ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> རིག་ཐིཊ
  གསར་འགྱུར་ཀློག་པ།

འཛམ་གླིང་དང་བོད་ཀྱི་རི་མོའི་ཕྲན་དཔྱད།༢

[རྩོམ་པ་པོ:རྨེ་གྲྭ་  ཡོང་ཁུངས:དྲ་ཐོག  དུས་ཚོད:2014/3/23 14:19:48  བཀླགས་ཐེངས:1221][ཡིག་གཟུགས:ཡིག་གཟུགས་མདོག]
  འཛམ་གླིང་དང་བོད་ཀྱི་བཟོ་རིག་པའི་རི་མོའི་འཕོ་འགྱུར་དང་མྱོང་གྲུབ་སྐོར་གྱི་ཕྲན་དཔྱད།༢
 

ནུབ་གླིང་རི་མོས་དངོས་འབྲི་བྱེད་པ་གཙོ་ལ།  རྒྱ་ནག་རི་མོས་དོན་མཚོན་བྱེད་པ་གཙོ།  བོད་ཀྱི་རི་མོས་མཛེས་མཚོན་བྱེད་པ་གཙོ་བོར་འཛིན་པའི་ཁྱད་པར་ནི་ད་སྔོན་བྱུང་བའི་རི་མོ་དག་གི་སྡོམ་ཚིག་ཡིན།
དགུ།  ལག་ལེན་གྱི་ཁྲོད་དུ་རི་མོའི་རྣམ་གྲངས་མང་དུ་དར།
༡  ལྡེབས་རིས།
  ལྡེབས་རིས་ནི་བྱུང་སྔ་ཤོས་ཀྱི་གྲས་ཡིན། བྲག་ཕུག་དང༌། ཕོ་བྲང༌། ལྷ་ཁང༌། བང་སོ། ར་བ་དང་ཚོམས་ཆེན་སོགས་ཀྱི་ལྡེབས་ངོས་སུ་བྲིས་ནས་ཁོར་ཡུག་ལ་མཛེས་ཆ་སྤྲས་ཡོད་པ་དེ་དག་ནི་ལྡེབས་རིས་རེད། གནའ་ཤུལ་རྟོག་དཔྱོད་པས་མང་དུ་རྙེད་ནས་ལོ་རྒྱུས་རིང་མོ་འཚོལ་གྱིན་འདུག
༢  བརྐོས་རིས།
རྐོ་བྱེད་གཟུང་དང་གྲི་སོགས་སྤྱད་ནས། ཤིང་ལེབ། རག་ལེབ། རྡོ་ལེབ་སོགས་ལ་བརྐོས་པའི་རི་མོ་ལ་བརྐོས་རིས་ཟེར། རི་མོ་འདིའི་ཡུན་ཚད་རིང་ཞིང་ལག་ཚེགས་དཀའ་བ་ཞིག་ཡིན།
༣  ཆུ་ཕྱེ་རི་མོ།
རྡུལ་ཚོན་ནམ་ཕྱེ་ཚོན་ཆུ་དང་སྦྱར་ནས་བྲིས་པའི་རི་མོ་ཞིག་ཡིན། རི་མོ་འབྲི་བར་ཡོ་ཆས་སྟབས་བདེས་ཆོག་ལ་ཚོན་སྦྱར་སླ་བ་དང༌། ཉེ་བར་སྤྱོད་པའི་རི་མོ་ཡིན། དཔེར་ན་རྒྱན་རིས་དང༌། གློག་བརྙན་ཁྱབ་སྒྲོག་རི་མོ། གནས་སྐབས་བཤམ་སྟོན་རི་མོ་དང་ཇུས་འགོད་རི་མོ་སོགས་བཀོལ་གྱིན་ཡོད། རི་མོ་འདིའི་ཡུན་ཚད་ཐུང་བས་གཏན་འཇགས་ལ་ནུས་པ་མེད།
༤  ཆུ་ཚོན་རི་མོ།
ཆུ་ཚོན་རི་མོ་ནི་ཆུ་དང་སྦྱར་བའི་ཚོན་གྱིས་བྲིས་པའི་རི་མོ་ཞིག་ཡིན། ཆུ་དང་ཚོན་དེ་ཤོག་བུའི་སྟེང་དུ་སིམ་པའི་བྱེད་རྐྱེན་གྱི་ཐོག་ནས་སྒྱུ་རྩལ་གྱི་ཉམས་ཐོན་ཡོད་པ་ཞིག་ཡིན། དེ་ལ་ཕྱི་ནང་གསལ་ཞིང་གཤེར་ཆ་དོད་ལ་འཁྱག་པའམ་བསིལ་བའི་ཉམས་ཤིག་རང་ཤུགས་ཀྱིས་གནས།  ཆུ་ཚོན་རི་མོ་དེ་གཙོ་བོ།  ཡུལ་ལྗོངས་དང༌།  རི་ཆུ་ཁོར་ཡུག་སོགས་བརྟན་འཇགས་བྱེད་པའི་དངོས་པོ་འབྲི་བར་དགེ་མཚན་ལྡན།  རི་མོ་འདི་ཡོ་རོབ་གླིང་ནས་དར་ཞིང་དེང་སྐབས་མང་ཆེ་བ་དགའ་བ་དང་འབྲི་བའི་རི་མོ་ཞིག་ཀྱང་ཡིན།
༥  སྣུམ་ཚོན་རི་མོ།
སྣུམ་ཚོན་རི་མོ་ནི་ལོ་ངོ ༦༠༠ ཡར་སྔོན་ཞིག་ནས་ཡོ་རོབ་གླིང་ནས་དར་བ་ཞིག་ཡིན།  འདི་ལ་རས་གཞི་དེང་སྐབས་དམིགས་བསལ་བ་ཞིག་ཡོད་པ་ལ་སྣུམ་རིས་རས་གཞི་ཟེར་བ་དེ་ཡིན། ཤོག་བུ་སོགས་ཀྱིས་ཀྱང་དོད་ཐབས་བྱེད་ཀྱིན་ཡོད། རི་མོ་འདི་འབྲི་སྐབས་ཐོག་མར་རྨང་གཞི་ཐིག་རྩའི་སྒྲོམ་གཞི་དང༌། སྐྱ་རིས་ཀྱི་གྲུབ་ཆ་དག་ནི་ཆེས་གཙོ་བོ་ཞིག་ཡིན། རི་མོ་འདིའི་ལོང་ཆ་གཙོ་བོ་ནི་རྟོག་འཛིན་རིང་ལུགས་པའི་རི་མོ་འབྲི་ཐབས་ཡིན། འདི་ནི་སྣུམ་ལ་དྭངས་པའི་ཚོན་མདངས་ཡོད་པར་མ་ཟད། རྒྱང་རིང་ནས་བལྟས་ན་ལྷག་ཏུ་མཛེས། དེང་སྐབས་མང་ཆེ་བ་དགའ་བའི་རི་མོ་ཞིག་ཀྱང་ཡིན།
༦  ཨ་མཚར་རི་མོ།
ཨ་མཚར་རི་མོ་ནི་བལྟས་ན་དགོད་བྲོ་ལ་བསམ་ན་དོན་སྣ་ཚོགས་མཚོན་ཐུབ་པ་དང༌། གཙོ་བོ་ཟུར་ཟའི་ཉམས་དང་ལྡན་པའི་རི་མོ་ཞིག་ཡིན།  རབ་རྟོག་དང་སྒྲོ་འདོགས་མང་བའི་བརྗོད་བྱ་མཚོན་པར་བྱེད་པ། ཟུར་ཟ་དང༌། ཀུ་རེ། སྐྱོན་བརྗོད།  དྲིལ་སྒྲོག  སྐུལ་སློང༌། འཕྱ་སྨོད་སོགས་ཀྱི་དོན་སྟོན་པས་དེངས་རབས་སྤྱོད་སྒོ་ཆེ་བར་མ་ཟད། ཟུར་ཟའི་རི་མོའང་ཟེར།  འདི་ལ་བྱིས་པ་ན་གཞོན་ཚོ་ལྷག་ཏུ་ལྟ་འདོད་དང་འབྲི་འདོད་ཡོད་པའི་རི་མོ་ཞིག་ཡིན།
༧  བར་བཅུག་རི་མོ།
རབ་བཅུག་རི་མོ་ནི་གཙོ་བོ་རྩོམ་ཡིག་གི་མགོ་མཇུག་དང་བར་དུ་འཇུག་ཆོག་པའི་གསལ་བཤད་རི་མོ་ཞིག་ཡིན། སྐབས་དེའི་རྩོམ་ཡིག་རང་རང་གི་ནང་དོན་ལ་གཞིགས་ནས་རི་མོ་བས་གསར་རྩོམ་བྱེད་དགོས་པས། དེ་ལ་རང་རྐྱ་འཕེར་བའི་སྒྱུ་རྩལ་གྱི་རིན་ཐང་ལྡན་ཡོད། ཀློག་པ་བོས་རྩོམ་ཡིག་དང་རི་མོ་མཉམ་འབྲེལ་བྱས་ཏེ་བལྟས་ན་གོ་བ་གསར་བ་ཞིག་མཚོན་ཐུབ་པ་དེ་ལ་བར་བཅུག་རི་མོ་ཟེར།  འདིའང་དེང་དུས་སྤྱོད་སྒོ་ཆེ་ནའང་མང་ཆེ་བར་བར་བཅུག་རི་མོའི་བྱེད་ལས་ལྡན་གྱིན་མེད།
༨  མཚོན་རྟགས་རི་མོ།
མཚོན་རྟགས་རི་མོ་ནི་དེང་རབས་སྤྱི་ཚོགས་དང་གྲོང་ཁྱེར་དག་ན་སྤྱོད་སྒོ་ཆེ་བའི་རི་མོ་ཞིག་ཡིན།  དཔེར་ན།  འཛམ་གླིང་རི་དྭགས་སྲུང་སྐྱོབས་ཐེབས་རྩ་ཚོགས་པས་ཚོགས་རྟགས་རྒྱ་ནག་གི་དོམ་ཁྲའི་གཟུགས་བྲིས་ནས་བཀོད་ཡོད་པ་ལྟ་བུ་ནི་མཚོན་རྟགས་རི་མོ་ཡིན། དོམ་ཁྲའི་རི་མོ་དེས་འཛམ་གླིང་རི་དྭགས་སྲུང་སྐྱོབས་ཐེབས་རྩ་ཚོགས་པ་ཡིན་པར་མཚོན་ཐུབ་ཀྱིན་ཡོད།  དེ་བཞིན། རྒྱལ་མཚམས་དང་། གནམ་གྲུ་ཐང༌། དངུལ་ཁང༌། བཟོ་གྲྭ ལྕགས་ལམ། གཞུང་ལམ།  མྱུར་སྐྱོད་ལམ་སོགས་སོ་སོར་མཚོན་རྟགས་རི་མོ་རེ་ཡོད་པ་ལྟ་བུ་དག་ནི་མཚོན་རྟགས་རི་མོ་ཡིན།  དེ་བཞིན་དྲིལ་སྒྲོག་རི་མོ་དང་ལོ་སར་དང་དགའ་སྟོན་རི་མོ་སོགས་བྱེ་བྲག་མང་དུ་ཡོད་ཀྱང་གོང་གི་རི་མོའི་རིགས་དག་ལས་གཞན་དུ་མེད་པས་ཟུར་ལས་རྟོགས་པར་བྱ་དགོས།
༩  སྲོལ་རྒྱུན་རི་མོ།
དེང་སྐབས་རྒྱལ་སྤྱིའི་སྟེང་རྒྱ་ནག་རི་མོ་དང༌། ནུབ་གླིང་རི་མོ། བོད་ཀྱི་རི་མོ་ཞེས་རི་མོའི་བརྩམས་ཚོས་ཆེན་པོ་གསུམ་གྱི་ཡ་གྱལ་བོད་ཀྱི་སྲོལ་རྒྱུན་རི་མོའམ་དོན་མཚོན་རི་མོ་ནི་རི་མོ་བའི་མཛེས་ཆོས་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་འབྲི་ཐབས་གཞན་ན་མེད་པའི་རི་མོ་ཞིག་ཡིན་ལ། གཙོ་བོ་རི་མོ་འདིའི་ངོ་གདོང་ནས་དངོས་འབྲི་དང་འདྲ་རིས་བྱེད་པ་མི་གཙོ་བར་ལྷ་སྐུ་དང་ཡུལ་ལྗོངས་སྲོག་ཆགས་སོགས་སེམས་ལྡན་དང་སེམས་མེད་གང་ཡིན་ཡང་མཛེས་རིས་སྒྱུ་རྩལ་ཞིག་གི་ལམ་ནས་བྲིས་ཏེ་དེ་དག་སོ་སོའི་བྱ་དངོས་རེ་མཚོན་གྱིན་ཡོད།  ཡ་མཚན་པའི་མཛེས་རིས་སྒྱུ་རྩལ་དེས་འཇིན་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་རི་མོའི་ལམ་དུ་ཕབས་ཚེ་བལྟས་ན་མཛེས་ཤིང་ཡིད་སེམས་འཕྲོག་པ་ཞིག་ཏུ་སྒྱུར་ཐུབ་པར་མ་ཟད་ལྷ་སྐུའི་རི་མོ་འབྲི་ཐབས་ཀྱིས་དད་ལྡན་མང་ཚོགས་ལ་ལྷག་ཏུ་དང་བའམ་དགའ་བ་དབང་མེད་ཅིག་ཀྱང་སྟེར་ཐུབ།  ཞིབ་ཏུ་རོལ་མྱོང་བྱས་ན་རི་མོ་འདིའི་གྲུབ་ཆ་རེ་རེའི་བར་ནས་ཞིབ་ཚགས་ལྡན་པའི་ཐུན་མིན་ཁྱད་ཆོས་མང་དུ་རྟོགས་ཐུབ་པར་མ་ཟད་མཚོན་དོན་ཀྱང་མི་འདྲ་བ་སྣ་ཚོགས་ཡོད།
སྨི་གྲུ་བཞི་གཅིག་གི་ངོས་ཀྱི་རི་མོ་ལའང་རྒྱ་ནག་དང་ནུབ་གླིང་གི་རི་མོ་བས་ཞིག་ཚགས་ཇི་ལྟར་བྱས་ཀྱང་ཉིན་འགའི་ནང་རི་མོ་ཧྲིལ་བོ་གྲུབ་ཐུབ།  བོད་ཀྱི་རི་མོ་ནི་སྨི་གྲུ་བཞི་མ་གཅིག་ལ། ཟླ་ཐང་དང་ལོ་ཐང་ཞེས་དུས་ཡུན་རིང་བོའི་བར་དུ་བྲིས་ཀྱང་མི་འགྲུབ་པའི་གྲུབ་ཆ་རེ་རེའི་བར་ན་ཧ་ཅང་ཞིབ་ཚགས་དང་ཁྱད་ཆོས་ཐུན་མིན་ལྡན་པའི་རི་མོ་ཞིག་ཡིན།
༡༠  མཛེས་རྩལ་ཡིག་གཟུགས།
  ཡིག་གཟུགས་རི་མོ་ནི་རི་མོ་བའི་པིར་རྩེའི་སྒྱུ་རྩལ་གྱི་འཁྱུག་སྟངས་སམ་ཆ་ཤས་ཤིག་སྟེ།  རི་མོ་འདིའི་ངོ་གདོང་ནས་ཡིག་གཟུགས་དང་རི་མོའི་མཛེས་ཆ་གཉིས་རོལ་མྱོང་བྱེད་ཐུབ་པར་མ་ཟད། ད་དུང་རི་མོ་དེའི་སྒྱུ་རྩལ་གྱི་ཆ་ནས་དབྱིབས་གཟུགས་འདྲ་མིན་དང་འབྲི་ཐབས་མཚོན་དོན་སོགས་མང་བོ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ་པའི་བྱེད་ལས་ལྡན།
དཔེར་ན། དགེ་འདུན་ཆོས་འཕེལ་གྱིས་རང་མིང་ཞིག་བྲིས་པ་ལ། ལ་ཏིང་དང་བོད་ཡིག་གཉིས་ཀྱི་སྟེང་ནས་མིང་དེ་ཇི་བཞིན་ཀློག་ཐུབ་པའི་ཁྱད་ཆོས་ཡོད་པ་ལྟ་བུ་དག་ལ་མཛེས་རྩལ་ཡིག་གཟུགས་ཟེར།
༡༡  ཟུར་ཟའི་རི་མོ།
ཟུར་ཟའི་རི་མོ་འདི་ངོ་གདོང་ནས་འཇིག་རྟེན་གྱི་ཆོས་ཉིད་ལས་བརྒལ་ཏེ་བྲིས་པ་མང༌། ད་དུང་བལྟས་ན་དགོད་བྲོ་བ་དང་འཕྱ་འོས་པ་སྐྱུག་བྲོ་བ་ངོ་ཚ་བ་ཀུ་རེའི་ཉམས་སོགས་ཉམས་མི་འདྲ་བ་སྣ་ཚོགས་མཐོང་ཐུབ་པར་མ་ཟད། བསམ་ན་རི་མོ་འདིའི་དངོས་ཤུགས་གང་རུང་ཞིག་ན་མི་རིགས་ཀྱི་རིག་གནས་དང་འཚོ་བ། བསམ་བློ་ཀུན་སྤྱོད་སོ་སོའི་གཤིས་ཀ་སོགས་སྐྱོན་གྱི་ཆ་དག་ཐེར་འདོན་དང་སྒྲུབ་མི་འོས་པའི་བྱ་བ་དེ་དག་ལ་ཟུར་ཟ་དང་འཕྱ་སྨོད་ཕྲག་དོག་བྱེད་ཀྱིན་ཡོད་པར་མ་ཟད། མི་ཚེའི་བརྒྱུད་རིམ་ཁྲོད་བྱ་སྤྱོད་ངན་པའི་རིགས་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཏེ་བསྒྱུར་བཅོས་གཏོང་བྱེད་ཀྱི་སློབ་གསོའི་གྲུབ་ཆ་ཞིག་ཀྱང་ཡིན།  མི་རབས་ཤིག་གི་རྗེས་ནས་བལྟས་ན་དུས་རབས་དེ་གའི་མིའི་རིག་གནས་དང་འཚོ་བ་ལ་རྒྱུས་ལོན་བྱེད་ཐུབ་པའི་ནུས་པ་ཞིག་ཀྱང་ལྷན་སྐྱེས་སུ་ཆགས་ཡོད།
༡༢  མཚོན་དོན་རི་མོ།
མཚོན་དོན་རི་མོ་ནི་ང་ཚོ་མིའི་རིགས་ཀྱི་འཚོ་བ་དང་བར་ཐག་ཧ་ཅང་ཉེ་བའི་སྒྱུ་རྩལ་གྱི་རི་མོ་ཞིག་ཡིན་ལ། བརྩམས་རིས་འདིའི་ཁྱད་ཆོས་གཙོ་བོ་ནི་ངོ་གདོང་ནས་རི་མོའི་སྒྱུ་རྩལ་ཙམ་ལས་རོལ་མྱོང་བྱེད་མི་ཐུབ་ལ། ངོ་གདོང་གི་རི་མོ་དེའི་ཕ་རོལ་ལམ་རྒྱབ་ལྗོངས་ལ་ཟུར་ལྟ་བྱས་ཚེ་ད་གདོད་བསམ་ཡུལ་ལས་འདས་པའི་ལྐོག་གྱུར་གྱི་གསང་བ་གང་མང་ཞིག་ཁྱབ་བསྒྲགས་དང་གསལ་བཤད་ཐེར་འདོན་སོགས་བྱེད་ཀྱིན་ཡོད།
ང་ཚོའི་འཚོ་བ་དངོས་ཀྱི་ཟུར་ཁ་རེ་རེ་ན་མངོན་ལྐོག་གང་རུང་དུ་གསལ་བའི་བསམ་བློ་དང་ཀུན་སྤྱོད་ངན་པ་དག་ལས། རྐུ་འཕྲོག གཡོ་སྒྱུ་དང༌། རྫུན་ལས། མགོ་སྐོར། བསླུ་བྲིད། ལུགས་མེད་དང་དྲག་གནོན། བཀའ་ལོག གདུག་རྩུབ་སོགས་དྲང་བདེན་གྱི་ལམ་ལས་རྒྱང་དུ་གྱེས་པའི་སྤྱོད་ངན་གང་མང་ཞིག་ལ་རྣག་ཐོག་ཁབ་དང་ནད་ཐོག་སྨན་སྟེར་བ་ལྟར་སྐྱོན་བརྗོད་བྱས་ཏེ་དྲང་བདེན་གྱི་ཁ་ཕྱོགས་སྟོན་གྱིན་ཡོད།
༡༣  སྒྱུ་རྩལ་རི་མོ།
སྒྱུ་རྩལ་རི་མོ་ནི་རི་མོ་བའི་བརྩམས་ཆོས་ཁྲོད་ཀྱི་སྒྱུ་རྩོམ་བརྩམས་ཆོས་ལ་ངོས་འཛིན་བྱེད་པ་ཡིན་ལ།  རི་མོ་འདི་མང་ཆེ་བ་ངོ་གདོང་ནས་རོལ་མྱོང་བྱེད་མི་ཐུབ།  རི་མོ་འདི་དངོས་ཡོད་འཚོ་བ་ལ་གཞིར་བཞག་སྟེ་འབྲི་དགོས་པའི་ངེས་པ་མེད་པར་མ་ཟད་འཇིག་རྟེན་ན་མི་སྲིད་པ་དང་མཐོང་ཐོས་སུ་མ་གྱུར་བའི་རྟོག་བཏགས་ཀྱི་བརྗོད་བྱ་ཞིག་བེད་སྤྱད་དེ་རིག་འཕྲུལ་གྱི་ཁྱད་ཆོས་འདོན་བཞིན་ཡོད། ངོ་མཚར་བ་དང་ཧ་ལས་དགོས་པའི་ཚོར་སྣང་སྟེར་ཐུབ་པར་མ་ཟད་དངོས་ཤུགས་གང་རུང་ནས་གནས་ལུགས་ངོ་མཚར་ཅན་སྣ་ཚོགས་ཀྱི་གསང་བརྡ་གཏོང་བཞིན་ཡོད།
ད་དུང་རི་མོ་ལ་ལ་འབྲི་མཁན་རང་གིས་ཀྱང་འགྲེལ་རྒྱག་མི་ཐུབ་པ་དང༌། ལ་ལ་ལྟ་མཁན་མི་འདྲ་བ་བརྒྱས་འགྲེལ་སྟངས་མི་འདྲ་བ་བརྒྱ་བྱེད་པ་དང༌། ཡང་ལ་ལར་སུས་ཀྱང་འགྲེལ་མི་ཐུབ་པ་དང་ཅི་ཞིག་བྲིས་ཡོད་པའང་རྟོགས་མི་ཐུབ་ཀྱང༌། སྒྱུ་རྩལ་གྱི་ཕྱོགས་ནས་འཛམ་གླིང་སྟེང་གསེར་གྱི་རྟགས་མ་ཐོབ་མཁན་མང་བོ་བྱུང་ཡོད།
༡༤  མུ་འབྲེལ་རི་མོ།
མུ་འབྲེལ་རི་མོ་ལ་བྱུང་བརྗོད་རྩོམ་རིག་སྟེ་ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་ཡོད། བརྩམས་ཆོས་འདི་འཚོ་བའི་ཁྲོད་བཀོལ་རྒྱ་ཧ་ཅང་ཆེ་ལ་འབྲི་ཐབས་འདིས་གནའ་དེང་གི་དངོས་ཡོད་ལོ་རྒྱུས་དང༌། ངོ་སྤྲོད། རབ་རྟོག་དང་སྒྲོ་འདོགས་ཀྱིས་སྤྲས་པའི་གནའ་གཏམ་དང་མཚར་གཏམ་སོགས་མང་བོ་ཞིག་མུ་འབྲེལ་གྱི་ལམ་ནས་བརྒྱུད་སྤྲོད་བྱེད་ཀྱིན་ཡོད།
༡༥  དངོས་འབྲི་རི་མོ།
རི་མོ་འདི་མཛེས་ཆོས་དང་རྟོག་བཟོ་ལས་རིང་དུ་བརྒལ་བའི་རང་བཞིན་བྲིས་པའི་རྩོམ་རིག་ཅིག་སྟེ། འཚོ་བའི་ཟུར་གང་རུང་དང་ཕྱི་རོལ་གྱི་ཆོས་དེ་རང་གི་ངོ་བོ་ཇི་བཞིན་བཤུ་འབྲི་བྱས་ཡོད་པས་ད་ལྟའི་འདྲ་པར་གྱི་ཁྱད་ཆོས་ཧ་ཅང་ལྡན་ཡོད། མང་ཆེ་བས་འདི་ལ་དེང་རབས་རི་མོ་དང་གསོན་ལྡན་རི་མོའང་ཟེར། རི་མོ་འདིས་ནང་དོན་དངོས་མཚོན་པར་བྱས་ཡོད་པས་རྒྱབ་ལྗོངས་རྟོགས་དཀའ་བའི་མཚོན་ཐབས་ཀྱིས་བྱུགས་མེད།  དེང་རབས་ཧ་ཅང་འབྲི་འདོད་དང་ལྟ་འདོད་ཆེ་བའི་རི་མོ་ཞིག་ཀྱང་ཡིན། 
༡༦  སྐྱ་བྲིས་རི་མོ།
སྐྱ་བྲིས་རི་མོ་འདི་ནི་རི་མོའི་ནང་གསེས་འབྲི་བྱེད་ཀྱི་སྒོ་ནས་དབྱེ་བའི་བརྩམས་ཆོས་ཤིག་སྟེ། གདོད་མའི་སྐྱ་ཐིག་གི་རི་མོ་དང༌། དེང་རབས་ཀྱི་འབིར་རིས་གཉིས་སུ་དབྱེ་ཆོག་པའི་རི་མོའི་འབྲི་ཚུལ་ཞིག་སྟེ། སྣག་ཚ་དང་ཞ་སྙུག་སོགས་ཁ་དོག་རིགས་གཅིག་གིས་བཙན་ལྷོད་ཀྱི་ཐབས་ལམ་སྣ་ཚོགས་སྤྱད་དེ་རི་མོ་ཧྲིལ་བོ་གྲུབ་ཡོད། རི་མོ་བ་མང་ཆེ་བས་སྒྱུ་རྩལ་བརྩམས་ཆོས་ཀྱི་རྨང་གཞི་དང༌། དང་ཐོག་རི་མོ་འཁྱོང་མིན་གྱི་ཚོད་ལྟའི་འཇུག་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་རི་མོ་དག་ལ་སྐྱ་བྲིས་རི་མོ་ཟེར།
བཅུ།  ཚོན་གྱི་བྱེ་བྲག་དང་ཐ་སྙད་ལའང་སྣ་ཚོགས་ཡོད།
གཞི་ཚོན།
གཞི་ཚོན་ནི་རྩ་བའི་ཚོན་གཞི་དམར་པོ་དང༌། སེར་པོ། སྔོན་པོ་གསུམ་ལ་ཟེར།
རྩ་བའི་ཁ་དོག་གསུམ་པོ་མཉམ་འབྲེལ་བྱས་པ་ལས་གཞན་ཚོན་མདོག་ཀུན་སྡེབ་སྦྱོར་བྱེད་ཐུབ། ཡིན་ནའང་རྩ་བའི་ཁ་དོག་གསུམ་པོ་དེ་གཞན་ཚོན་མདོག་གང་གིས་ཀྱང་སྦྱོར་ཐབས་མེད་པ་ཞིག་ཡིན།
༡  བུ་ཚོན།
ཚོན་གཞི་མི་འདྲ་བ་གཉིས་བསྲེས་ནས་བྱུང་བའི་ཚོན་དག་ལ་བུ་ཚོན་ཟེར།
དམར་དང་སེར་ལས་ལི་ཁྲི། སྔོ་དང་སེར་ལས་ལྗང་གུ། དམར་དང་སྔོན་ལས་རྒྱ་སྨུག་བྱུང་བ་ལྟ་བུ་དག་ལ་བུ་ཚོན་དང་བར་ཚོན་ཡང་ཟེར་བ་ཡིན།
༢  སྦྱར་ཚོན།
ཚོན་གཞི་མི་འདྲ་བ་གསུམ་སོགས་སྦྱར་བ་ལས་བྱུང་བའི་ཚོན་ལ་སྦྱར་ཚོན་ཟེར།
དཔེར་ན། དམར་དང་སེར་སྔོན་གསུམ་སྦྱར་ལ་ལས་ཚོན་ཁ་ཅུང་སྨུག་པའི་ཐལ་མདོག་བྱུང་བ་ལྟ་བུ་དག་ནི་སྦྱར་ཚོན་ཡིན།
༣  ཚོན་གྱི་དྲོ་གྲང༌།
ཚོན་གྱི་དྲོ་གྲང་ནི་ཉི་མ་དང་རྒྱ་མཚོའི་མདོག་ལས་དབྱེ་བ་ཡིན་ཏེ།
ཉི་མ་དང་ཉེ་བའི་དམར་བོ་དང་སེར་བོ། ལི་ཁྲི་སོགས་དྲོ་ཚོན་ཡིན། རྒྱ་མཚོའི་མདོག་དང་ཉེ་བའི། སྔོན་པོ་དང་ལྗང་གུ། མཐིང་ག་སོགས་ནི་གྲང་ཚོན་ཡིན།
༤  ཉེ་བའི་ཚོན།
ཉེ་བའི་ཚོན་ནི་ཁ་དོག་གི་རྣམ་པ་ཕན་ཚུན་ཉེ་བའི་ཚོན་མདོག་རྣམས་ཡིན།  དཔེར་ན། དམར་བོ་དང་ལི་ཁྲི། སྔོན་པོ་དང་ལྗང་གུ་སོགས་ནི་ཉེ་བའི་ཚོན་ཡིན།
འཛམ་གླིང་སྟེང་བོད་ཀྱི་བཟོ་རིག་པའི་ལོ་རྒྱུས་རིང་བ་དང༌། འཛམ་གླིང་གི་སྔོན་ཐོན་རི་མོ་དག་གི་འབྲི་ཐབས་ཅི་ཞིག་སྤྱད་ཚུལ་དང་བོད་ཀྱི་རི་མོའང་དེ་མཚུངས་འཐུས་ཚང་དུ་གཏོང་དགོས་པའི་དོན་རྐྱེན།  བོད་ཀྱི་བཟོ་རིག་པ་འཛམ་གླིང་རང་བཞིན་དུ་ཇི་ལྟར་སྒྱུར་དགོས་ཚུལ། བོད་ཀྱི་རི་མོ་ལ་ལོ་རྒྱུས་རིང་བའི་བདེན་དཔང་འཚོལ་བསྡུ་སོགས་ད་སྔོན་དཔྱད་གླེང་ཉུང་བའི་དོན་འགའ་ཞིག་བོད་ཀྱི་བཟོ་རིག་པའི་རི་མོའི་རྒྱུད་འཛིན་པ་དག་གིས་བསམ་བློའི་ཁ་སྐོང་གི་ཆེད་ཙམ་དུ་ཉུང་ཙམ་དཔྱད་པ་ལགས།
དཔྱད་གཞིའི་ཡིག་ཆ། 
༡  ཀྲུང་གོའི་ཤེས་བྱ་ཀུན་བཏུས་དཔེ་སྐྲུན་ཁང༌། ལོ་རྒྱུས་བཤད་པ།
༢  རིག་གནས་སྒྱུ་རྩལ།
༣  འཛམ་གླིང་གི་ལོ་རྒྱུས། 
༤  བོད་ལྗོངས་བསླབས་གཞི་རྩོམ་སྒྱུར་ལྟེ་གནས། མཛེས་རྩལ།
༥  ལྗོངས་དང་ཞིང་ཆེན་ལྔའི་མཉམ་སྒྲིག་སློབ་གཞི། མཛེས་རྩལ།
༦  ཆམ་ཚང་པདྨ་ལྷུན་གྲུབ།  སྒྱུ་རྩལ་གྱི་དོ་ཤལ།
༧  མེ་ལོང༌། དཔྱད་བརྗོད། བོད་ཀྱི་བཟོ་རིག་པའི་དཔྱད་གླེང་སྣ་ཚོགས་ཀྱི་དེབ།
༨ 
《素描技法与入门》  天津杨柳青画出版社 
༩  《工笔飞禽走兽画技法》  中国美术学院出版社
 
·གསར་འགྱུར་གོང་མ:འཛམ་གླིང་དང་བོད་ཀྱི་རི་མོའི་ཕྲན་དཔྱད།
·གསར་འགྱུར་འོག་མ:འཛམ་གླིང་གི་མི་སྣ་གྲགས་ཅན་གྱི་གཏམ་རྒྱུད་འགྲེམ་སྤེལ་བྱས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 5:54:35 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:02:15 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 7:31:48 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 36 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS