ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

ཕྲེང་བའི་དགོས་ཆེད།

[རྩོམ་པ་པོ:སྐུ་རྒྱབ་  ཡོང་ཁུངས:སེང་དྲ།  དུས་ཚོད:2013/12/1 22:26:21  བཀླགས་ཐེངས:1276][ཡིག་གཟུགས:ཡིག་གཟུགས་མདོག]
 
 
སྐུ་རྒྱབ་ཚུལ་ཁྲིམས།
 
 
 ༡ ཕྲེང་བའི་དགོས་ཆེད།
 
    ཕྲེང་བ་ནི་སྔགས་ཀྱི་གྲངས་ཚད་འཛིན་པའི་དམ་རྫས་གཙོ་བོ་ཡིན་པ་དང་།    ཡེ་ཤེས་པའི་ལྷའི་ཕྱག་མཚན་ཡང་ཡིན་པས་བྱིན་རླབས་ཀྱི་གནད་ཆེ་ཞིང་།     མི་བརྗེད་པའི་གཟུངས་ཐོབ་པ་དང་།    ཞི་རྒྱས་དབང་དྲག་གི་ལས་རྣམས་མྱུར་དུ་འགྲུབ་པ་སོགས་སྤྱི་ཡི་དགོས་ཆེད་བསམ་གྱིས་མི་ཁྱབ་པ་མང་པོ་ཡོད་ཅིང་།    བྱེ་བྲག་གི་དགོས་ཆེད་ནི་གསང་སྔགས་དང་།   རིག་སྔགས།    གཟུངས་སྔགས་སོགས་སྔགས་ཀྱི་གྲངས་ཚད་ནི་ཕྲེང་བ་ལས་ཤེས་དགོས་པས།    དམ་ཚིག་དང་ལྡན་པའི་རྣལ་འབྱོར་བ་རྣམས་ཀྱིས་རྒྱུ་དག་ཅིང་།    གྲངས་ཚང་བ།     རྒྱུད་སྡེ་སོ་སོའི་དགོངས་པ་དང་མཐུན་པའི་ཕྲེང་བ་བཅངས་ཤིང་བགྲང་བ་ནི་རྟེན་འབྲེལ་གྱི་གནད་ཆེ་བ་དང་།    གཞན་ཡང་ཕྱི་ཡི་ཕྲེང་བས་སྔགས་ཀྱི་གྲངས་ཚད་མ་ནོར་བར་བཟུང་ཞིང་།     ནང་གི་ཕྲེང་བས་བཟླས་བར་འབད་པ་དང་།    གསང་བའི་ཕྲེང་བས་ཡི་དམ་གྱི་སྔགས་རྣམས་མ་ནོར་བར་བསྙེན་ཅིང་སྒྲུབ་པ་དང་།      དེ་ཁོ་ན་ཉིད་ཀྱི་ཕྲེང་བས་ཡང་པ་མེད་པའི་ཏིང་འཛིན་གྱིས་དམིགས་པའི་གནད་དང་བསྲེ་དགོས་པས་ན།     ཐོག་མར་བརྩོན་འགྲུས་ཀྱི་ཕྲེང་བ་དང་།    བར་དུ་གཡེང་མེད་ཀྱི་ཕྲེང་བ།    ཐ་མར་དམིགས་པའི་ཕྲེང་བ་བཅས་གལ་ཆེ་བར་གསུངས་སོ།།
 
                         ༢  དམ་ཚིག
 
      དེ་ནས་ཕྲེང་བའི་དམ་ཚིག་ནི།    བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འདོད་པའི་སྐྱེས་བུ་དག་གིས།     ཡི་དམ་གྱི་ལྷ་གང་དག་སྒྲུབ་ཅིང་བསྙེན་པའི་དམ་ཚིག་དང་།   ལྷ་དེ་དག་གིས་བྱིན་རླབས་དང་དངོས་གྲུབ་རྒྱུན་དུ་སྩོལ་བའི་རྟེན་འབྲེལ་གྱིས།   ཚད་དང་ལྡན་པའི་ཕྲེང་བ་ཞིག་ནམ་ཡང་ལུས་དང་མི་འབྲལ་བར་བྱེད་པ་ནི་རྩ་བའི་དམ་ཚིག་དང་།    ཡན་ལག་གི་དམ་ཚིག་ལ་ཡང་རང་གིས་རྒྱུན་དུ་འཆང་བཞིན་པའི་ཕྲེང་བ་དེ་གཞན་ལ་མི་སྟོན་པར་མ་ཟད།    རང་གི་ལུས་ཀྱི་དྲོད་དང་མ་བྲལ་ན་ལས་ཀྱི་དངོས་གྲུབ་མྱུར་དུ་འགྲུབ་པ་དང་།    གཞན་གྱི་ལག་མི་འགྲིམ་ཅིང་།    ལྷག་པར་དམ་ཉམས་དང་།   གྲིབ་ཅན།    རང་དང་དམ་ཚིག་མི་གཅིག་པའི་མིའི་ལག་མི་འགྲིམ་པ་གལ་ཆེ།     བཟླས་པའི་སྐབས་མ་གཏོགས་དུས་མིན་ལག་སྟོང་དུ་མི་འདྲེན་པ་དང་།     མོ་རྩིས་སོགས་ཀྱི་སླད་དུ་མི་བཀོལ།   དེ་བཞིན་རབ་གནས་དང་ལྡན་པའི་ཕྲེང་བ་མི་གཞན་ལ་མི་སྟོན་ཞིང་།    ས་རྗེན་ལ་འཇོག་པ་དང་།    ཡལ་བར་འདོར་བ་སོགས་མི་བྱེད།    གཞན་ཡང་ཆེ་ཆུང་མི་སྙོམས་པ་དང་།    ཡོ་བ་དང་།    གས་གྲུམ་ཅན་དང་།    གྲངས་ངེས་བཟུང་མེད་པ་དང་།    ཁ་དོག་དང་དབྱིབས་མི་ལེགས་ཤིང་།   མཐོང་ན་ཡིད་དུ་མི་འོང་བའི་ཕྲེང་བ་ནི་ལྷད་ཅན་དེ་དམ་ཚིག་དང་མི་ལྡན་པའི་ཕྲེང་བ་ཡིན་ལ་འཆང་དུ་མི་རུང་བ་ཡིན་པས་ཅེས་ཀྱང་སྤང་དགོས།    ཡང་དམ་ཚིག་དང་ལྡན་པའི་ཕྲེང་བས་ཁྱི་སོགས་སེམས་ཅན་གཞན་ལ་བརྡེག་མི་རུང་ཞིང་།   གང་ཟག་གཞན་ལ་སྦྱིན་པར་ཡང་མི་བྱ།    གལ་ཏེ་ཕྲེང་ཐག་ཆད་པའི་ཚེ་ཡང་མྱུར་དུ་བརྗེ་དགོས་པ་ལས་ཞགས་ཆོད་པར་བྱ་མི་རུང་།   རྒྱུན་དུ་བཟླས་པ་བྱས་པའི་ཕྲེང་བ་དམ་ཚིག་མི་གཅིག་པའི་མི་ལ་སྦྱིན་ན་དངོས་གྲུབ་གཡོལ་ཞིང་བར་ཆད་སོགས་འབྱུང་བར་འགྱུར་བས།   ཚད་དང་ལྡན་ཞིང་།  བྱིན་རླབས་བྱས་པའི་ཕྲེང་བ་དེ་དག་སྦས་ཤིང་གསང་ན་དེ་ལྟར་གྱི་དངོས་གྲུབ་མྱུར་བར་གསུངས་སོོ།། 
 
                             ༣ སྤང་བྱ།
 
     དེ་ཡང་རང་ཉིད་ལ་དབང་དང་གདམས་པ་སོགས་ཀྱིས་བཀའ་དྲིན་ཐོབ་པ་དང་།    རང་དད་ཡུལ་གྱི་བླ་མའི་ཕྱག་ཕྲེང་དག་ནི་མོས་གུས་ཀྱི་རྟེན་བྱས་ནས་ཕྱག་དང་མཆོད་པ་འབུལ་བ་ལས་བགྲང་བར་མི་བྱ་བར་གསུངས་པ་དང་།    ནོར་གནག་དང་བ་ལང་སོགས་ཀྱི་རྭའི་བྱས་པའི་ཕྲེང་བ་དག་འཆང་མི་རུང་བར་གསུངས།    གཞན་ཡང་ཕ་བསད་པ་དང་།    མ་བསད་པ།   དགྲ་བཅོམ་པ་བསད་པ་སོགས་མཚམས་མེད་ཀྱི་ལས་བསགས་པ་དང་།    གསང་སྔགས་ཀྱི་དམ་ཚིག་ཉམས་པ།    ཤན་པ་སོགས་སེམས་ཅན་གྱི་སྲོག་གཅོད་མཁན་དང་།    འཁོན་འཛིང་ལ་དགའ་བ་དང་།     ཁས་བླང་བའི་དམ་ཚིག་ཉམས་པ་དང་།    ཆོས་བརྒྱུད་ལ་དམ་སེལ་ཞུགས་པ་དང་།    བུད་མེད་གང་གིས་རང་གི་ཁྱོ་ག་སྤངས་ནས་སྤྱོད་ངན་བྱེད་པ་དང་།    སྡིག་པའི་ལས་སྣ་ཚོགས་བྱེད་པ་དང་།     རྐུས་དང་འཕྲོག་བཅོམ་བྱེད་མཁན་དག་གིས་འཆང་བའམ་ལག་ནས་ཐོན་པའི་ཕྲེང་བ་སྤང་དགོས་པ་དང་།     གཞན་གྱིས་དོར་བ་དང་།    སྟོར་བའམ་བོར་ནས་རྙེད་པའི་ཕྲེང་བ་འཛིན་མི་རུང་བ་དང་།    ལྷ་ལ་མཆོད་པ་ཕུལ་བ་དང་།    ལྷའི་རྒྱན་བྱས་པ་དང་།    གཞན་ལ་བཙན་གྱིས་འཕྲོགས་པའི་ཕྲེང་བ་སྤང་དགོས་པ་དང་།    ཕྲེང་ཐག་ཆད་པའམ་ཆད་ལ་ཉེ་བ་དང་།    གཞུང་ནས་གསུངས་པའི་གྲངས་ལྟར་མ་ཚང་པ་དང་།    དུད་འགྲོ་ཁྱིས་འགོམས་པ་དང་།    བྱ་དང་ཙི་གུས་ཟོས་པ་།    མེས་ཚིག་པ་སོགས་བྱིན་རླབས་ཉམས་པའི་ཕྲེང་བ་འཆང་ན་སྔགས་ལ་དམ་སེལ་ཞུགས་པར་འགྱུར་བས་སྤངས་དགོས་པ་དང་།    གཞན་ཡང་རྒྱུ་དང་།    ཁ་དོག   མདོ་འཛིན་དང་།   ཕྲེང་ཐག་སོགས་རྒྱུ་སྡེ་རང་རང་ལས་གསུངས་པ་ལྟར་ཚད་དང་ལྡན་པར་བྱེད་དགོས་པ་ལས།     ལུང་མ་བསྟན་གྱི་ཕྲེང་བ་དང་།    རྣལ་འབྱོར་བ་རང་གི་ཡིད་དུ་མི་འོང་བའི་ཕྲེང་བ་དེ་དག་འཆང་མི་རུང་བ་དང་།    དམ་ཚིག་མི་གཙང་བའི་མི་གཞན་གྱིས་བགྲང་བ་དང་།   རྙེད་པ་སོགས་ནི་སྤང་བར་བྱ་བ་དང་།   རང་གིས་བཅིང་བའི་ཕྲེང་བ་དེ་ཡང་གོང་བཞིན་ཉམས་པ་དང་།   གྲིབ་ཕོག་པ།    སྐྱོན་ཞུགས་པ་སོགས་བྱུང་ན་མེ་ལ་བསྲེག་པའམ།    ཡང་ན་ཆུ་ལ་འཕེན་པ་སོགས་བྱེད་པ་ལས་ཡང་བསྐྱར་འཆང་མི་རུང་བར་གསུངས་སོ།།     
      འདི་དག་ནི་རྡོ་རྗེ་གདན་བཞི་དང་།   དཔལ་ཁ་སྦྱོར།    སཾ་པུ་ཊ།   བདེ་མཆོག་སྡོམ་འབྱུང་།    རྡོ་རྗེ་མཁའ་འགྲོ    །ཧེ་རུ་ཀ་མངོན་འབྱུང་སོགས་གསར་རྙིང་གི་རྒྱུད་རྣམས་སུ་རྒྱས་བསྡུས་ཅི་རིགས་སུ་གསུངས་པ་དག་དང་།   ལྷག་པར་སློབ་དཔོན་བཀྲ་ཤིས་རྒྱ་མཚོས་མཛད་པའི་༼གསང་རྙིང་རྒྱན་དང་རོལ་མོའི་བསྟན་བཅོས༽སུ་གསུངས་པ་དག་ཁ་གསལ་ཞིང་དོན་འདུས་པར་འདུག་པས་འདིར་བཀོད་པ་ཡིན་ནོ།།               
·གསར་འགྱུར་གོང་མ:དགའ་ལྡན་ལྔ་མཆོད་དང་རྒྱ་ནག་ཞིང་རྩིས།
·གསར་འགྱུར་འོག་མ:བོད་ཡིག་འཚོལ་བཤེར་མ་ལག་གི་མཚོན་རྟགས་ཇུས་འགོད་བསྡུ་བའི་བརྡ་ཐོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS