ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> སློབ་གསོ
  གསར་འགྱུར་ཀློག་པ།

ཕྲུ་གུ་གཉོར་སྐྱོང་བྱ་ཚུལ་བཤད་པ།

[རྩོམ་པ་པོ:འབྲུག་མོ།  ཡོང་ཁུངས:མཚོ་སྔོན་བོད་སྐད་དྲ་བརྙན་  དུས་ཚོད:2015/4/10 17:22:28  བཀླགས་ཐེངས:2203][ཡིག་གཟུགས:ཡིག་གཟུགས་མདོག]
ཕྲུ་གུ་གཉོར་སྐྱོང་བྱ་ཚུལ་བཤད་པ།
 
རྩམ་སྒྲིག་པ། འབྲུག་མོ།
 
 དེ་ཡང་བོད་ལུགས་གསོ་རིག་གི་གཞུང་ནས་ཕྲུ་གུ་བཙས་རྗེས་ཇི་ལྟར་སྙོར་སྐྱོང་བྱེད་པའི་ཚུལ་དེ་ལ་བྱིས་པ་ཉེར་སྤྱོད་ཟེར་ཞིང་།བྱིས་པ་ཉེར་སྤྱོད་ཅེས་པ་ནི་མའི་མངལ་དུ་སྦྲུམ་པའི་བྱིས་པ་དེ་ཇི་ལྟར་སྐྱེ་བསུ་བྱེད་ཅིང་།སྐྱེ་ཕྲད་བཀྲ་ཤིས་དང་བཀྲ་མི་ཤིས་པར་བརྟག་པ།དེ་ནས་ལྟེ་བ་བཅད་ཅིང་ལུས་བཀྲུ་བ་དང་ནུ་ཞོ་སྣུན་པ་སོགས་ཟླ་བཅུ་གཉིས་ཀྱི་བར་ལ་ཇི་ལྟར་གཉོར་སྐྱོང་བྱེད་པའི་ཐབས་དེ་ཡིན།
བཙའ་དུས་ཀྱི་རྟགས་ལ་བརྟག་ཅིང་ཤིས་པ་བརྗོད་པ།
མྱུར་དུ་བཙའ་བའི་རྟགས་དེ་རྣམས་བྱུང་བའི་ཚེ་ན་སྨན་པས་མ་བུ་གཉིས་ཀ་འཚོ་ཞིང་བདེ་ཐང་ཡོང་བའི་ཆེད་དུ་མྱུར་དུ་བཙའ་བར་བྱེད་པའི་སྨན་ཞི་བྱེད་བཅུ་གཅིག་སོགས་འཐུང་དུ་བཅུག་ཅིང་རླུང་སེལ་བའི་ཨ་གར་སོ་གཅིག་སོགས་བདུག་པ་དང་།སྐྱེ་བསུ་བྱེད་མྱོང་བའི་ཆེད་ལས་སྨན་པའམ་བུད་མེད་ཀྱིས་སྟོད་མཐོ་བར་བྱས་ནས་ཉལ་ལུགས་དང་བཙིར་ལུགས་སོགས་གསལ་བོར་ལབ་ནས་ཕྲུ་གུ་དེ་བཙས་པ་ཡིན་ན།ཐོག་མར་ཕྲུ་གུའི་བཙས་སྟངས་དང་སྤྱི་བོ་སོགས་ལ་བལྟས་ནས་བཀྲ་ཤིས་པ་དང་བཀྲ་མི་ཤིས་པར་བརྟག་པ་ནི། ལུགས་འབྱུང་ཞེས་མགོ་སྔོན་དུ་སྐྱེས་པ་དང་གན་རྐྱལ་དུ་བྱུང་བ། ཁལྟེ་བས་སྟོད་དཀྲིས་ཤིང་ངུ་སྐད་དྲག་པོར་སྒྲོག་པ། སྤྱི་བོ་རིང་ལ་མགོ་སྲ་བ།མཚོག་མ་ཆུང་བ་སྟེ་སྐྲ་མཚམས་མཐོ་ལ་དཔྲལ་བའི་དབྱེས་ཆེ་བ།ཤ་གཙང་ཞིང་རྣ་བ་གཤོག་པ། ཁ་ལྕེས་ནུ་མ་དྲག་ཏུ་འཇིབ་ལ་འདར་ཞིང་དངངས་པ་དེ་འདྲ་བྱུང་བ་གསོ་སླ་ལ་མི་ནོར་བཀྲ་ཤིས་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་བའི་རྟགས་ཡིན། དེ་རྣམས་ལས་གོ་ལྡོག་ཅིང་སྐྱེས་དུས་ཉིད་ནས་སོ་བཅས་སྐྱེས་པ་དེ་ངན་པར་བཤད། དེ་ནས་སྐྱེས་རྟགས་བཟང་ངན་ལ་མ་བལྟས་པར་སྐྱེས་མ་ཐག་ཏུ་བཀྲ་ཤིས་པའི་ཚིག་འདི་སྐད་བྱིས་པའི་རྣ་བས་གོ་བ་རུ། བདག་གི་བུ་ཁྱོད་སྙིང་ནས་སྐྱེས་པ་ཡིན། ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་གྱུར་ཅིག ཚེ་རིང་དཔལ་ཐོབ་ངན་དགུ་ཐུབ་པ་དང་། མི་ནོར་བཀྲ་ཤིས་བདེ་སྐྱིད་ཕུན་སུམ་ཚོགས།། ཞེས་པ་དེ་ངེས་པར་དུ་བརྗོད་དགོས། ཟླ་ཟེར་ལས་ཀྱང་།ཡན་ལག་ཡན་ལག་ལས་བྱུང་ཁྱོད། སྙིང་ནས་མངོན་པར་སྐྱེས་པ་ཡིན། བདག་ཉིད་བུ་ཞེས་བྱ་བ་ཁྱོད། ལོ་བརྒྱར་ཡང་དག་འཚོ་གྱུར་ཅིག ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་འཚོ། ཚེ་རིང་བ་ནི་ཐོབ་གྱུར་ཅིང་། རྒྱུ་སྐར་ཕྱོགས་དང་མཚན་མོ་དང་། ཉིན་མོས་ཁྱོད་ནི་སྲུང་བར་ཤོག་ཅེས་གསུངས་ཡོད་པ་དེ་བརྗོད་ཀྱང་ཆོག
ལྟེ་བ་བཅད་ཅིང་ལུས་བཀྲུ་སྟངས།
  གོང་དུ་བཤད་པའི་བཀྲ་ཤིས་པའི་ཚིག་དེ་བརྗོད་མ་ཐག་ལྟེ་བའི་ཁྲག་བུ་ངོས་སུ་བཞུར་ལ་སོར་བཞིའི་འོག་ཏུ་བལ་སྐུད་གཙང་མདེང་སྐབས་གཙང་སེལ་བྱས་ཟིན་པའི་སྐུད་པ་བཀོལ་བཞིན་ཡོདལྷོད་ཤིག་གེ་བས་ཡས་མས་གཉིས་སུ་བཅིངས་ཏེ་ཁྲག་མ་ཐིགས་པར་བཅད། སྐབས་འདིར་གཙང་སྦྲ་ལེགས་པོ་བྱེད་མ་ཐུབ་ན་རྗེས་སུ་ལྟེ་ནད་བྱུང་བར་འགྱུར། ལྟེ་བར་གནས་པའི་ཁྲག་དེར་ཡང་བྱིས་པའི་ཟུངས་གནས་ཡོད་པས་ཁྲག་ཐིག་ཏིལ་འབྲུ་ཙམ་ཡང་ཕྱིར་ཤོར་མི་རུང་། རུ་རྟ་དང་ཏིལ་མར་སྦྱར་བ་ལྟེ་བར་བསྐུ། དེ་ནས་བཟའ་མིའམ་སྨན་པ་སོགས་བཀྲ་ཤིས་ཤིང་དོན་འགྲུབ་པ་ཤིག་གིས་པང་དུ་བླངས་ཤིང་། བྱིས་པའི་པགས་མདོག་གསལ་བར་འགྱུར་ཕྱིར་དྲི་བཟང་བོ་ཡོད་པའི་སྤོས་ཆུ་དྲོ་འཇམ་གྱིས་ལུས་ཀུན་དག་པར་བཀྲུས། སྨྲ་མཁས་པའི་ཆེད་དུ་ལྕེའི་ཐོག་ཏུ་གུར་གུམ་གྱིས་ཧྲཱ་ཡིག་བྲི། ས་བདག་ཐུབ་ཕྱིར་གླ་རྩིའི་ཆུ་བླུད། བློ་ཚེ་སྟོབས་སོགས་སྐྱེད་པའི་ཕྱིར་ཤུ་དག་དང་གླ་རྩི། ཨ་རུ་ར། གསེར་གྱི་བྱེ་མ། ཡུངས་དཀར་རྣམས་སྦྲང་ངམ་མར་དུ་སྦྱར་བ་བྱིན། དེ་ནས་བྱིས་པ་ལ་མའི་ནུ་ཞོ་བསྣུན་པར་བྱ་དགོས་ལ། གལ་ཏེ་མའི་ནུ་ཞོ་སྐམ་ན་མ་གཞན་གྱི་ནུ་མ་སྟེར་ཚེ་བུད་མེད་རིགས་བཟང་ལ་ནད་གང་ཡང་མེད་ཅིང་བུ་དེའི་སྲོག་སྐྱོབ་པའི་མའི་ཁམས་ཡོད་ཅིང་སྔར་སྐྱེས་པའི་བུ་མ་ཤི་བའི་མས་ནུ་མ་བླུད་ལ་སྐབས་སུ་རུ་རྟ་དང་མར་སྦྱར་བ་ལྟེ་བར་བསྐུ
བར་དང་ཐ་མའི་བྱ་བ།
   དང་པོ་བཙའ་དུས་ཀྱི་ཉེར་སྤྱོད་རྣམས་གྲུབ་པའི་རྗེས་དེ་ནས་བར་གྱི་བྱ་བའི་རིམ་པ་ནི། བཙས་ནས་ཞག་གསུམ་ལོན་ནས་ལྷ་གསོལ་བ་དང་གཏའ་གཟུགས་པ།སྲུང་བའི་ཆོ་ག་བྱ་བ།ཟླ་ཕུད་ཅེས་ཟླ་རེར་གཏོར་མ་བཤོས་བུ་སོགས་དང་ཆུང་གླུད་བཏང་བ།མིང་གཏགས་པ།རྣ་བ་དབུག་པ།ཟས་དང་སྨན་བསྟེན་ཚུལ།སྤྱོད་ལམ་བུ་རྫིས་ལེགས་པར་བསྐྱང་ཚུལ་བཅས་ལེགས་པར་ཤེས་དགོས།
དེ་ཡང་རྨ་བྱ་རྣམས་ཀྱི་སྤྱི་བོར་མདོངས་སྒྲོ་སྐྱེས་པའི་དུས་དང་བྱིས་པ་རྣམས་ལ་སེའུ་ཞེས་སོ་ཆུང་ཐོག་མ་སྐྱེས་པའི་ཚེ་ལུས་ཀུན་ལ་མི་ན་བའི་ས་ནི་གཅིག་ཀྱང་མེད་པས་དེའི་དུས་སུ་སྦྲང་རྩི་དང་ཨ་བྱག  སྐྱུ་རུ་ར་བཅས་སྦྱར་བའི་ལྡེ་གུ་སོ་རྙིལ་ལ་བྱུགས་ན་མྱུར་དུ་སོ་སྐྱེས་པར་འགྱུར། ཡང་ན་ཨ་བྱག་དང་ཞུ་མཁན། བ་ལེ་ཀཡུངས་དཀར། སེ་རྒོད། སྲན་ཟླུམ་དཀར་པོ།བཙོད་ཁུ་བཅས་མར་དང་ཞོའི་ཁ་ཆུ་རྣམས་བསྡུས་པའི་མར་ནང་དུ་ཡ་བཀྵ་ར་བཏབ་པ་བསྟེན་ན་སོ་སྐྱེས་པའི་དུས་ལས་བྱུང་བའི་ནད་ཀུན་འཇོམས་པར་བྱེད།སྔོན་ལ་ཡ་སོ་སྐྱེས་པའམ་དང་པོ་བཙས་དུས་སོ་སྐྱེས་ཡོད་པ་བཅས་ནི་བཀྲ་མི་ཤིས་པའི་སྔ་ལྟས་ཡིན་པས་སྦྱིན་སྲེག་བྱ་ཞིང་སྐེམ་བྱེད་གཞོན་ནུ་གདོང་དྲུག་གི་གདོན་བཅོས་པར་བྱ།བྱིས་པ་བཙས་ནས་ཟླ་ངོ་བཅུ་གཉིས་ལོན་པ་ན་ལྷ་ལ་གཏང་རག་གི་ཚུལ་དུ་གསོལ་མཆོད་གཏོང་ཞིང་སྔར་བཙུགས་པའི་གཏའ་རྣམས་ཆོ་ག་བཞིན་དུ་དགྲོལ་བའམ་བླངས་པར་བྱའོ།།
 
·གསར་འགྱུར་གོང་མ:ལོ་ཐོ་ལྟ་སྟངས་རྒྱས་པ་ཀུན་གསལ་མེ་ལོང་།
·གསར་འགྱུར་འོག་མ:ཆུང་འབྲིང་སློབ་མའི་སློབ་གསོ་ནང་ཡུལ་སྐད་ལ་དོ་སྣང་བྱ་དགོས་པའི་གླེང་བ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·༼སྨོན་ལམ་ཚིག་མཛོད་ཆེན་མོ།༽རྒྱ་ཡིག་ཏུ་བསྒྱུར་རྒྱུ་ཡིན་པ། 2016/5/18 22:39:55
·གེགས་འཚུབ་ཀྱི་རྗེས་ལ། 2015/4/30 10:32:51
·རིགས་རྒྱུད་ལོཊ་དགར་ལམ་ལུཊ་ལ་མདུན་ལམ་གཏན་ནས་མེད། 2013/6/25 17:10:29
·བདག་ལ་རེ་བའི་རྨི་ལམ་ཞིག་ཡོད། 2013/6/23 12:25:52
·བོད་བརྒྱུད་ནང་བསྟན་དྲ་བརྙན་གཏོང་བའི་གཏམ་བཟང་ 2013/5/10 12:08:48
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།22.46MS