་གཞུང་འབྲེལ་གྱི་མ་ཡིན་པའི་ཁྱབ་ཁོངས་མཚོན་བྱེད་ཅིག་ཏུ་གྱུར། སྔོན་ཆད་ཅིག་ནས། རིག་གནས་བྱ་བ་སྟེ། ལྷག་པར་དུ་རིག་གཞུང་བསམ་བློའི་ཁྱབ་ཁོངས་ནི། གཞུང་གི་སྨྲ་བརྗོད་མཛུབ་སྟོན་གྱིས་ཁ་ལོ་བསྒྱུར་ཅིང་། རིག་གནས་སྒེར་གཅོད་རིང་ལུགས་པའི་སྲིད་ཇུས་ཀྱི་མངོན་སྟངས་ཤིག་ཡིན་པའི་སྨྲ་བརྗོད་མཛུབ་སྟོན་དེ། གླེང་ཕྱོགས་རང་དབང་འགོག་ཅིང་རིག་གནས་རང་དབང་རླག་པའི་གཏེ་བོ་ཞིག་ཏུ་གྱུར། དབང་འཛིན་པས་ནི། སྲོལ་རྒྱུན་གྱི་ལྟ་ཚུལ་དང་འགལ་ཞིང་། སྲིད་དབང་སྒེར་འཛིན་ལ་གནོད་པའི་ལྟ་ཚུལ་ཡང་དག་ཐམས་ཅད“འབྱོར་ལྡན་གྲལ་རིམ་གྱི་རང་དབང་ཅན”དུ་བྱས་ནས་དོར་ཞིང་བཀག གནད་ཕིགས་པའི་ལྟ་ཚུལ་རྣོན་པོའི་རིགས་ནི“སྤྱིའི་བདེ་འཇགས་ལ་གནོད་པ” “རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་བསློག་པ”ལྟ་བུའི་ཞྭ་མོས་མནན། རིག་གནས་སྒེར་གཅོད་རིང་ལུགས་ཀྱི་དེ་འདྲའི་བཙན་གནོན་འོག་ཏུ། དོན་གྱི་སྙིང་པོས་ཕྱུག་པའི་རྩོམ་ཡིག་དང་བརྩམས་ཆོས་དག་རྩོམ་སྒྲིག་ཁང་དང་པར་སྐྲུན་ལས་ཁུངས་ཀྱིས་དང་ལེན་མི་བྱེད་པས། “རི་གྲོང”གི་རྣམ་པ་མི་སྤྱོད་ཐབས་མེད་དུ་གྱུར། “རི་གྲོང་རིག་གནས”ཀྱིས་གླེང་ཕྱོགས་ལ་གཞུང་གིས་ཁ་ལོ་བསྒྱུར་འདུག་པར་རྒྱབ་གཏད་དེ། ཚད་ཡོད་པའི་རང་དབང་གི་འཚོ་སྟངས་ཤིག་བསྐྱངས། དེ་ལ་རིགས་གཉིས་འདུག་སྟེ། རིགས་གཅིག་ནི་དྲ་བར་བརྟེན་པའོ།། དྲ་བ་ནི་རིག་གནས་ཕུན་སུམ་ཚོགས་པའི་བང་མཛོད་ཅིག་རེད་ལ། དྲ་བའི་རིག་གནས་མི་ཉུང་བ་ཞིག་ནི་གཞུང་གི་སྨྲ་བརྗོད་ཚོད་འཛིན་དང་བཀག་འགོག་ལས་བརྒལ་བའི་རི་གྲོང་རིག་གནས་རེད། རིགས་གཉིས་པ་ནི། ཤེས་ཡོན་ཅན་རང་གིས་དཔར་ཞིང་བཀྲམས་པ་སྟེ། པར་སྐྲུན་དག་མ་མ་བརྒྱུད་པའམ། ཞང་ཀང་དང་ཐེ་ཝན་ནས་པར་སྐྲུན་བྱས་པ་ནང་ཁུལ་ནས་བསྐྱར་དུ་དཔར་ཏེ་བཙོངས་པ། ཡང་ན། ནང་ཁུལ་ནས་པར་སྐྲུན་དག་མ་བརྒྱུད་ཀྱང་ཕྱིས་སུ་བཀག་པའི་རིགས་ཆོག་མཆན་མེད་འོག་ཏུ་བསྐྱར་སྐྲུན་བྱས་ཏེ་ཁྱབ་པའི་སྐོར་རོ།། འདི་ལྟར“རི་གྲོང”གི་རྣམ་པ་བརྒྱུད་དེ་དམངས་ཁྲོད་དུ་ཁྱབ་པ་དག་ལ། གཞུང་ཕྱོགས་ནས“ཁྲིམས་འགལ་དཔར་ཆོས” ཟེར་ཞིང་། དེ་དག་ནི། གཞུང་གིས་བརྩམས་པའི“འདོད་སྲེད་དང་ཁྲིམས་འགལ་དཔར་ཆོས་གཞོམ་པ”་ཞེས་པའི་སྦྱོར་བའི་ཁྲོད་དུ་གཞོམ་བྱ་གཙོ་བོར་གྱུར། ངོ་མ་བཤད་ན། དཔེ་ཆ་སོགས་ཀྱི་དཔར་ཆོས་འདི་རིགས་ཁྲིམས་འགལ་དུ་བརྩི་བའི“ཁྲིམས”དེ་ནི་ཏག་ཏག་ཁྲིམས་དང་འགལ་བའི་གདོན་ཁྲིམས་ཤ་སྟག་སྟེ། རྩ་ཁྲིམས་ཀྱི་དོན་ཚན་སོ་ལྔ་པ་རུ་སྤྱི་དམངས་ལ་སྨྲ་བརྗོད་རང་དབང་དང་པར་སྐྲུན་རང་དབང་ཡོད་པ་གཏན་འབེབས་གསལ་བོར་བྱས་ཡོད་པས་སོ།། གཞུང་གི་བཅས་ཁྲིམས་ཀྱིས། གཏན་འབེབས་འདི་དག་དོན་དུ་འཁྱོལ་བར་ཁག་ཐེག་བྱེད་འོས་མོད། ད་ཡོད་ཀྱི་བཅས་ཁྲིམས་དག་གིས་གེགས་བྱས་པས་སྤྱི་དམངས་ཀྱི་རང་དབང་ཐོབ་ཐང་ཕྲོགས། “ཁྲིམས་འགལ”དཔེ་ཆ་སོགས་ཀྱི་དཔར་ཆོས་འདི་རིགས་ནི། གཞུང་གི་གདོན་ཁྲིམས་ལས་བརྒལ་ཏེ། རྩ་ཁྲིམས་ནང་གི་རང་དབང་ཐོབ་ཐང་ལག་ལེན་དུ་བཏབ་པ་ཡིན་པས། རྩ་ཁྲིམས་བསྲུངས་ཤིང་རྩ་ཁྲིམས་ཀྱི་རྩིས་ཐང་བསྐྱོར་བའོ།། དེའི་སྟབས་ཀྱིས། དཔར་ཆོས་འདི་རིགས་ལ“ཁྲིམས་འགལ”གྱི་ཞྭ་མོ་བསྐོན་ནའང་། དོན་དངོས་སུ་ཁྲིམས་དང་མཐུན་པ་ཤ་སྟག་རེད། འོན་ཀྱང་། དཔར་ཆོས་འདི་རིགས་གཞུང་གི་སྨྲ་བརྗོད་ཀྱིས་དགག་ཅིང་འདི་དག་ལ་གཞུང་འབྲེལ་མ་ཡིན་པའི་ངོ་བོ་དང་ལྡན་པའི་ཆ་ནས། ང་ཚོས“རི་གྲོང་གི་པར་སྐྲུན”ཞེས་གདགས་ཆོག རི་གྲོང་རིག་གནས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན་པའི་རི་གྲོང་གི་པར་སྐྲུན་དཔར་ཆོས་འདིའི་རིགས་ནི། ད་ལྟའི་རྒྱ་ནག་ཏུ། རིག་གཞུང་གི་ཆུ་ཚད་ཆེས་མཐོ་ཞིང་སྤྱི་ཚོགས་རིན་ཐང་ཡང་ཆེས་ལྡན་པ་སྐོར་ཞིག་རེད། དེ་ནི་རང་དབང་རིག་གནས་ཀྱི་ཉིང་འབྲས་ཡིན་པ་དང་། དེས་ད་ལྟའི་རྒྱ་ནག་གི་ཆེས་སྔོན་ཐོན་གྱི་སྤྱི་ཚོགས་རིག་གནས་མཚོན་གྱི་ཡོད། དབང་སྒྱུར་ཚོགས་པའམ་ཏང་གིས་ནི“མཚོན་བྱེད་གསུམ” དུ་འབོད་པ་དེས། “ནམ་ཡང་ཆེས་སྔོན་ཐོན་རིག་གནས་ཀྱི་འཕེལ་ཕྱོགས་མཚོན”ཞེས་སྒྲོག་མོད། དབང་སྒྱུར་ཚོགས་པའམ་ཏང་གི་སྙོབ་བྱེད་ལག་ཡ་ཡིན་པའི་དྲིལ་སྒྲོག་པུའུ་ཡིས་ནི། ཐབས་དང་སྟོབས་ཤུགས་ཡོད་ཚད་རྩལ་དུ་སྤྲུགས་ནས་ཡར་ཐོན་གྱི་རིག་གནས་ཚར་གཅོད་བྱེད། འདི་ནི། དེང་རབས་ཀྱི་ཆེས་ཕྱིན་ཅི་ལོག་པའི་རིག་གནས་སྣང་ཚུལ་ཞིག་གོ།
“རི་གྲོང་རིག་གནས”ནི་དེང་རབས་རྒྱ་ནག་རིག་གནས་ཀྱི་ཉིང་བཅུད་དང་། སྤྱི་ཚོགས་ཡར་ཐོན་དུ་སྐུལ་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན་པས། ཡོངས་སུ་ཁྱབ་པར་སྤེལ་ནས་ཕན་ནུས་འདོན་པར་འོས་སོ།། འོན་ཀྱང་།  རིག་གནས་སྒེར་གཅོད་རིང་ལུགས་ཀྱིས་ཀུན་ནས་བསྐོར་ཅིང་བཀག་པས། སྤེལ་བའི་ཡུལ་དང་ཐེབས་པའི་ཤུགས་རྐྱེན་ནི་ད་དུང་ཧ་ཅང་ཚད་ཡོད་པ་ཞིག་རེད། རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་གྱི་གནད་འགག་ཏུ་གྱུར་པའི་རིག་གནས་རང་དབང་མངོན་དུ་འགྱུར་བ་ལ། “རི་གྲོང་རིག་གནས”ཁྲིམས་མཐུན་དུ་བྱས་ཏེ། རིག་གནས་འཕེལ་རྒྱས་ཀྱི་མདུན་ལམ་ཡངས་པོར་དབྱེ་དགོས། དེ་ཡི་ཕྱིར་དུ། གཞུང་གི་སྨྲ་བརྗོད་མཛུབ་སྟོན་མེད་པར་བཟོ་བ་དང་། རྒྱ་ནག་ཐུན་མོང་ཐོན་སྐྱེད་ཚོགས་པའི་དབུས་གཞུང་གི་དྲིལ་སྒྲོག་པུའུ་ཡི་རིག་གནས་ཞིབ་བཤེར་གྱི་བྱ་བ་མཚམས་འཇོག་པ་དང་རིག་གནས་རང་དབང་གི་གེགས་སུ་གྱུར་པའི་བཅས་ཁྲིམས་དོར་ཏེ། སྤྱི་དམངས་ཀྱི་ཐོབ་ཐང་ལ་ཁག་ཐེག་བྱེད་པའི《གསར་འགྱུར་བཅའ་ཁྲིམས》དང《པར་སྐྲུན་བཅའ་ཁྲིམས》《རིག་གནས་བཅའ་ཁྲིམས》བཅས་པ་བརྒྱུད། རྩ་ཁྲིམས་སུ་གཏན་ལ་ཕབ་པའི་སྨྲ་བརྗོད་རང་དབང་དང་པར་སྐྲུན་རང་དབང་དོན་ལ་འཁྱོལ་བར་བྱེད་དགོས། ཡིན་ནའང་། དེ་རིང་ལ་ཐུག་གི་བར་དུ། བཅོས་བསྒྱུར་སྒོ་འབྱེད་བྱ་བའི་མཛུབ་སྟོན་བསམ་བློའི་ནང་ན། རིག་གནས་རང་དབང་གི་གྲིབ་མ་ཙམ་ཡང་མི་སྣང་ཁར། དེ་ལས་ལྡོག་སྟེ། ཁོ་ཚོས་ད་དུང་རང་དབང་ཅན་དུ་བྱེད་པ་ནི། རྒྱལ་ཁབ་ཕྱི་ཡི་དགྲ་ཕྱོགས་པས་ངན་སྐུལ་དང་གཏོར་བརླག་ཡིན་པར་འདོད། འདིས་ནི། རིག་གནས་སྒྲིག་གཞིའི་བཅོས་བསྒྱུར་གྱི་མཛུབ་སྟོན་བསམ་བློ་དེ། ཡོངས་ཁྱབ་རིན་ཐང་གི་སྟེང་ནས་བཏོན་མེད་པ་མཚོན་མི་ཐུབ་བམ།


[1] ཧུའུ་ཡའོ་པང་དང་ཀྲའོ་ཙི་ཡང་གཉིས་ལ་གོ
[2] ཞི་བའི་ངང་ནས་སྤྱི་ཚོགས་རིང་ལུགས་ནུབ་པར་བྱེད་པའི་འཐབ་ཇུས་ཤིག རྒྱས་པ་འབྲེལ་ཡོད་ཡིག་ཆ་གཞན་ལ་གཟིགས་པར་ཞུ།  ༼འཕྲོ་མུ་མཐུད་འགོད་རྒྱུ།
·གསར་འགྱུར་གོང་མ:སྐྱེ་དངོས་སྨན་རིགས་སྲུང་སྐྱོབ་བྱེད་དགོས་པའི་རྒྱུན་ཤེས།
·གསར་འགྱུར་འོག་མ:ཡོངས་ཁྱབ་རིན་ཐང་དང་རྒྱ་ནག་གི་བཅོས་བསྒྱུར་སྒོ་འབྱེད།༤
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·འདི་ཕྱི་གཉིས་ཕུང་གི་ཐ་མག་དང་སྣ་དུད་སྤོངས་བར་བསྐུལ་བ། 2016/1/10 17:08:16
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 2:00:44 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 3:35:40 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 5:41:58 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 55 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS