ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

རྗེས་དྲན་གྱི་མིག་ཆུ། པཎ་ཆེན་རིན་པོ་ཆེར་རྗེས་དྲན་ཞུ་བ།

[རྩོམ་པ་པོ:རྒྱལ་ཡོན་གྱིས།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2014/1/28 20:38:52  བཀླགས་ཐེངས:2850][ཡིག་གཟུགས:ཡིག་གཟུགས་མདོག]
     པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག་སྐུ་གཤེགས་ནས་ལོ་ངོ་༢༥འཁོར་བར་རྗེས་དྲན་ཞུ།

                      

                      རྗེས་དྲན་གྱི་མིག་ཆུ། 
 
                      རྒྱལ་ཡོན་གྱིས།
 
ཁྱོད་ཞལ་གྱི་ཉི་མའི་དཀྱིལ་འཁོར་དེ།།
གློ་བུར་དུ་ནུབ་རིར་ཕྱོགས་པའི་དུས།།
གངས་ལྗོངས་ཀྱི་མཐའ་དབུས་ཕྱོགས་ཀུན་ལ།།
མུན་པ་ཡི་སྤྲིན་ནག་དེ་འཁྲིགས་སོང་།།
ཁྱོད་གསུང་གི་བདུད་བརྩིའི་དང་མ་དེ།།
རྐྱེན་དབང་གིས་འབབ་རྒྱུན་ཆད་པ་དང་།།
དད་ལྡན་གྱི་བོད་ཕྲུག་ཁྲི་འབུམ་ལ།།
ཚ་གདུང་གི་དཀའ་སྡུག་སླར་ཕྱུར་སོང་།།
ཁྱོད་ཡིད་ཀྱི་ལ་རྒྱའི་འོད་སྣང་དེ།།
གངས་རི་ཡི་དབུ་རྩེར་མ་འཕྲོས་ནས།།
ཕ་གཞིས་ཀྱི་གཅེས་ནོར་ཡོད་ཚད་དེ།།
རྐུན་པོ་ཡིས་བཙན་འཕྲོག་བྱས་ནས་སོང་།།
དེ་རིང་གི་མིག་ཆུའི་བཞུར་སྒྲ་འདི།།
སྙན་དབང་དུ་གསན་པ་གནོངས་རྒྱུ་དང་།།
སྔོན་བྱོན་གྱི་ཕྲེང་བའི་རྒྱུན་བཟང་ལྟར།།
གངས་ལྗོངས་ཀྱི་བསྟན་འགྲོ་སྐྱོབ་རོགས་མཛོད།།
རྒྱལ་ཐང་ཡོན་ཏན་གྱིས་༢༠༡༤/༠༡/༢༨ཉིན།

གངས་ལྗོངས་ཞི་བདེས།
མ་མཇལ་ལོ་ཟླ་འགོར་སོང་། །མྱུར་དུ་མཇལ་བའི་སྨོན་ལམ།།
ནག་པོ་མདོག་གཅིག་གིས། གང་སྐུ་ཉི་མ་གཞོན་ནུ།།
མ་དབང་ནུབ་རིར་བརྒལ་ཡང་།། ཞུམ་མེད་སྙིང་སྟོབས་གསོན་པོ།།
ཆོལ་གསུམ་སྤུན་ཟླའི་སེམས་ལ།། རྟག་བརྟན་བགྲེས་རྒུད་བྲལ་ཡོད།།
མི་ཡུལ་མགྲོན་པོས།  
པཎ་ཆེན་ལགས།
རབ་དཀར་གངས་རིའི་ལྗོངས་ཀྱི་ཡང་རྩེ་ནས། །
འགྲོ་བའི་ལམ་སྟོན་སྣང་བྱེད་འོད་ཀྱི་མདངས། །
གློ་བུར་མི་མངོན་དབྱིངས་སུ་ཡིབ་བྱས་པས། །
གླིང་འདིའི་ཁོར་ཡུག་སྨག་མུན་མཚན་མོར་སྣང་། །
མཉམ་མེད་མཛད་ཆེན་དོན་གཉིས་མ་ནོར་བ། །
ཁ་བའི་ཁྱིམ་འདིར་སྐྲུན་མཁས་མགོན་པོ་གང་། །
ད་དུང་བརྙན་གཟུགས་ནང་ན་འཛུམ་པ་སོགས། །
མཐོང་བའི་མོད་ལ་དྲན་པས་མཆི་མ་ལྷུང་། །
དེ་ཕྱིར་དམ་པ་ཀུན་གྱི་ཐུགས་བསྐྱེད་འོག །
ཡང་སྤྲུལ་ཉི་མ་གཞོན་ནུའི་གཟི་མདངས་འོད། །
ནག་ནོག་སྤྲིན་པས་སྒྲིབ་གཡོགས་དང་བྲལ་ནས། །
རིང་མིན་གངས་རིའི་ལྗོངས་འདིར་གསལ་བར་སྨོན། །
༢༠༡༣/༡༢/༢༡ཉིན་ཅང་མེད་བུ་ལོས།
ས་རྦ་བྷ་དྲས།
དགུང་སྔོན་པོ་བེདྲུརྱ་རང་མདངས་ནས།།ཁྲི་གདུགས་ཀྱིས་འཛུམ་མདངས་ངོམ་པའི་དུས།།
མགོན་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི།།ལྷག་བསམ་གྱི་མཛད་ཕྲིན་ཝ་ལེར་དྲན།།
ཁོང་རེ་ཞིག་ནུབ་རིར་གཟིམས་ན་ཡང།།སླར་ཡང་ཡང་འཆར་བའི་སྨོན་འདུན་ཞུ།།
གངས་སྨྱུག་གིས།
བརྩེ་བའི་ཡུམ་ཆེན།
ངས་ཁྱེད་རང་འཚོལ་ན་འདོད།
སྨུག་པོ་བོད་ཀྱི་བདེ་སྡུག་ལ་ལུས་སེམས་བྲེལ་བའི་བརྩེ་བའི་ཡུམ་ཆེན
ཁ་བའི་འདབ་མ་འཐོར་བའི་མཚན་མོ་དེར
ཆར་བ་ཟམ་ཟིམ་འབབ་པའི་ཉིན་མོ་དེར
ཧི་མ་ལ་ཡི་ཞིང་ཁམས་ནས
ཁྱེད་རང་གང་དུ་བཞུད་སོང་།
རིན་པོ་ཆེ།
ཁྱེད་རང་ང་དང་མི་རིགས་ལ་བརྩེ་བའི་དབང་གིས
ཁ་སང་གི་ལོ་རྒྱུས་ལ་གས་ཆག་ཤོར་བའི་དུད་ཁྱིམ་རེ་རེ་ནས
གས་ཤུལ་དག་ལ་ལྷན་པ་བཙལ་ཞིང
ང་དང་ངའི་མི་རིགས་ཀྱི་བདེ་སྡུག་གླེང་ཞོར
ཁྱེད་རང་གང་དུ་བཞུད་ཟིན
རིན་པོ་ཆེ།
མྱི་ཁའི་དམྱལ་ཁམས་ཀྱི་སྤྱི་ཚོགས་ན
ཁྱོད་ཀྱི་བརྩེ་སེམས་ལ་སྔས་པའི་དྭ་ཕྲུག་ངས
ལན་རེ་ཀི་རིང་ཞིག་ངག་ནས་ཤོར་ལ
མིག་ཆུ་རེ་ལག་པས་ཕྱི་ཞོར
ཡིག་འབྲུག་ཁྲི་བདུན་མའི་ཤོག་ལྷེ་རེ་ཀློག་ནས་
ཁྱེད་རང་འཚོལ་གྱིན་ཡོད
ཀུན་དགའ་ཡིས། 
ཁ་བའི་ཕོ་རྒོད་སྣང་མཐའི་ཐུགས་ཀྱི་འཕྲུལ། །ཡང་དར་བསྟན་པའི་དུང་ཟླ་འོད་དཀར་ཅན། །
གངས་རིའི་བསོད་ནམས་མཁའ་ཡིས་མ་ཐེག་པར། །སྒྲ་གཅན་ཁ་རུ་ཤོར་ནས་ལོ་ཉེར་ལྔ།།
རིག་པ་སེར་པོས།
སྡུག་གི་མུན་པ་འཐིབ་ན་འཐིབ།། ལྕགས་ཀྱི་ཆར་བ་བབས་ན་བབ།།
སྙིང་ཁམས་གདུང་བའི་མེ་ལྕེ་ཡིས།། མི་ཡི་རྒྱལ་ཁབ་གསལ་བར་བྱས།།
སྤྲེའུ་ཕྲུག་ལགས་ཀྱིས།
པཎ་ཆེན་ ལགས། རིན་པོ་ཆེ། ཁྱེད་ཀྱིས་བྲིས་པའི་སྙན་ངག་རེ་ན། ང་དང་ཁ་བའི་ལས་དབང་རེ། ཁྱེད་ཀྱིས་གསུངས་བའི་བཀའ་སློབ་རེའི་ནང་། གངས་ཕྲུག་ཁྲི་འབུམ་མང་པོའི་མདུན་ལམ་རེ། པཎ་ཆེན་ལགས། རིན་པོ་ཆེ། ཁྱེད་ནི་ཕྱི་རབས་བོད་ཕྲུག་ཚ་བོ་མང་པོའི་དུས་ནམ་ཡང་། སེམས་ནང་ནས་བརྗེད་མི་སྲིད་པའི་སྙིང་ནང་གི་ཟུམ་མེད་གྱི་མར་མེ་ཚེ་འབར་དེ་ཡིན། པཎ་ཆེན་ལགས། རིན་པོ་ཆེ།
༢༠༡༤--༢༨  
དྭ་ཕྲུག་ལགས་ཀྱིས།
དྲན་གི་ཡོད།
____ཁམས་སྦྲང་ཆུང་།

སེར་ཆེན་ཉི་མ་རྒྱང་དུ་བཞུད།།དུང་མདོག་ཟླ་བ་ནུབ་ཏུ་ཡལ།།
མུན་ནག་འོག་གི་དྭ་ཕྲུག་ཚོའི།།སྐྱོ་བའི་མཆི་མ་གཏོང་ནས་ཡོད།།
འགྲན་ཟླ་བྲལ་བའི་དཔལ་རྒོད་དེའི།།བརྟུལ་ཕོད་ལྡན་པའི་མཛད་རྗེས་དེ།།
ཧི་མ་ལ་ཡའི་རྩེ་ན་ཡོད།།དཔའ་རྒོད་ཁྱེད་ལ་གུས་འདུད་ཞུ།།
སྨད་རིག་འཛིན་ལགས་ཀྱིས།
བདག་གི་བླ་མ་པཎ་ཆེན་རིན་པོ་ཆེ།། ཁྱེད་ནི་འཇིགས་རྟེན་འདི་ནས་དག་ཞིང་གཤེགས།། ཁྱེད་གྱི་ཞབས་རྗེས་གངས་ཅན་བོད་ལ་བཞག ། འདི་ལ་བསམ་ཚེ་བླ་མ་ཁྱེད་ཉིད་དྲན།། ཐང་ལྷའི་བུ་རྒྱུད་ལགས་ཀྱིས།
ཁྱེད་ཕེབས་པ་སྔ་སོང
ཐང་ལྷའི་བུ་རྒྱུད་ནས།
ཁྱེད་མི་ཡུལ་འདི་ནས་ཞལ་གྱེས་པའི
ཉིན་དེ་ནས་བཟུང་།
ཚ་ཟེར་ཅན་གྱི་ཉི་མ་དམར་པོ
དྲོད་མི་འདུག
ཟེར་རྒྱ་མི་འདུག
དཀར་གསལ་བཅོ་ལྔའི་ཟླ་བར
འོད་སྣང་མི་འདུག
ལྷིང་འཇགས་མི་འདུག
དངོས་གནས་ཁྱེད་ཕེབས་པ་སྔ་སོང་།
ད་ཆ།
ཡིད་འོང་གི་གངས་ལྷ་མེ་ཏོག་ལ
མཛེས་སྡུག་གི
གསོན་ཤུག་རྒྱས་ཐབས་བྲལ་སོང།
གཟི་བརྗིད་ཀྱི
གངས་སེང་དཀར་མོ་ཡང
ང་རོ་ཡི་གཡུ་རལ་ངོམ་ཐབས་བྲལ་ཤག
དངོས་གནས་ཁྱེད་ཕེབས་པ་སྔ་སོང་།
པཎ་ཆེན་མཆོག  རིན་པོ་ཆེ།
རེ་བའི་གངས་ཕྲུག་ལགས་ཀྱིས།
གང་སྐུ་ཉི་གཞོན་དྭངས་མ།།ཡང་གཅིག་འཆར་རྒྱུ་བྱུང་ཡང་།།
ནག་མདོག་ཀླ་ཀློའི་སྤྲིན་པས།།བསྒྲིབས་ནས་ལོ་མང་འགོར་སོང་།།
སྤྲིན་གྱི་ཕོ་ཉ་ལགས་ཀྱིས།
གངས་རིའི་མི་བུའི་སྙིང་གི་ནོར་བུ།།
ནོར་བུ་མ་བཞུགས་ཡིད་འདི་སྐྱོ་བ།།
སྐྱོ་གདུང་མིག་ཆུ་འདྲེས་མའི་ན་ཟུག
ཁོང་ནས་སྐྱེས་པའི་ལུས་འདི་ལྕི་བ།།
ཁྲབ་རྙིང་ལགས་ཀྱིས།
འབྲོང་རྒོད་དར་མ།
༼པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་ལ་རྗེས་དྲན་དུ༽
ཁྲབ་རྙིང་།༼རྨ་ཆུ༽

གློ་བུར་གློ་བུར་ཞིག་ལ་སེམས་ཀྱི་རྨ་ཁ་རུ།།ཧ་ཅང་ངུ་སྙིང་བྲོ་བའི་ངུ་སྐད་ཕྲ་མོ་བྱུང་།།
སྐྱེ་བ་འཆི་བའི་གོ་རིམ་དར་སྐུད་སྣེ་མོ་ནས།།རྩ་བའི་བླ་མ་དྲན་པའི་སྙིང་ལ་ན་ཟུག་ལྷུང་།།
གློ་བུར་གློ་བུར་ཞིག་ལ་ཉལ་ཁྲིའི་སྟེང་ནས་ལྷུང་།།རྨི་ལམ་ཀྱག་ཀྱོག་ལམ་ཁའི་བར་མདོ་ནས།།
རྩ་བའི་བླ་མ་དྲན་པའི་རྨི་ལམ་རྨིས།།མཆི་མ་རང་དབང་མེད་པར་ཐེངས་གཅིག་བཞུར།།
གློ་བུར་གློ་བུར་ཞིག་ལ་དཔེ་དེབ་ལག་ནས་ཤོར།།རང་དབང་མེད་པར་ངུ་སྐད་གདང་དབྱངས་ཕྱུང་།།
ཁོར་ཡུག་ཀུན་ཀྱང་གུས་གུས་ཞུམ་ཞུམ་བྱེད།།ཐ་ན་རྩྭ་དང་སྲོག་ཆགས་གང་རུང་ངུས།
༢༠༡༤ ༡ ༢༡ཉིན་ལ།
དབང་མེད་གངས་ཕྲུག་ལགས་ཀྱིས།
ཁ་བ་བོད་པའི་སྙིང་ནོར།། པཎ་ཆེན་བོད་པའི་ལྷ་དར།།
ཁྱེད་ཀྱི་སྐུ་ལུས་ཉི་མ།། མ་བཞུགས་ཞིང་ལ་ཕེབས་སོང་།།
ལ་རྒྱའི་སྙིང་སྟོབས་འབར་བའི།།ཀུན་གཟིགས་པཎ་ཆེན་བླ་མ།།
མ་བཞུགས་ཞིང་ལ་བཞུད་སོང་།།བོད་ཡུལ་མུན་པས་ཁེངས་སོང་།
འབྲོམ༜མེ་ཕུང་ལགས་ཀྱིས།
_________ཀུན་གཟིགས་པཎ་ཆེན།

ཚངས་སྲས་ལྷ་མོའི་པི་ཝང་ལས་བརྡོལ་བའི་མགུར་དབྱངས་སྙན་མོའི་དབྱངས་རྟ་ལ་བཅིབས་ནས་ཕེབས།།
གངས་ཅན་བོད་ཀྱི་མི་རིགས་ལ་ཞེན་པའི་དུངས་སེམས་དཀར་མོ་རྨ་འབྲི་དང་མཉམ་དུ་བཞུར། །
གནས་ལུགས་དྲང་མོའི་ལྗོན་ཤིང་གི་རྩ་བ་རིན་ཆེན་གསེར་གྱི་ས་གཞི་ལ་ཟུག་ནས་ཡོད། །
སྐད་ཡིག་རིགས་གཞུང་གོང་འཕེལ་དུ་བཏང་བའི་མཛད་འཕྲིན་མཚོ་མོ་གངས་ལྗོངས་ཀྱི་མཁའ་རུ་འཕྱུར།།
 ཀ་ཡ་ལགས་ཀྱིས།
༄།། མགོན་པོ་གང་གིས་མཁྱེན་པའི་འོད་ཞགས་ལས།། སྣ་ཚོགས་ཐབས་ཀྱིས་གངས་རིའི་བསྟན་འགྲོ་ལ།།
མི་ནུབ་རྒྱལ་མཚན་འཛུགས་པའི་པཎ་ཆེན་ལ།། དུང་བས་བསྟོད་ཚིག་ཆུ་བོའི་རྒྱུན་བཞིན་ཕུལ།།
མཐོ་སྒང་གི་བསིལ་རླུང་ལགས་ཀྱིས།
བོད༵་ཆོལ་གསུམ་དོན་དུ་སྐུ་ལུས་བཏང་བས། །
བོད༵་ཁ་བའི་སྐྱབས་མགོན་སྣང་བ་མཐའ་ཡས། །
བོད༵་བསོད་ནམས་དམན་པས་ཞིང་གཞན་ཕེབས་སོང་། །
བོད༵་ཁ་བ་མ་མེད་དྭ་ཕྲུག་ལུང་གང་། །
གཟུར་མིག་ལགས་ཀྱིས།
ཁྱེད་ནི་རིག་པའི་གནས་ཀུན་མཁྱེན་པའི་དུས་རབས་ཉི་ཤུའི་མཁས་པ་ཞིག  ཁྱེད་ནི་རྒོལ་ངན་ཀླད་པ་འགེམས་པའི་མི་རིགས་ཤིག་གི་དཔའ་བོ་དེ།། ཁྱེད་ནི་སྙིགས་མའི་དུས་འདིར་འཁྲུངས་པའི་རྒྱལ་བ་བྱང་ཆུབ་སེམས་དཔའ་ཞིག  ཁྱེད་ནི་བདག་མེད་བོད་པ་འདི་ཡི་སེམས་པའི་དཀྱིལ་གྱི་འོད་ཐིགས་ཉིད།།
མཚོ་སྐྱེས་དུང་ཟླ་ལགས་ཀྱིས།
རྣམ་དཔྱོད་གློག་ཞགས་འཁྱུག་པ་ཡི།།ཤེས་བྱ་ཀུན་ལ་མངའ་བརྙེས་པ།།
བསྐལ་བཟང་འགྲོ་བའི་དཔུང་གཉེན་ཆེ།།དུས་ཀུན་བདག་གི་སྤྱི་བོས་མཆོད།།
གངས་ཁྲོད་མིག་ཆུ་ལགས་ཀྱིས།
གངས་རྒྱན་རུམ་ཐག་གཟོ་གྲྭ་གཙོ་བྱས་པའི། གངས་ཅན་ལྗོངས་སུ་བསྐྲུན་པའི་བྱ་བ་འདི།། གངས་ཕྲུག་ཁྱོད་ཚོའི་མདུན་ལམ་ཆེད་ད་གསུང་། གངས་རི་སློབ་དཔོན་ཆེན་མོ་སླར་ཡང་དྲན། གང་སྐུ་གསེར་ཀྱི་ཉི་མ་མ་ནུབ་དུས། རང་རིགས་དུང་བ་མེད་པའི་ཐ་ཤལ་འགས། མཛད་འཕྲིན་བཟང་ལ་སྟོད་བསྔག་ཚབ་དུ་ནི། ཚོང་པ་རྒྱག་པ་ཞེས་པའི་མཚན་འདི་སྐྱོ།། འཇིགས་མེད་ལགས་ཀྱིས།
དྲན་པའི་གདུང་དབྱངས།།
རི་ལུང་ཁ་ཐག་རིང་བོའི་ས་མཐའ་ནས།།རིགས་ཀྱི་མི་ཚོགས་རྒྱ་མཚོའི་འདུ་ལོང་ཁྲོད།།
རང་གི་བླ་མའི་གསེར་ཞལ་དྲོན་མོ་དང་།།གསེར་ཁྲི་སྟོང་བར་མཐོང་ཚེ་ཡིད་རེ་སྐྱོ།།
དགོས་མེད་ཀླ་ཀློའི་དཔུང་ཚོགས་ཇེ་མང་དང་།།བསམ་མེད་བྱིས་པའི་མགོ་འཕང་མཐོ་བའི་དུས།།
ཡུན་རིང་བདེ་བར་བཤེགས་པའི་སྟོན་པ་དང་།།རྒྱང་རིང་ས་མཐར་བསྐྱལ་བའི་བླ་མ་དྲན།
ཆོས་མེད་བུ་ཡིས་ཆོས་གོས་སེར་བོ་དང་།།གསར་སྐྱེས་བུ་ཡིས་གསར་བ་གླེང་བའི་དུས།།
ལས་ཀྱིས་སོ་སོར་གྱེས་པའི་བླ་མ་མཆོག །མིག་མཐའ་མཆི་མའི་ཁྲོད་ནས་ཡང་ཡང་དྲན།།
བརྩེ་ཞེན་གྱིས།
གངས་ཀྱི་སྨག་ཆེན་འོད་ཀྱི་སྣང་བས་ཕྱེས།།རིགས་ཀྱི་ཟུང་ཁྲག་རྩ་ཡི་ཁམས་ན་རྒྱུ།།
སྐད་དང་ཡི་གེ་སྲོག་གི་ཀ་བར་བརྩིས།།སྤོབས་པའི་གདེང་ཐོབ་སྙིང་གི་འཕར་ལྡིང་གཡོས།།
ཁ་ཡི་མཚོན་ཆ་ཕས་ཀྱི་རྒོལ་བར་བསྣུན།།ཟོལ་མེད་བརྩེ་བ་རིགས་ཀྱི་མེ་ལོང་བརྐོས།།
རླབས་ཆེན་ཕུག་བསམ་རྡོ་རིང་ངོས་སུ་བཞེངས།།དུས་ཀྱི་སྒྲོན་མེ་སྙིང་གི་ནོར་བུ་སྟེ།།
པཎ་ཆེན་ཨེར་ཏི་དྲན་པའི་གདུང་བ་འབར།།
 Wgstinglifre མིང་ཅན་གྱིས།
ལྷག་བསམ་དཀར་པོའི་འོད་མདངས་ཕྱི་རུ་མངོན་པ་ཡིས།།
སྙིང་ཆུང་དམར་པོའི་བརྩེ་སེམས་དུངས་བ་ལྷད་མེད་རེད།།
སྨྲ་ལྕེའི་ཚེམས་ཕྲེང་བར་ན་བརྗོད་པའི་སྙན་ཚིག་རེ།།
ཁྱེད་རང་དྲན་ཐེངས་རེ་ལ་ན་ཟུག་ཁྲི་མ་འབུམ།།
ཟླ་འོད་གཞོན་ནུས།
དུང་ཟླ་ཁྱེད་ནི་གཅེས་པའི་སྙིང་ནོར་དང་། རང་རིགས་ཁ་བ་ཅན་པའི་གསེར་གྱི་ཏོག
གློ་བུར་བདེ་ལྡན་ཞིང་གི་གཞལ་ཡས་སུ། གཤེགས་པ་བོད་ཀྱི་བསོད་ནམས་དམན་ནམ་ཅི།།
ཉི་ཟེར་ནས།
༈ ཆོལ་གསུམ་བོད་པའི་སྲོག་གི་དབང་བོ་དང་མཚུངས་པའི།།
སྲིད་འབྱོར་རིག་གསུམ་ཉི་ཟླའི་འཕེལ་འགྲིབ་ལ་གཟིགས་ཏེ།།
ཟླ་མེད་སྙིང་སྟོབས་ཆེན་པོའི་གོ་ཆ་དེ་མནབས་ནས།།
བསིལ་ལྡན་ལྗོངས་འདི་སྐྱོབ་ཕྱིར་ཞིང་གཞན་དུ་གཤེགས་སོང་།།
ཚེར་གསེབ་བྱིའུ་ལགས་ཀྱིས།
གངས་ཅན་གྱི་སྒྲོན་མེ་ཁྱེད།
སྙེང་རྗེ་བྲལ་བའི་ཐོར་རླུང་དིའི།
གཙན་གྱིས་གཟིམ་པ་ནས་བཟུངས།
སྨག་རུམ་དུ་གྱུར་ཟིན་པའི་གངས་རི་འདི་ད་དུང་སྐྱ་མདའ་མེད།།
ཁ་བའི་ལམ་དམིགས་ལགས་ཀྱིས།
བདེན་པ་འཛུམ་ཟེར་གྱི་ལམ་ནས༎
འདྲ་སྐུ་ཟླ་ཞལ་དེ་མཐོང་དུས༎
མི་ཚེའི་ལ་ཀླུང་འདི་བསྐངས་ཏེ༎
མཇལ་བའི་རེ་འདོད་ཅིག་གནང་སོང་༎
སྐར་འཕྲིན་ལགས་ཀྱིས།
རྨི་ལམ་ནང་གི-----རྒྱལ་སྤྱིའི་དཔའ་བོ།
པཎ་ཆེན་ལགས། ཆོས་ཀྱི་ཉི་མ་རིན་པོ་ཆེ།མུན་སེལ་གྱི་དུང་ཟླ་རིན་པོ་ཆེ།
འཇིག་རྟེན་གྱི་སྒྲོན་མེ་རིན་པོ་ཆེ།
ཁྱེད་རང་གང་དུ་བཞུད།
ཁྱེད་རང་གང་དུ་བྱོན།
ཁྱེད་ཀྱིས་གངས་ལྗོངས་ལ་བཞག་པའི་ཞབས་རྗེས་རེ་རེ།
ཁྱེད་ཀྱིས་བོད་ལ་གནང་བའི་བསླབ་བྱ་རེ་རེ།
ང་ཚོས་དྲན་ཞིང་དྲན་ནས་སེམས་པ་ལྷག་ཏུ་སྐྱོ།
ཁྱེད་རང་བསམ་ཞིང་བསམ་ནས་སེམས་པ་དེ་བས་སྐྱོ།
ཁྱེད་ཀྱིས་གསུང་ཚིག་རྒྱ་མཚོ་ལས་ཀྱང་ཟབ།
ཁྱེད་ཀྱིས་ལྷག་བསམ་གངས་རི་ལས་ཀྱང་དཀར།
ཁྱེད་ཀྱིས་གསུངས་བའི་ཡིག་འབྲི་ཁྲི་བདུན་པོ་བལྟ་ཞིང་བལྟས་ནས་སེམས་པ་དེ་བས་སྐྱོ།
ཀུན་གཟིགས་་་་་་་་་་་་ལགས་རིན་པོ་ཆེ།

2014-1-28 ཉིན་ཞོགས་པའི་དུས་སུ་དྲུང་དགོན་ནང་བསྟན་སློབ་གླིང་དུ་འབའ་སྐར་འཕྲིན་ནས་བྲིས་པའོ།། །།
བུ་སྣང་བ་སྐྱིད་པོ་ལགས་ཀྱིས།
པཎ་ཆེན་ལགས། རིན་པོ་ཆེ། མགོ་ཐོག་ཉི་མ་སེར་པོ་ལྷོ་ཡུལ་ལ་ཕེབས་སོང་།། སེམས་ཀྱི་ཟླ་བ་གཞོན་ནུ་ཀླ་ཀློ་ཡིས་ཁྱེར་སོང་།། མགོན་མེད་ས་ཡ་དྲུག་གི་སྡུག་གནོན་དེ་སེལ་མཁན།། བྱམས་བརྩེའི་འོད་དཀར་གཡོ་བའི་སྒྲོན་མེ་ཞིག་སུ་ཡོད།།
སྤྲིན་གྱི་ཕོ་ཉ་ལགས་ཀྱིས།
སླར་ཡང་དྲན་ཁུ།

སྤྲིན་གྱི་ཕོ་ཉས།
 ''''''''''''''''''''''''''''''''''
གངས་རིའི་མི་བུའི་སྙིང་གི་ནོར་བུ།།ནོར་བུ་མ་བཞུགས་ཡིད་འདི་སྐྱོ་བ།།
སྐྱོ་གདུང་མིག་ཆུ་འདྲེས་མའི་ན་ཟུག།ན་ཟུག་ལྕིའང་སླར་ཡང་དྲན་ཁུ།།
ཆོལ་གསུམ་སྤུན་ཟླའི་སེམས་ཀྱི་ཉི་མ།།ཉི་མ་མ་གསལ་ཡིད་འདི་སུན་ཁུ།།
སུན་སྣང་ཁེངས་བའི་ཡིད་སེམས་སྐྱོ་ཁུ།།སྐྱོ་ངལ་དྲག་པོས་སླར་ཡང་དྲན་སོང་།།
གངས་རི་ལྗོངས་ཀྱི་འགྲན་མེད་དཔའ་བོ།།དཔལ་བོ་པཎ་ཆེན་སྣང་བ་མཐས་ཡས།།
མཐས་ཡས་འགྲོ་བ་སེམས་ཅན་ཀུན་ཀྱིས།།ཀུན་གཟིགས་མཚན་འདི་སླར་ཡང་དྲན་ཁུ།།
 
གོང་གི་རྗེས་དྲན་གྱི་མིག་ཆུ་ལ། མཆན་བཀོད་ཀྱི་རྩོམ་ཡིག་སྤེལ་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ། སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྒྱལ་བ་ཡབ་སྲས་ཀྱིས་རྗེས་སུ་བཟུང་བའི་སྨོན་ལམ་འདེབས། །རྒྱལ་ཡོན་ནས།
ཁྱིའུ་ཆུང་བློ་གྲོས་ཡང་རྩེས།
༄།།ལྷ་མིའི་རྣམ་འདྲེན་འོད་མཐའ་ཡས།།གདོང་དམར་སྐྱེ་བོའི་ཟོལ་འཛིན་པ།།ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་ཆེ།།མགོན་པོ་མཆོག་ཁྱོད་ཅིས་མི་དྲན།། གང་གསུང་ལེགས་བཤད་དཔལ་གྱི་གོས།།རྐྱེན་དབང་རླུང་གིས་གཏོར་ནའང་།།འགོག་མེད་བྱིན་ནུས་དྲི་ཞིམ་བཅུད།།གངས་རིའི་བུ་ཡི་ཡིད་ན་འཁྱིལ།།བསིལ་ལྗོངས་བོད་ཀྱི་ལས་དབང་ལ།།ཉིད་ཀྱི་ཁུར་དང་མཚུངས་པ་གཞན།།ཕྲ་མཐོང་འཕྲུལ་གྱི་མེ་ལོང་གིས།།བལྟས་ཀྱང་འདི་ན་ཡོད་རེ་ཀན།།ཟབ་རྒྱས་ཆོས་ཀྱི་སྦྲང་ཆར་ཆེ།།དངོས་འབེབས་གོ་སྐབས་ཕྲ་ནའང་།།ཡེ་ཤེས་ཉི་མའི་མཛད་འཕྲིན་རླབས།།དུས་ཀྱི་མཐར་ཡང་ཇི་ལྟར་ལྷོད།།ཁྱེད་ཀྱི་མཛད་ཀུན་ལྟ་ཅི་སྨོས།།གསུང་གི་ཆ་ཟུར་རེ་ལའང་།།རྒྱལ་བསྟན་སྲུང་དང་རྒོལ་ངན་འཇོམས།།འཕགས་པས་ཀྱང་ནི་དཔོག་པར་དཀའ།།ཚེ་དང་རབས་སུ་རྒྱལ་བ་འོད་དཔག་མེད།།འཕྲིན་ལས་འོད་ཟེར་བདག་དང་གཞན་ལ་འཕོས།།ཁ་བ་རི་ཡི་ལས་དབང་དང་འབྲེལ་བའི།།སངས་རྒྱས་བསྟན་ལ་ཞབས་ཕྱི་བསྒྲུབ་པར་ཤོག།། བདག་སོགས་དེང་ནས་བྱང་ཆེན་མ་ཐོབ་བར། གངས་ཅན་མགོན་པོ་རྒྱལ་དབང་ཡབ་སྲས་དང་། མི་འབྲལ་རྒྱལ་བའི་ཆོས་ཚུལ་ཀུན་བཟུང་ནས། བསྟན་དང་འགྲོ་བའི་དོན་ཆེན་ལྷུར་ལེན་ཤོག དགེའོ།།
སྟག་ཕྲུག་ནས།
རླབས་ཆེན་གྱི་དབུ་འཛིན། ནང་ཆོས་ཀྱི་བསྟན་འཛིན། བོད་པ་ཡི་ཡིད་འཛིན། སྤྱི་པ་ཡི་དད་འཛིན། ཁྱེད་ནི་ངའི་ཡིད་སེམས་སུ་ནོར་འཛིན་ས་ཡི་ཐིག་ལེའི་ཕོ་བྲང་པོ་ཏ་ལ་དང་། ཏི་སེའི་གངས་དཀར། མ་ཕམ་གཡུ་མཚོ་བཞིན་རྟག་ཏུ་གནས།
འཕྲིན་ལས་དར་རྒྱས་ནས།
༄། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལགས། ཁྱེད་ཉིད་ཀྱི་བརྗིད་ཉམས་ལྡན་པའི་གཟུགས་སྐུའི་བཀོད་པ་ངེད་ཚོའི་མཇལ་ཡུལ་དུ་མེད་ན་ཡང་། ཁྱེད་ཉིད་ཀྱི་བྱམས་བརྩེའི་ཐུགས་ཁུར་ནི་ངེད་གངས་ཅན་པ་རྣམས་དང་ནམ་ཡང་བྲལ་མྱོང་མེད་ལ། ད་དུང་མི་འབྲལ་བར་ངེས། བཀའ་སློབ་ཞལ་རླངས་དྲོན་མོ་རེ་རེས། ཁྱེད་ཉིད་ཀྱི་ཐུགས་དགོངས་དེ་གསལ་བར་མཚོན་ངེས།།
·གསར་འགྱུར་གོང་མ:ཨན་དྲོ་མ་ལག་ཁ་པར་ནང་བོད་ཡིག་ལེགས་པར་འཆར་བ་བླུག་ཚུལ།
·གསར་འགྱུར་འོག་མ:པཎ་ཆེན་སྐུ་ཕྲེང་བཅུ་བ་རྗེས་དྲན་པད་དཀར་ཆུན་པོ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 6:21:25 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 8:51:29 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 13:11:03 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS