ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

འཛམ་བུ་གླིང་ཧང་སང་བཅུག་པའི་ཨ་རབ་ཀྱི་སྐྱེས་མ་ཞིག

[རྩོམ་པ་པོ:འཇམ་དབྱངས་སྐྱིད་  ཡོང་ཁུངས:སེང་དྲ།  དུས་ཚོད:2013/12/13 21:31:42  བཀླགས་ཐེངས:1469][ཡིག་གཟུགས:ཡིག་གཟུགས་མདོག]
འཛམ་བུ་གླིང་ཧང་སང་བར་བཏང་བའི་
ཨ་རབ་ཀྱི་སྐྱེས་མ་ཞིག
 
འཇམ་དབྱངས་སྐྱིད་ཀྱིས་བསྒྱུར།
 
ཧ་ལམ་ས་སྒང་ཧྲིལ་པོར་ཁྱབ་པའི་འགལ་རྩོད་འདི་ནི་ཆོས་ལུགས་བར་གྱི་འགལ་རྩོད་མིན་ལ། དཔལ་ཡོན་བར་གྱི་འགལ་རྩོད་ཀྱང་མ་ཡིན། དེ་ནི་འགལ་བ་ལྟག་སྤྲོད་དུ་སོང་བའི་དུས་རབས་གཉིས་བར་གྱི་འགལ་རྩོད་དེ། དུས་རབས་བར་མའི་སེམས་ཁམས་དང་དུས་རབས་ཉེར་གཅིག་པའི་བསམ་བློ་བར་གྱི་འགལ་རྩོད་དང་། སྔོན་ཐོན་དང་རྗེས་ལུས་བར་གྱི་འགལ་རྩོད། དཔལ་ཡོན་དང་བླུན་རྨོངས་བར་གྱི་འགལ་རྩོད། དཔྱོད་ཤེས་དང་དམུ་རྒོད་བར་གྱི་འགལ་རྩོད། རང་དབང་དང་གཉའ་གནོན་བར་གྱི་འགལ་རྩོད། དམངས་གཙོ་དང་སྒེར་གཅོད་བར་གྱི་འགལ་རྩོད་རེད……”
ཨ་རབ་ཀྱི་སྐྱེས་མ་འདིའི་སྤུ་གྲི་ལྟ་བུའི་སྐད་ཆ་དེ་དག་གིས་ང་ནི་རྦད་དེ་ཧ་ལས་པར་བཏང་སོང་།
ཉེ་ལམ་གྲོགས་པོ་ཞིག་གིས་ཨ་རབ་ཀྱི་ཡི་གེ་དང་ཧེབ་རེའི་ཡི་གེ དབྱིན་ཇིའི་ཡི་གེ་སོགས་ཀྱི་དྲ་ཚུགས་མང་པོའི་སྟེང་ཁྱབ་འདུག་པའི་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱི་རྩོད་ཤགས་ལེ་ཚན་གྱི་དུམ་ཚན་ཞིག་ཁོ་བོར་བསྐུར་ཡོང་། ལེ་ཚན་དེ་རུ་སྐྱེས་མ་དེས་ཨི་སི་ལམ་གྱི་ཆོས་པ་དག་ལ་བརྒལ་བརྟག་རྩོད་པའི་འཁོར་ལོ་བསྐོར་ཏེ་ལན་མེད་དུ་བཏང་འདུག དེ་ནི་ངས་བལྟས་མྱོང་བའི་ཆེས་ཉམས་མཚར་བའི་བརྙན་འཕྲིན་ནང་གི་རྩོད་པ་ཞིག་ཡིན་ལ། ཁོང་ནི་ངས་མཐོང་མྱོང་བའི་ཆེས་ཕུལ་དུ་བྱུང་བའི་སྐྱེས་མའི་གྲས་ཀྱི་གཅིག་རེད།
 
ཕོ་དབང་རིང་ལུགས་པའི་རྒྱལ་ཁམས།
 
  ཆོས་སྲིད་ཟུང་འབྲེལ་གྱི་ཨ་རབ་ཡུལ་ལ་སྒེར་གཅོད་ཀྱིས་དབང་བསྒྱུར་བྱེད་ཀྱི་ཡོད་པར་མ་ཟད། དེ་ནི་ཕོ་དབང་རིང་ལུགས་ཀྱིས་ཁ་ལོ་སྒྱུར་བའི་རྒྱལ་ཁམས་ཤིག་ཀྱང་ཡིན། རྒྱ་དང་སྨ་ར་བཞག་པའི་མུལ་ལའ་ mullahs རྣམས་ཀྱིས་ཡོད་ཚད་ལ་དམ་བསྒྲགས་བྱེད་ཀྱི་ཡོད། ཡུལ་དེ་རུ་སྐྱེས་མ་ལས་རྔ་མོང་གི་རིན་གོང་ཆེ་ཞིང་། ཁོ་མོ་ཚོར་ཐོབ་ཐང་ཏོག་ཙམ་མེད་ལ། ཐ་ན་རང་གི་ངོ་གདོང་ཡང་བཏུམ་དགོས་ཀྱི་འདུག ཨ་རི་དང་ནུབ་གླིང་ལ་སྨྱོ་ཧམ་གྱིས་ངོ་རྒོལ་ཁྲོམ་སྐོར་བྱེད་མཁས་པའི་སྐྱེས་པ་དེ་དག་གིས་ཁྲིམས་མཐུན་ལུགས་མཐུན་སྒོས་ཆུང་མ་གསུམ་བཞི་རེ་བླངས་ཆོག་ཀྱང་། སྐྱེས་མ་ཚོས་རླངས་འཁོར་གཏོང་བའང་ནག་ཉེས་སུ་བརྩི་ན། གཉེན་དོན་ཐད་ཁོ་ཚོ་དང་འདྲ་བའི་ཐོབ་ཐང་ནི་ག་ལ་ཡོད་དེ་གར་ཡང་མེད།
ཨི་སི་ལམ་རིག་གནས་ཀྱི་ཞན་ཆའི་སྐོར། སྐྱེས་མ་རྣམས་ལ་དེ་བས་ཀྱང་ཁ་གྲགས་དབང་མེད། འཛམ་གླིང་འདིར་ཨི་སི་ལམ་གྱི་ཆོས་སྒོར་མི་ཞུགས་མཁན་ཐམས་ཅད་དྲག་པོའི་དམག་འཐབ་ལ་བརྟེན་ནས་མུ་ཟི་ལིམ་དུ་བསྒྱུར་དགོསཞེས་འབྱུང་བའི་ཀུ་རན་གསུང་རབ་ནི། ཁོ་ཚོའི་བླང་དོར་འཇུག་ལྡོག་གི་ཚད་གཞི་ཉག་གཅིག་ཡིན། ཡུལ་དེ་རུ་རིག་གནས་དེ་དང་ཆོས་ལུགས་དེ་ལ་སྐྱེ་བོ་སུས་ཀྱང་སྐྱོན་བརྗོད་བྱེད་མི་ཆོག ཨ་རབ་ཡུལ་གྱི་སྐྱེས་པ་ཚོས་ཡ་ཧུ་དཱ་པའི་ཟ་ཁང་དང་སློབ་གྲྭ། རྒན་གསོ་ཁང་། ཐ་ན་གཉེན་སྟོན་བྱེད་བཞིན་པའི་ལྷ་ཁང་དུ་ཡང་རང་ཤི་འགད་རྫས་ཀྱིས་འགད་གཏོར་བྱེད་པར་མ་ཟད། རང་དབང་ལྡན་པའི་ཏེན་མག་རྒྱལ་ཁབ་ཀྱི་ཚགས་པར་ཞིག་ཏུ་ཨི་སི་ལམ་ཆོས་ལུགས་ཀྱི་སྟོན་པ་མུ་ཧམ་མུད་ལ་བྲིས་པའི་ཁ་མཚར་རི་མོ་ཞིག་བཀོད་པ་ལའང་། ཁོ་ཚོས་མེ་མདའ་གནམ་འཕེན་དང་དངོས་རྫས་མེར་སྲེག་གིས་དེ་ག་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་ལ་རྒོལ་བ་བྱས་པ་རེད།
 
ཨ་རབ་ཡུལ་གྱི་རྒྱུ་འབྲས་བློ་མིག
 
  བློ་ཡུལ་ལས་འདས་པ་ཞིག་ནི། སུས་ཀྱང་དྲང་གཏམ་བཤད་མི་ཕོད་པའི་རྒྱལ་ཁམས་དེ་རུ་སྐྱེས་མ་རྟུལ་ཕོད་ཅན་ཞིག་བྱུང་བ་དེ་རེད། སྐྱེས་མ་དེས་ཨ་རབ་ཀྱི་ཕྱེད་གླིང་བརྙན་འཕྲིན་ལེ་ཚན་དུ་མུལ་ལའ་རྣམས་དང་ཁ་རི་ཁ་ཐུག་ཏུ་རྩོད་པ་བྱས་ཤིང་། སྙིང་སྟོབས་ཆེན་པོས་དོན་དངོས་དང་བདེན་པ། གནས་ལུགས་ངོ་མ་བརྗོད་དེ་ཨི་སི་ལམ་གྱི་རིག་གནས་ལ་སུན་འབྱིན་དང་། ཡ་ཧུ་དཱ་དང་ནུབ་གླིང་རིག་གནས་ལ་མཐའ་གཅིག་ཏུ་ཕྱོགས་སྐྱོར་བྱས་པ་རེད། ཞག་མ་གཅིག་གི་ཡུན་ལ། ཁོང་ཉིད་ཨ་རབ་ཡུལ་གྱི་རྒྱུ་འབྲས་བློ་མིག་ཏུ་གྱུར་སོང་།
ཁོང་ནི་ད་ལོ་རང་ལོ 47ཡིན་པའི་ཝ་ཧྥའ་སུལ་ཐན[1]ཟེར་བ་དེ་རེད། སི་རི་ཡ་ནས་སྐྱེས་ཤིང་འཚར་བའི་ཁོང་ཉིད་ཀྱང་དང་ཐོག་ཨི་སི་ལམ་ཆོས་ལུགས་ལ་དད་མོས་བྱེད་མཁན་ཞིག་ཡིན་མོད། ཕྱི་ཕྱིར་བྱུང་བའི་དོན་རྐྱེན་ཞིག་གིས། ཁོང་རྦད་དེ་བསྒྱུར་པ་རེད།1979 ལོའི་ཉིན་ཞིག་ལ། འཇིགས་སྐུལ་པ་སྐོར་ཞིག་ཏ་མ་སི་ཁུར་ཡོད་པའི་ཁོ་ཚོའིAleppo སློབ་ཆེན་ནང་ཤོར་ཡོང་སྟེ། “Allah is great!”(ཨ་ལྷ་ནི་བླ་ན་མེད་པ་གོང་ན་མེད་པ་ཡིན)ཞེས་ཁ་ནས་ཀུ་ཅོ་འདོན་ཞིང་ལག་ཏུ་མེ་མདའ་བཟུང་སྟེ། ཁོ་ཚོའི་དགེ་རྒན་ཆེན་མོ་དེ་གནས་དེ་ཉིད་དུ་བསད་པར་མ་ཟད། ད་དུང་ཞེ་སྡང་གིས་བེམ་པོ་དེ་ལ་མེ་མདས་བསྟུད་མར་བརྒྱ་ལྷག་བརྒྱབ། དོན་རྐྱེན་དེས་ཁོང་ཉིད་ཧོན་ཐོར་བཅུག དེ་དང་འབྲེལ་ནས་ལྷ་དེ་ནི་རང་གིས་འདོད་པའི་ལྷ་དེ་མིན་ལ། ཆོས་དེ་ཡང་རང་གིས་འདོད་པའི་ཆོས་དེ་མིན་པ་ཁོང་གིས་གཞི་ནས་རྟོགས་ཤིང་། སྔོན་ཆད་རང་གིས་རིལ་གྱིས་དང་ལེན་བྱས་པའི་ཨི་སི་ལམ་གྱི་རིག་གནས་ཡོད་ཚད་ལ་དོགས་སློང་བྱེད་འགོ་ཡང་དུས་དེ་ཉིད་ནས་བརྩམས།
ཆོས་ལུགས་དེ་འདྲ་གཙུག་ཏུ་བཀུར་བའི་རྒྱལ་ཁབ་ལས་བྲོས་བྱོལ་བྱས་ཏེ། དཔལ་ཡོན་ངོ་མ་ཞིག་འཚོལ་རྒྱུའི་དམ་བཅའ་སྔ་ས་ནས་སེམས་ལ་བཀོད་ཡོད་པས། 1989 ལོར་ཁོང་སྟངས་དཔྱལ་དང་ཕྲུ་གུ་ཚོ་ལུ་ཟི་ཨན་ཅི་ལེ་རུ་འབྱོར། ས་དེ་རུ་ཁོང་གིས་སེམས་ཁམས་རིག་པར་སྦྱང་བ་བྱས་ཤིང་། ཕྱིས་སུ་སེམས་ནད་གསོ་དཔྱད་ཀྱི་ལས་ཀ་གཉེར། ཁོང་གིས་རྟག་པར་དྲ་རྒྱའི་སྟེང་རྩོམ་ཡིག་བྲིས་ཏེ་ཐལ་མཐར་ལྷུང་བའི་ཨི་སི་ལམ་པ་དག་དང་རྩོད་པ་བྱེད་ཅིང་། གནས་ཚུལ་དེ་ཕྱིས་སུ་ཕྱེད་གླིང་བརྙན་འཕྲིན་ལས་ཁུངས་ཀྱིས་ཤེས་རྗེས། ཁོང་བརྙན་འཕྲིན་གྱི་རྩོད་ཤགས་ལེ་ཚན་དུ་གདན་འདྲེན་ཞུས། ཁོང་གིས་ཐོག་མཐའ་བར་གསུམ་དུ་རང་དབང་གི་རིན་ཐང་མཆོག་ཏུ་འཛིན་ཅིང་། ཨི་སི་ལམ་ཆོས་ལུགས་ཀྱི་ཞན་ཆ་ལ་བག་ཚ་བ་མེད་པར་མཛུབ་མོ་འཛུགས་པ་རེད། མ་ཟད་ཁོང་ཉིད་ཁ་ཤུགས་ཆེ་ཞིང་ངག་སྒོ་ཡངས་པ། རིག་པ་རྣོ་ཞིང་རིགས་ལམ་གསལ་བའི་ཁར། གཉོམ་ཕྲ་མོ་ཙམ་ཡང་མི་འཁུར་བས་ན། ཁོང་གི་མདུན་སར་ཨ་རབ་མཁས་པ་རྣམས་ཀྱི་ངག་ལྕེ་རང་ཤུགས་སུ་ལྐུགས་པར་འགྲོ། རྒྱུ་རྐྱེན་དེའི་དབང་གིས་ཁོང་ལཨི་སི་ལམ་ལྷའི་རིག་པ་མཁན་ཚོའི་དགྲ་གཤེདདུ་འབོད་ཀྱི་ཡོད།
ལྷག་པར་ད་ལོའི(2006)ཟླ2 པའི་ཚེས 21ཉིན་ལ། ཁོང་གིས་ཕྱེད་གླིང་བརྙན་འཕྲིན་གྱི་ལེ་ཚན་དུ་ཨེ་ཅིབ་ཀྱི་ཨི་སི་ལམ་ཆོས་པ་རྣམས་དང་རྩོད་པ་བྱས་པ་དེ་ནི་ངོ་མཚར་ཅི་བས་ཆེ་ཞིང་། བར་ཤརགསར་ལམ་ཞིབ་འཇུག་ཁངགིས་ལེ་ཚན་དེའི་དུམ་ཚན་ཞིག་དྲ་རྒྱའི་སྟེང་བཀོད་འཕྲལ་གྲགས་འགུལ་ཆེན་པོ་བྱུང་། སྐད་རིགས་སྣ་ཚོགས་ཀྱི་དྲ་ཚུགས་མང་པོས་ལེ་ཚན་དེ་འདྲེན་བཀོད་བྱས་ཤིང་། Memri TVགཅིག་པུའི་སྟེང་ལེ་ཚན་དེ་ཉིད་ཕབ་ལེན་བྱས་གྲངས་ཁྲི་བརྒྱ་ལས་བརྒལ་འདུག་ལ། googleནང་ཁོང་གི་གནས་ཚུལ་སྐོར་གྱི་ཡིག་བྱང་གྲངས་ཀ་ཁྲི་བརྒྱ་ལྷག་ལ་སླེབས་འདུག མ་ཟད་ཉི་མ་རེར་མྱུར་ཚད་ཧ་ལམ་ཁྲི་བཅུས་འཕར་སྣོན་འབྱུང་གི་ཡོད་ཁར། དེར་འབྲེལ་གྱི་དཔྱད་གཏམ་ཡང་ཁྲི་སྟོང་མང་པོར་སླེབས་ཤིང་། དེ་དག་ཁྲོད་མི་ལ་ལས་ཁོང་ལདུས་རབས་གསར་པའི་ལྷ་མོཞེས་བསྔགས་བརྗོད་བྱས་འདུག
ལེ་ཚན་དེ་ལས་ཨ་རབ་ཡུལ་ལ་རེ་བ་ཡོད་པ་ཤེས་ཐུབ་པར་མ་ཟད། རིགས་རྒྱུད་མི་གཅིག་པ་ཡིན་ན་འདྲ། རིག་གནས་རྒྱབ་ལྗོངས་ཐ་དད་པ་ཡིན་ན་འདྲ། སྒེར་གཅོད་ཀྱི་སུན་གཙེར་ཚ་ནན་འོག་གནས་ཤིང་ས་ཆ་མི་འདྲ་བར་འཚོ་བའི་མི་ཚོགས་གང་ཞིག་ཡིན་ནའང་། གང་དེ་འགྲོ་བ་མི་ཞིག་ཡིན་ཕྱིན། སེམས་བསམ་པའི་གཏིང་ནས་རང་དབང་ལ་རེ་འབོད་དང་། དཔལ་ཡོན་ལ་རེ་སྨོན་བྱེད་ངེས་པའང་ལས་སླ་མོས་རྟོགས་ཐུབ།
 
དཔལ་ཡོན་བར་འགྲན་རྩོད་ལས་འགལ་རྩོད་མེད།
 
ཝ་ཧྥའ་སུལ་ཐན་གྱིས་ཧར་ཝུར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཧུན་ཀྲིན་ཀྲོན་[2]་གྱི་ལྟ་བ་ལས་ལྷག་པའི་ལྟ་བ་གཞན་ཞིག་བཏོན་པ་འདི་ལྟ་སྟེ། དཔལ་ཡོན་ཕན་ཚུན་བར་འགྲན་རྩོད་ལས་འགལ་རྩོད་རྩ་བ་ནས་མེད་ཅེས་པའོ། ཁོང་ལྟར་ན་ཨི་སི་ལམ་ཆོས་ལུགས་ནི་དཔལ་ཡོན་ཞིག་མ་རེད། གང་ཡིན་ཟེར་ན། ཆོས་ལུགས་དེས་མི་རྣམས་གདུག་རྩུབ་དང་དམར་གསོད་ཀྱི་ལམ་དུ་བཀྲི་བས་རེད་ཟེར། ཁོང་གིས། ཀུ་རན་གསུང་རབ་ཏུ་འཛམ་གླིང་འདིར་ཨི་སི་ལམ་ཆོས་ལུགས་ལ་དད་མོས་མི་བྱེད་མཁན་ཐམས་ཅད་དྲག་པོའི་དམག་འཐབ་ལ་བརྟེན་ནས་མུ་ཟི་ལིམ་དུ་བསྒྱུར་དགོས་ཞེས་གསལ་བོར་བཀོད་འདུག་ཟེར། ཁོང་གིས། ཨི་སི་ལམ་དང་ཡ་ཧུ་དཱ་པ་གཉིས་བསྡུར་ཏེ། ཡ་ཧུ་དཱ་པ་རྣམས་ཀྱིས་དཀའ་སྡུག་ཆེན་པོ་གང་མང་མྱངས་ཏེ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་འཁྱམས་མྱོང་ཡོད། ད་ལྟ་ཁོ་ཚོར་འཛམ་གླིང་མི་མང་གི་གུས་བཀུར་ཐོབ་པ་ནི། ཁོ་ཚོས་གདུག་རྩུབ་དང་གདུག་གསོད་ལ་བརྟེན་ནས་བྱུང་བ་མ་ཡིན་པར། དེ་ལས་ལྡོག་སྟེ་རྡོག་རྩ་གཅིག་བསྒྲིལ་གྱིས་འཇིག་རྟེན་ཁམས་འདིར་ཤེས་བྱ་ཡོན་ཏན་ཕུལ་བ་ལ་བརྟེན་ནས་བྱུང་བ་རེད། འོན་ཀྱང་མུ་ཟི་ལིམ་གྱིས་སངས་རྒྱས་ཆོས་ལུགས་ཀྱི་སྐུ་རྟེན་ཤུལ་མེད་རྩ་བརླག་གཏོང་བ་སོགས་ལས་གཞན་ཅི་ཞིག་ཤེས་སམ་ཟེར།
ཁོང་གིས་མགྲིན་པ་གཟེངས་སུ་བཏེགས་ནས། ང་ཚོ་སུས་ཀྱང་ཡ་ཧུ་དཱ་པ་ཞིག་གིས་གཞན་གྱི་ཆོས་ཁང་བརླགས་པ་མཐོང་མ་མྱོང་། ང་ཚོ་སུས་ཀྱང་ཡ་ཧུ་དཱ་པ་ཞིག་གིས་མི་གསོད་པ་ལ་བརྟེན་ནས་ངོ་རྒོལ་བྱས་པ་མཐོང་མ་མྱོང་། ང་ཚོ་སུས་ཀྱང་སངས་རྒྱས་ཆོས་ལུགས་པ་ཞིག་གིས་ཨི་སི་ལམ་ལྷ་ཁང་མེར་བསྲེགས་པ་དང་མུ་ཟི་ལིམ་བསད་པ། གཞན་གྱི་གཞུང་ཚབ་ཁང་ལ་རྒོལ་བ་བྱས་པའང་མཐོང་མ་མྱོང་། མུ་ཟི་ལིམ་ཁོ་ནས་སོ་སོའི་ཆོས་ལུགས་ཀྱི་ཕྱིར་དུ། གཞན་གྱི་ཆོས་ཁང་མེར་སྲེག་པ་དང་མི་གསོད་པ། གཞན་གྱི་གཞུང་ཚབ་ཁང་ལ་གཏོར་བརླག་བྱེད་པ་རེད་ཅེས་བཤད།
མཇུག་མཐར་ཁོང་གིས་མུ་ཟི་ལིམ་ཐམས་ཅད་ལ། མུ་ཟི་ལིམ་གྱིས། ཁོ་ཚོར་བརྩི་བཀུར་བྱེད་དགོས་པའི་རེ་བ་ཕར་གཞན་ལ་མ་བཏོན་གོང་དུ། མིའི་རིགས་ལ་ལེགས་སྐྱེས་ཅི་ཞིག་འབུལ་རྒྱུ་ཡིན་པ་ཚུར་རང་ལ་ངེས་པར་འདྲི་དགོསཞེས་འབོད་སྐུལ་བཏང་འདུག
ཁོང་གིས་ཨི་ཟི་རེལ་རླུང་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས། ཨི་སི་ལམ་གྱི་རྒྱལ་ཁམས་སུ་ཕོ་དབང་རིང་ལུགས་པའི་གཉའ་གནོན་ཚད་མེད་མྱོང་བཞིན་པའི་ཨ་རབ་ཀྱི་སྐྱེས་མ་རྣམས་ལ་ནི་སྔར་བས་ལྷག་བསམ་ཟོལ་མེད་ཀྱིས། ངས་ཨི་སི་ལམ་ཡུལ་གྱི་སྐྱེས་མ་རེ་རེ་ལ་བཤད་འདོད་པ་ནི། སྣེ་འདྲེན་ངོ་མ་ནི་ཁྱོད་ཉིད་ཡིན་པས། གལ་ཏེ་ཁྱོད་ཀྱིས‘རླངས་འཁོར’ལ་ཁ་ལོ་བྱས་ཏེ། ང་ཚོའི་མི་རབས་གསར་པ་བདེ་བླག་ངང་དམིགས་སར་མ་བསྐྱལ་ཚེ། ང་ཚོའི་མི་དམངས་ལ་ཐར་ལམ་ཡེ་ནས་ཡོད་མི་སྲིད་ཅེས་པ་དེ་ཡིན། ཞེས་འབོད་སྐུལ་བཏང་འདུག
 
ཁྱེད་ཀྱིས་ཚེ་སྲོག་སྐྱེད་ཐུབ་ན། ཚེ་སྲོག་ལ་སྲུང་སྐྱོབ་
ཀྱང་བྱེད་ཐུབ་ངེས་ཡིན།
 
ཝ་ཧྥའ་སུལ་ཐན་གྱིས་སྐྱེས་མའི་རང་བཞིན་ནི་དྲག་རྩུབ་དང་བཙན་ཤེད་མ་ཡིན་པར། ཞི་དུལ་དང་དཀྱེལ་ཡངས་ཡིན་ཞེས་ནན་ཏན་དུ་བཤད་འདུག ཁོང་ན་རེ། ཨི་སི་ལམ་གྱི་སྐྱེས་པ་ཚོས་ཕམ་ཁ་མ་གཏོགས་གཞན་ཅི་ཡང་ར་སྤྲོད་བྱས་མྱོང་མེད། ཁོ་ཚོས་ཁྱོད་ཚོ་བས་མཐའ་རུ་དེད་རྗེས། ཁྱོད་ཅག་ཁྲིད་དེ་འགྲོ་ས་ནི་སྡུག་བསྔལ་གྱི་མེ་འོབས་ཡིན་པ་དེ་སྐྱེས་མ་རེ་རེས་ངེས་པར་ཤེས་དགོས་ལ། རང་མགོ་རང་འདོན་བྱེད་དགོས་པའང་སྐྱེས་མ་རེ་རེས་ངེས་པར་ཤེས་དགོསཟེར་བ་དང་། ཁྱེད་ཀྱིས་ཚེ་སྲོག་སྐྱེད་ཐུབ་ན། ཚེ་སྲོག་ལ་སྲུང་སྐྱོབ་ཀྱང་བྱེད་ཐུབ་ངེས་ཡིནཞེས་ནས་བཤད་འདུག
ཁོང་གིས་གསོང་བོར་བརྗོད་དོན། ངས་བསྒྲུབ་འདོད་པ་ནི། ང་ཚོའི་མི་དམངས་ཀྱི་བསམ་གཞིགས་བྱེད་སྟངས་བསྒྱུར་རྒྱུ་དེ་ཡིན། རྒྱུ་མཚན་ནི་ཁོ་ཚོ་ཨི་སི་ལམ་ཆོས་ལུགས་ཀྱི་མི་གཏའ་རུ་གྱུར་ནས་དུས་རབས་14 འགོར་སོང་།མི་གཏའ་རུ་གྱུར་ཟིན་པའི་སྐྱེ་བོ་སུ་ཞིག་ཡིན་ཀྱང་བཙོན་སྲོལ་གཏོར་ཏེ་བཙོན་ཁང་ནས་བྲོས་ཐར་བྱེད་ཐུབ་ཐབས་མེད་པས་ན། ཕྱི་ལོགས་ཀྱི་མི་ཚང་མས་ཁོ་ཚོ་བཙོན་ལས་ཐར་བར་རོགས་སྐྱོར་བྱས་ན་འགྲིག”ཟེར།
ཝ་ཧྥའ་སུལ་ཐན་ཞག་མ་གཅིག་གི་ཡུན་ལ་འཛམ་གླིང་གསར་འགྱུར་བརྒྱུད་ལམ་ཁག་གི་དོ་སྣང་བྱ་ཡུལ་དུ་གྱུར། 《ནེའུ་ཡོག་དུས་བབ་ཚགས་པར》དང་། 《ལུ་ཟི་ཨན་ཅི་ལེ་དུས་བབ་ཚགས་པར》CNN བརྙན་འཕྲིན། ཧྥ་རན་སིའི《འཛམ་གླིང་ཚགས་པར》ཨི་ཟི་རེལ་གྱི་རླུང་འཕྲིན་ལས་ཁུངས་སོགས་ལས་ཁོང་གི་གནས་ཚུལ་སྤེལ་འདུག་ལ། དེ་དང་འབྲེལ་ནས《ཝ་ཧྲིང་ཐོན་དུས་བབ་ཚགས་པར》དུ་ཁ་བྱང་ལརྒྱལ་ཁོངས་ཨ་རི་ནས་ཡིན་པའི་ཨ་རབ་ཀྱི་སྐྱེས་མ་དཔའ་ངར་ཅནཞེས་པའི་ཆེད་བརྗོད་སྤེལ་འདུག ཕྱེད་གླིང་བརྙན་འཕྲིན་ལེ་ཚན་དུ་ཁོང་གིས་ཨི་སི་ལམ་གྱི་ལྷའི་རིག་པ་མཁན་ཚོར་རྩོད་པ་བྱས་པ་དེ་སྐད་རིགས་མི་འདྲ་བ་སྣ་ཚོགས་སུ་བསྒྱུར་ཏེ། མི་ཁྲི་སྟོང་མང་པོས་སྦྱར་བྱང་བྲིས་ནས་གླེང་མོལ་བྱས་པ་དང་། དེ་ནི་ཉེ་བའི་ཆར་དྲ་ལམ་གསར་འགྱུར་ཆེ་གྲས་ཁྲོད་ཀྱི་གཅིག་རེད།
《ནེའུ་ཡོག་དུས་བབ་ཚགས་པར》དུ། ཝ་ཧྥའ་སུལ་ཐན་གྱི་དཔའ་སྤོབས་ལ་ནུབ་གླིང་གི་རང་དབང་རྒྱལ་ཁབ་ཀྱི་མི་རྣམས་ཀྱིས་གུས་སྨོན་བྱེད་ཀྱི་ཡོད་པར་མ་ཟད། ཁོང་གིས་མུ་ཟི་ལིམ་ཉུང་ཤས་ཤིག་གིས་ལྐོག་ཏུ་མ་གཏོགས་བཤད་མི་ཕོད་པའི་སྐད་ཆ་དག་མངོན་སུམ་འཛེམ་མེད་ཀྱིས་བརྙན་འཕྲིན་ལས་བཤད་པ་ལ། མུ་ཟི་ལིམ་རྒྱལ་ཁབ་ཀྱི་བཅོས་བསྒྱུར་མཁན་དག་གིས་ཀྱང་བསྟོད་ར་བྱེད་ཀྱི་ཡོད་པ་རེད། ཅེས་བཀོད་འདུག
དེ་ལྟ་ནའང་། ཁོང་གིས་མུལ་ལའ་རླུང་ཁམས་ཅན་ཚོའི་སྡང་ཟུག་ཀྱང་བཟེད་དགོས་བྱུང་། 《ནེའུ་ཡོག་དུས་བབ་ཚགས་པར》དུ་བཀོད་དོན། འཛམ་གླིང་ཡུལ་གྲུ་ཁག་གི་ཨི་སི་ལམ་ཆོས་པ་ཚང་མས་ཁོང་ལ་བཤུང་གིན་འདུག་ལ། ཁོང་གི་ཁྱིམ་གྱི་ཁ་པར་གྱི་སྐད་འཇོག་སར་འཇིགས་སྐུལ་གཏོང་བའི་སྐད་ཆ་རྒྱུན་མི་ཆད་དེ། དཔེར་ན། འོ། ཁྱོད་ད་དུང་ཤི་མེད་དམ། ཚེ་ཟད་མ་ཁྱོད་ཀྱིས་སྒུགས་སྡོདཅེས་པ་དང་། ཡང་ལ་ལསE འཕྲིན་བསྐུར་ཡོང་སྟེ། མི་ཞིག་གིས་ཁྱོད་གསོད་རྒྱུ་རེད། དེ་ང་ཡིན། ཞེས་པ་ལྟ་བུ་རེད། ཨི་རན་གྱི་ཧོ་མེ་ནེ་[3] ཡིས《བདུད་ཀྱི་སྙན་ངག་གི་བསྟན་བཅོས》ཀྱི་རྩོམ་པ་པོ་ར་ཞི་ཏེ་[4] བསྒྲལ་རྒྱུའི་བཀའ་ལུང་བསྒྱུར་པ་ལྟར། ཕྱེད་གླིང་བརྙན་འཕྲིན་གྱི་རྩོད་ཤགས་ལེ་ཚན་དུ་ཕམ་ཁ་མྱངས་པའི་མུལ་ལའ་ཚོས་ཀྱང་ཁོང་ལ་ཆོས་ཀྱི་བཀའ་ཆད་གཏོང་གྲབས་འདུག
འོན་ཀྱང་ཁོང་ལ་ཞེད་སྣང་གང་ཡང་སྐྱེ་ཡི་མེད། ཁོང་གིས《ནེའུ་ཡོག་དུས་བབ་ཚགས་པར》ལ་བཤད་དོན། ཤེས་ཡོན་གྱིས་ང་རང་བསམ་བློ་རྗེས་ལུས་དེ་ལས་ཐར་དུ་བཅུག་ཅིང་། མུ་ཟི་ལིམ་མི་དམངས་ཀྱང་དད་པ་སྐྱོན་ཅན་དེ་ལས་བཅིངས་འགྲོལ་གཏོང་མཁན་ཞིག་མེད་ན་ག་ལ་འགྲིགཟེར། ཁོང་གིས་ཨ་རབ་ཀྱི་ཡི་གེས་དཔེ་ཆ་དེབ་གཉིས་བྲིས་མྱོང་། མིག་སྔར་དབྱིན་ཡིག་གི་ལམ་ནས་དཔེ་ཆ་གསུམ་པ་དེ་བྲིས་ཚར་ལ་ཉེ། དེའི་ཁ་བྱང་ལ《བྲོས་ཐར་བཙོན་མ་ན་རེ། ལྷ་དེ་དོན་གྱིས་བདུད་ཅིག་ཡིན་ན》ཟེར། 《ནེའུ་ཡོག་དུས་བབ་ཚགས་པར》དུ། དཔེ་ཆ་འདི་དཔར་སྐྲུན་བྱས་རྗེས། ཨ་རབ་རྒྱལ་ཁམས་དེ་ཕུ་དཀྲུག་མདའ་དཀྲུག་ཅིག་བྱེད་ཡོང་ཐག་ཆོད་རེདཟེར།
ཁོང་གི་ཨ་མ་དང་ནུ་བོ་སོགས་ད་དུང་སི་རི་ཡ་རུ་བསྡད་ཡོད། ཁོ་ཚོས་ཡུལ་ཐ་ལིན་དུ་སྡོད་པའི་ནུ་མོ་བརྒྱུད་ནས་སྐད་སྐུར་བ་མ་གཏོགས་ཁོང་དང་ཐད་ཀར་འབྲེལ་གཏུགས་བྱེད་ཕོད་ཀྱི་མེད། ཁོང་གིས་བརྙན་འཕྲིན་དུ་ཨི་སི་ལམ་ཆོས་ལུགས་ལ་སྐྱོན་བརྗོད་བྱས་རྗེས། ནུ་བོ་གཉིས་ཀ་སི་རི་ཡའི་གསང་བའི་ཉེན་རྟོག་པས་ཁྲིད་སོང་སྟེ་འདྲི་རྩད་བྱས། དེ་ཡིན་ཀྱང་ཝ་ཧྥའ་སུལ་ཐན་གྱིས་བཤད་རྒྱུར། ང་རང་ལ་ཞེད་སྣང་མེད། ང་རང་ཉིད་ཀྱི་ལྟ་བ་ལ་ཡིད་ཆེས་ཡོད། ལས་འདི་ནི་ལེ་དབར་སྟོང་གི་རྒྱང་སྐྱོད་ཅིག་དང་འདྲ་ལ། གོམ་པ་དང་པོ་དང་དཀའ་ཁག་ཆེས་ཤོས་ཀྱི་མལ་ལེ10 དེ་ང་བགྲོད་ཚརཟེར།
སྐྱེས་མ་འདི་ཡིས། ཨ་རབ་འཇིག་རྟེན་ཧྲིལ་པོ་མངོན་མཐོར་བསྟད་དོ། །
 
 
ལྷ་མོ་སྐྱབས་ཀྱིས་ཞུ་དག་བྱས།
2007.04.06 ཉིན་གྲུབ།
·གསར་འགྱུར་གོང་མ:དབྱིན་བོད་དམག་འཁྲུག་ལས་ཐོབ་པའི་ལོ་རྒྱུས་ཀྱི་བསླབ་བྱ།
·གསར་འགྱུར་འོག་མ:འབྲུག་པའི་སྐད་ཡིག་བོད་ཡིག་ཡིན་མིན་སྐོར།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ཆ་འཕྲིན་ལག་རྩལ་གྱི་ཆེད་མཁས་དགེན་བཀྲ་ཤིས་རྒྱལ་ལ་མྱ་ངན་ཞུ། 2016/11/6 15:52:45
·བི་ཀྲ་མ་ཤཱི་ལ། 2016/4/8 15:44:09
·མདོ་ཁམས་ས་ཡི་ཐིག་ལེ་བྲག་གཡབ་ལྗོངས་ཀྱི་གནས་ལུགས་མདོ་ཙམ་བརྗོད་པ། 2016/3/7 18:22:43
·ཨ་དཀོན་རིན་པོ་ཆེའི་གཞན་ཕན་དགེ་ལས་མུ་མཐུད་ནས་མཇུག་སྐྱོང་གནང་རྒྱུ་ཡིན་པ། 2016/2/24 23:13:06
·གཅེས་ཕྲུག་ཤེས་རབ་ཟླ་བ་ལ་སྤྲིངས་པ། 2015/10/28 12:35:46
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:valfxmehpv
zq0feu  <a href="http://obujpwswktst.com/">obujpwswktst</a>, [url=http://xeknteqdetyz.com/]xeknteqdetyz[/url], [link=http://sxxqssiizxgt.com/]sxxqssiizxgt[/link], http://rzhlnsumbnpa.com/
发表时间:2016/6/11 15:25:06 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS