ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> མིང་བརྡ
  གསར་འགྱུར་ཀློག་པ།

ཆུང་འབྲིང་སློབ་མའི་སློབ་གསོ་ནང་ཡུལ་སྐད་ལ་དོ་སྣང་བྱ་དགོས་པའི་གླེང་བ།

[རྩོམ་པ་པོ:ཕྱག་ཕྲེང་ཟླ་བ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2015/4/10 17:42:08  བཀླགས་ཐེངས:1115][ཡིག་གཟུགས:ཡིག་གཟུགས་མདོག]
ཁམས་ཕྱག་ཕྲེང་གི་ཡུལ་སྐད་ལ་དཔེ་བླངས་ནས་ཆུང་འབྲིང་སློབ་མའི་སློབ་གསོ་ནང་ཡུལ་སྐད་ལ་དོ་སྣང་བྱ་དགོས་པའི་གླེང་བ།

                                      ཕྱག་ཕྲེང་ཟླ་བ།

  ཁམས་ཕྱག་ཕྲེང་རྫོང་ནི་ད་ལྟ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ལྷོ་སྣེ་ལ་ཆགས་ཤིང་ཡུན་ནན་ཞིང་ཆེན་རྒྱལ་ཐང་རྫོང་དང་སྡེ་འདྲེས་ཡིན། སྤྱིར་ཕྱག་ཕྲེང་ཞེས་པའི་མིང་དེ་ནི་རབ་བྱུང་བཅུ་གཉིས་པའི་ས་སྟག་ལོར་(༡༦༩༨ལོ་)སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་གནང་བའི་བཻཌཱུརྱ་སེར་པོའི་ནང་ཆ་འཕྲིན་ཞེས་བྲིས་པ་དང་། ཕྱག་ཕྲེང་གི་བླ་མ་ཆེན་པོ་ཁྲི་བྱང་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་རང་རྣམ་ལ་ཆ་ཕྲེང་ཞེས་བྲིས་འདུག  ད་ལྟ་ཀྲུང་གོའི་སྲིད་གཞུང་གིས་ཕྱག་ཕྲེང་ཞེས་འབྲི་བཞིན་ཡོད། ང་རང་གིས་བསམ་ན། ཕྱག་ཕྲེང་ཞེས་པ་དེ་དབུས་སྐད་དུ་ཕྱག་ལ་ཆ་ཡི་སྒྲ་འདྲར་ཀློག་པ་དང་། ཕྱག་ཕྲེང་རང་དང་དེའི་ཉེར་འཁོར་གྱིས་སག་ཕྱིང་ཞེས་འབོད་པ་ནི་ཕྱག་ཕྲེང་བས། ཕྱག་ཕྲེང་ལ་ཡུལ་སྐད་དུ་སག་ཕྱིང་ཞེས་བཀླགས་པས། ཕྱག་ཕྲེང་ཞེས་བྲིས་པ་དེ་ཁུངས་ལྡན་ཡིན་སྙམ། འོན་ཀྱང་། ཕྱག་ཕྲེང་ཞེས་པའི་མིང་ཐོགས་ཚུལ་དེ་ལ་གནས་དེར་ཀརྨ་པ་རོལ་པའི་རྡོ་རྗེའི་ཕྱག་ལག་གི་ཕྲེང་མ་ཐོར་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཙམ་ལས་དེ་མིན་གྱི་ལོ་རྒྱུས་ཡིག་ཆ་མ་རྙེད།
ཁམས་ཕྱག་ཕྲེང་ནི་བོད་ཆུ་བཞི་སྒང་དྲུག་ལས་འབྲི་ཆུའི་ཡན་ལག་དང་སྤོ་འབོར་སྒང་གི་ཁོངས་སུ་གཏོགས། བཅིངས་འགྲོལ་མ་གཏོང་གོང་ལི་ཐང་སྡེ་བའི་མངའ་འོག་ཡིན་པ་གྲགས། སྔ་སྲོལ་ལྟར་ན་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དང་རྒྱལ་ཐང་སུམ་རྩེན་གླིང་ལ་ཕྱག་ཕྲེང་བསམ་འཕེལ་གླིང་དགོན་པའི་ཁང་ཚན་ཡོད། ཡུལ་ཕྱོགས་འདི་མདོ་དབུས་མཐོ་སྒང་གི་ལྷོ་ཕྱོགས་སུ་ཆགས་པ་དང་། ཤར་ལ་འདབ་པ་རྫོང་དང་། ལྷོ་ལ་རྒྱལ་ཐང་རྫོང་། ནུབ་ལ་འབའ་ཐང་རྫོང་དང་སྡེ་རོང་རྫོང་། བྱང་དུ་ལི་ཐང་རྫོང་བཅས་ཡོད། ཕྱག་ཕྲེང་གི་གཞུང་ལམ་གཙོ་བོ་ནི་རྒྱལ་ཁབ་རིམ་པའི་ལམ་ཐིག་༣༡༨ཡིན། དེ་ནི་ལི་ཐང་ནས་ཕྱག་ཕྲེང་དང་། རྒྱལ་ཐང་བཅས་བརྒྱུད་ཡོད། ཕྱག་ཕྲེང་ནས་སྡེ་རོང་བརྒྱུད་རྒྱལ་ཐང་ལ་སའི་གཞུང་ལམ་ཞིག་ཀྱང་ཡོད། ཕྱག་ཕྲེང་ནས་ལྷ་ས་བར་སྤྱི་ལེ་དང་། ཁ྄ེན་ཏུའུ་བར་སྤྱི་ལེ་ཁུན་མིང་བར་སྤྱི་ལེ་རྒྱལ་ཐང་གནམ་གྲུ་ཐང་ནས་སྤྱི་ལེ་༢༢༠ཙམ། འདབ་པ་ཉི་བསྟན་གནམ་གྲུ་ཐང་ནས་སྤྱི་ལེ་བརྒྱ་ལྷག་ཡོད། རང་གི་མཐོང་སྣང་ལ། ཁམས་ཕྱོགས་ཕྱག་ཕྲེང་རྫོང་དང་འདབ་པ་རྫོང་། སྡེ་རོང་རྫོང་། ལི་ཐང་རྫོང་། འབའ་ཐང་རྫོང་། རྒྱལ་ཐང་རྫོང་། བདེ་ཆེན་རྫོང་། སྨར་ཁམས་རྫོང་། འབའ་ལུང་རྫོང་། མུ་ལི་རྫོང་སོགས་ཀྱི་སྐད་དང་། ཆ་ལུགས། རྣམ་པ་སོགས་ལ་འདྲ་ས་མང་ཙམ་ཡོད། ས་ཆ་དེ་དག་ཕན་ཚུན་ཐག་ཉེ་ཞིང་འཇང་རིགས་དང་འབྲེལ་བས་འཇང་ལུགས་ཀྱང་ཅུང་ཟད་འདྲེས་ཡོད་ཚོད་འདུག  དེའི་ནང་ལས་ཕྱག་ཕྲེང་གི་ཡུལ་སྐད་ནི་སྡེ་རོང་དང་། འདབ་པ། རྒྱལ་ཐང་བཅས་དང་ཐག་ཉེ་ཆེ། ཕྱག་ཕྲེང་རྫོང་དུ་མཚོ་འཕགས་སྨི་༢༨༥༠ལྷག་ཡོད། ཡུལ་ཚོ་ཕལ་ཆེར་ཞིང་པ་ཡིན་ཡང་དུད་ཚང་ཁག་ནས་མི་རེ་གཉིས་ཙམ་འབྲོག་སར་སོང་སྟེ་འབྲོག་ལས་གཉེར་སྲོལ་ཡོད་པས། ཞིང་འབྲོག་གཉིས་ཀྱི་ཐོན་ཁུངས་འཛོམས་པའི་ས་ཆ་ཉམས་དགའ་མོ་ཞིག་ཡིན།
བཅིངས་འགྲོལ་མ་གཏོང་གོང་། ཕྱག་ཕྲེང་ཞེས་པ་འབའ་སྐད་དང་ཐག་ཉེ་བའི་རག་ལྟག་ཤོག་དྲུག་སོགས་ཤང་ཁག་ལྔ་ཕུད་པའི་ཕྱག་ཤོག་དྲུག་དང་ཕྲེང་ཤོག་བདུན་ཙམ་ལ་གོ་སྲོལ་ཡོད་མོད། འོན་ཀྱང་ཕྱག་ཕྲེང་བ་དང་རག་ལྟག་སོགས་ཀྱི་བྱིས་པ་ཕན་ཚུན་ཡང་གོ་བརྡ་མི་འཕྲོད་པའི་དཀའ་ངལ་མེད། ད་ལྟ་ཕྱག་ཕྲེང་རྫོང་ལ་མི་ཁྲི་གསུམ་ལྷག་དང་། ཕྱག་ཤོག་དང་ཕྲེང་ཤོག་སོ་སོར་ཁྲི་རེ་ཙམ་ཡོད་ཚོད་འདུག ཕྱག་ཕྲེང་གི་སྐད་ལ་ཕྱག་སྐད་དང་ཕྲེང་སྐད་བཅས་རིགས་ཆེ་བ་གཉིས་སུ་འབྱེད་སྲོལ་ཡོད། འདིར་བྱིས་སློབ་ཁང་དང་ཆུང་འབྲིང་སློབ་གྲྭའི་དགེ་སློབ་རྣམས་ལ་དཔྱད་གཞི་ཙམ་དུ། ཕྱག་ཕྲེང་ཡུལ་སྐད་ཀྱི་ཁྱད་ཆོས་རྣམས་བོད་ཀྱི་ཡིག་སྐད་དང་སྦྱར་ནས་སྒྲ་གདངས་དང་། ཐ་སྙད། བརྡ་སྤྲོད་བཅས་ཀྱི་ཐད་ནས་བསྡུར་བ་ཅུང་ཙམ་བྱས་ན། 
གཅིག  སྒྲ་གདངས་ཀྱི་སྐོར།
བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་བཙན་ལྷ་ངག་དབང་ཚུལ་ཁྲིམས་མཆོག་གིས། བོད་ཀྱི་ཡུལ་སྐད་ཅི་འདྲ་ཡིན་ཡང་། སྐད་གདངས་ལ་ཁྱད་པར་མེད། ཁྱད་པར་ཡོང་ས་གཙོ་བོ་ནི་ཡི་གེའི་སྒྲ་ཀློག་སྟངས་དང་། ཐ་སྙད་བེད་སྤྱད་སྟངས་དེ་ཡིན་ཞེས་གསུངས་བ་ལྟར། ང་རང་གིས་ཀྱང་སྐད་གདངས་ཀྱི་ཐད་ནས་ཁྱད་པར་མ་རྙེད། དེས་ན། འདིར་ཡི་གེའི་སྒྲ་ཀློག་སྟངས་ཀྱི་ཐད་ནས་དབྱེ་ཞིབ་མདོ་ཙམ་བྱས་ན། ཡུལ་སྐད་དང་ཡིག་སྐད་གང་གིས་གང་ལ་ཤུགས་རྐྱེན་ཐེབས་སམ། ཕྱག་ཕྲེང་གི་ཡུལ་སྐད་ནི་དེའི་ཐུན་མོང་མ་ཡིན་པའི་ཡིག་སྐད་དང་ཐད་ཀར་འབྲེལ་བ་ཧ་ཅང་ཆེ།
ཐོག་མར་བོད་ཡིག་གི་རྩ་བ་གསལ་བྱེད་སུམ་ཅུའི་སྒྲ་ཀློག་སྟངས་ནས་བཤད་ན། གནས་དང་བྱེད་རྩོལ་ལ་ཁྱད་པར་ཆེན་པོ་མ་མཐོང་ཡང་། སྒྲ་ཀློག་སྟངས་དེ་བོད་བྱིངས་ཀྱིས་གསལ་བྱེད་སོ་སོའི་རྗེས་སུ་འ་སྒྲ་སྦྱར་ནས་བཀླགས་པ་དང་མ་འདྲ་བར། ཕྱག་ཕྲེང་བས་ཀ་ནས་ཨའི་བར་ཡི་གེ་སོ་སོར་མཐའ་རྟེན་འ་ཡིག་ལ་དབྱངས་བཞི་པ་ན་རོ་སྦྱར་ནས་བཀླགས་པ། དཔེར་ན། ཀའོ་ཁའོ་གའོ་ངའོ། ཅའོ་ཆའོ་ཇའོ་ཉའོ། ཏའོ་ཐའོ་དའོ་ནའོ། པའོ་ཕའོ་བའོ་མའོ། ཙའོ་ཚའོ་ཛའོ་ཝའོ། ཞའོ་ཟའོ་འའོ་ཡའོ། རའོ་ལའོ་ཤའོ་སའོ། ཧའོ་ཨའོ་ལྟ་བུའོ༎
དབྱངས་དང་པོ་གི་གུའི་སྒྲ་ནི་ལྷ་ས་དང་འདྲ་བར་(i)སྒྲ་ཡིན། དབྱངས་གཉིས་པ་ཞབས་ཀྱུའི་སྒྲ་ནི་བོད་བྱིངས་དང་འདྲ་བར་(u)སྒྲ་ཡིན། འོན་ཀྱང་ཕྱག་ཕྲེང་གི་ཡུལ་སྐད་དུ་ཞབས་ཀྱུའི་སྒྲ་ཉུང་བ། དཔེར་ན། བཞུགས་ལ་བཞགས། འདུག་ལ་འདག དྲུག་ལ་དྲག  སྒུག་ལ་སྒག བཀུག་ལ་བཀག་སོགས། འགའ་ཤས་ནི་དབྱངས་དང་པོའི་སྒྲ་འདྲར་བཀླགས་པ་སྟེ། ཆུ་ལ་ཆི་དང་། དགུན་ལ་དགིན། རྒུན་འབྲུམ་ལ་རྒིན་འབྲུམ་ལྟ་བུ། དབྱངས་གསུམ་པ་འགྲེང་བུ་ནི་དབྱངས་དང་པོའི་སྒྲ་དང་ཁྱད་ཆེན་པོ་མི་འདུག དབྱངས་བཞི་པ་ན་རོ་ནི་བོད་བྱིངས་དང་འདྲ་བ་(o)སྒྲར་བཀླགས་ཀྱང་ཁ་སྐད་ནང་བེད་སྤྱད་ཉུང་།
རྗེས་འཇུག་ང་ཡིག་ཅན་ནི་མིང་གཞིར་ན་རོ་སྦྱར་བ་ལྟར་ཀློག་པ་ཁམས་བྱིངས་དང་འདྲ། གཞན་ཡང་རྗེས་འཇུག་ར་སྒྲ་གསལ་པོ་མེད་ལ་མང་ཆེ་བ་རྗེས་འཇུག་ས་སྒྲར་བཀླགས། རྗེས་འཇུག་ས་དང་ལ་ཡི་སྒྲ་ཕལ་ཆེར་གཅིག་མཚུངས་ཡིན་པ་དབུས་སྐད་དང་འདྲ། ཡང་འཇུག་ནི་རྗེས་འཇུག་གང་དེའི་རྗེས་སུ་འབྲངས་ནས་རང་སྒྲ་གསལ་པོ་མི་མངོན།
ཀ་དང་ཁ། ག་བཅས་ལ་འདོགས་ཅན་ཡ་བཏགས་ནས་ཙའོ་དང་ཚའོ། ཛའོ་ཡི་སྒྲར་འདོན་ཞིང་། པ་དང་ཕ་ལ་ཡ་བཏགས་ནས་སའོ་ཡི་སྒྲ་ཆེ་ཆུང་གཉིས་དང་། བ་ལ་ཡ་བཏགས་ནས་ཟའོ་རུ་བཀླགས། མིང་གཞི་དོར་ནས་ཡ་བཏགས་ཁོ་ན་ཀློག་པ་ནི། བྱེད་ལ་ཡེད་ལྟ་བུ། འདོགས་ཅན་ར་བཏགས་ནི་བརྡ་རྙིང་ལྟར་ཡ་བཏགས་ཀྱིས་ཚབ་བྱེད་པ་མང་། དཔེར་ན། འགྲོ་ལ་འགྱོ། ཁྲག་ལ་ཁྱག སྐྲ་ལ་སྐྱ། སྐྲག་ལ་སྐྱག གྲི་ལ་གྱི། སྒྲིམ་ལ་སྒྱིམ། ཕྲེང་ལ་ཕྱེང་། སྒྲོ་ལ་སྒྱོ། འཕྲོ་བརླག་ལ་འཕྱོ་བརླག་ལྟ་བུ་ཧ་ཅང་མང་། མི་ལ་མྱི་དང་མེ་ལ་མྱེ་ཞེས་ཀློག་པ་ནི་བརྡ་རྙིང་ཡིན་པ་འདྲ། དེ་མིན་བརྩེགས་འདོགས་ཡི་གེ་རྣམས་དབྱངས་གསལ་གྱི་སྒྲ་གདངས་མི་འདྲ་བའི་འགྱུར་བ་ཙམ་ལས་དམིགས་བསལ་གྱི་ཁྱད་པར་མ་སྣང་།
གཉིས། ཐ་སྙད་ཀྱི་སྐོར།
བོད་སྐད་ལ་ཐ་སྙད་ཀྱི་ཁྱད་པར་ཡོང་རྩ་གཙོ་བོ་ནི་དོན་གཅིག་མིང་གི་རྣམ་གྲངས་མི་འདྲ་བ་ནས་བྱུང་བ་མང་། ཕྱག་ཕྲེང་གི་ཐ་སྙད་ཕལ་ཆེ་བ་ཡིག་ལམ་དུ་ཕབ་མི་ཐུབ་པའི་དཀའ་བ་མེད་ཀྱང་། ཁ་སྐད་དུ་ད་དུང་མིང་གཞིའི་ཡི་གེ་འགའ་ཤས་བརྗེ་པོ་རྒྱག་སྲོལ་ཡོད་དེ། དཔེར་ན།
༡ ལ་དང་ཡ་བརྗེ་བ། ལས་ལ་ཡས། ལུག་ལ་ཡགཡུག ལོ་ལ་ཡོ། ལུང་པ་ལ་ཡུང་པའོ། ལིང་ཏོག་ལ་ཡིང་ཏོག  སོག་ལེ་ལ་སོག་ཡེ་ལྟ་བུ།
༣ ཇ་དང་ཞ་བརྗེ་བ། འཇའ་ལ་འཞའ་ལྟ་བུ།
༤ ཆ་དང་ཡ་བརྗེ་བ། ཁ་ཆུ་ལ་ཁ་ཡུ། གཤོག་ཆུ་ལ་གཤོག་ཡུ་ལྟ་བུ།
༥ ཐ་དང་ར་བརྗེ་བ། སྲོ་ཐག་ལ་སྲོ་རག སྐེ་ཐག་ལ་སྐེ་རག  འོག་ཐོག་ལ་འོག་རོག ལི་ཐང་ལ་ཡི་རང་ལྟ་བུ།
༦ ན་དང་ར་བརྗེ་བ། ཁོ་ནི་བོད་རེད་ཅེས་པ་ལ་ཁོ་རི་བོད་རེད་ལྟ་བུ།
༧ ཛ་དང་ཚ་བརྗེ་བ། རྒྱལ་མཚན་ལ་རྒྱལ་མཛན་ལྟ་བུ།
༨ ཡ་དང་ཟ་བརྗེ་བ། ཡག་པོ་ལ་ཟག་པོ། གཡག་ལ་གཟག  གཡུ་ལ་གཟུ།གཟིདབྱར་ཁ་ལ་གཟར་ཁ་ལྟ་བུ།
༩ བ་དང་ག་བརྗེ་བ། རི་བོང་ལ་རི་གོང་ལྟ་བུ།
༡༠ མིང་མཐའ་ཡི་པོ་དང་མོ་བརྗེ་བ། རིང་པོ་ལ་རིང་མོ། མང་པོ་ལ་མང་མོ། བཟང་པོ་ལ་བཟང་མོ་ལྟ་བུ།
༡༡ མིང་མཐའ་ཡི་བ་དང་ཡ་བརྗེ་བ། སྐལ་བ་ལ་སྐལ་ཡ། མཆེ་བ་ལ་མཆེ་ཡ་ལྟ་བུ།
༡༢ ཆུང་ཚིག་གི་སྒྲ་འུ་དང་ལེ་བརྗེ་བ། རྟེའུ་ལ་རྟ་ལེ། བེ་འུ་ལ་བེ་ལེ། བུ་ཆུང་ལ་བུ་ལེ་ལྟ་བུ། 
ཁ་དོག་གི་མིང་ནི། དཀར་པོ་ལ་དཀར་དཀར། དམར་པོ་ལ་དམར་དམར། སྔོ་པོ་ལ་སྔོ་སྔོ། སེར་པོ་ལ་སེར་སེར་སོགས། ཁམས་སྐད་མང་ཆེ་བར་འགི་དང་མི་འགི་ཞེས་པ་ལ་འབའ་བ་དང་སྨར་ཁམས་སོགས་དང་འདྲ་བར་སྣང་དང་མི་སྣང་། འདུག་དང་མི་འདུག་ཅེས་ལྟ་བུའོ།།
གསུམ། བརྡ་སྤྲོད་ཀྱི་སྐོར།
ཕྱག་ཕྲེང་གི་ཡུལ་སྐད་ཀྱི་བརྡ་ཡི་འགྲོ་ལུགས་དེ་བོད་ཀྱི་སུམ་རྟགས་ཀྱི་བརྡ་སྤྲོད་རིགས་པ་ལྟར་ཡིན་ཡང་། ཁ་སྐད་ཐོག་ཕྲད་དང་རྣམ་དབྱེ་བེད་སྤྱད་སྟངས་ཀྱི་ཐད་ནས་ཁྱད་པར་ཅུང་ཟད་ཡོད་དེ། བྱེད་འབྲེལ་གཉིས་ལས་འི་དང་འིས་བེད་སྤྱད་པ། དཔེར་ན། ངའི་གོས་དང་། ངས་གོས་གྱོན་ལྟ་བུ། ལ་དོན་གྱི་ཕྲད་ལས་ན་ལ་གཉིས་བེད་སྤྱད་པ་མང་། དཔེར་ན། ཁྱིམ་ན་ཡོད། རྒྱ་ཡུལ་ཡ་ལ་འགྲོ་ལྟ་བུ། ལྷག་བཅས་ཀྱི་སྒྲ་དོད་དུ་ནས་སྒྲ་བེད་སྤྱད་པ། དཔེར་ན། ཡར་ལངས་ནས་ཟན་འཆའ་ལྟ་བུ། རྒྱན་སྡུད་ཀྱི་ཕྲད་ལས་འང་བེད་སྤྱད་པ། དཔེར་ན། ཁོའང་བོད་རིགས་རེད། རང་ཡའང་སྒོར་མོ་ཡོད་ལྟ་བུ། དེ་སྔ་འབྱེད་སྡུད་ཀྱི་ཕྲད་མཐོང་རིག་མ་བྱུང་། འབྱུང་ཁུངས་ཀྱི་ཕྲད་ནས་ལས་གཉིས་བེད་སྤྱད་མང་ལ་རིགས་མཐུན་དགར་ནས་མི་མཐུན་ལས་སོགས་བརྡ་སྤྲོད་ཀྱི་ལུགས་དང་ཧ་ཅང་མཐུན་ཏེ། སྐས་ནས་མར་བབ། ཕྱག་ཕྲེང་ནས་ལྷ་ས། མྱི་ཡི་ནང་ནས་གྲྭ་པ་ཡག ཁྱེད་ཡས་ལས་ཁོ་མཁས་ལྟ་བུ། སྐབས་འགར་མཚམས་སྦྱོར་ལྷག་བཅས་ཀྱི་དོན་བསྟན་པའི་ནས་སྒྲའི་ཚབ་ལ་རན་སྤྱད་པའང་མང་། ནི་སྒྲའི་ཚབ་ལ་རི་སྦྱར་བ། དཔེར་ན། ཁོ་ནི་ལྷ་ས་བ་རེད་ལྟ་བུ་ལ་ཁོ་རི་ལྷ་ས་བ་རེད། དང་སྒྲ་ནི་མིང་གཞི་ད་དང་ར་བརྗེ་བ། དཔེར་ན། ཁྱེད་དང་ཁོ་ལ་ཁྱེད་རང་ཁོ་ལྟ་བུ། དེ་སྒྲ་དང་འདི་སྒྲའི་ཁྱད་པར་བོད་བྱིངས་དང་མཚུངས། སྤྱི་སྒྲ་ལས་སུ་སྒྲ་ཕུད་དེ་མིན་ཕལ་ཆེར་གང་སྒྲས་ཚབ་བྱེད་སྲོལ་ཡོད། དགག་སྒྲའི་ཕྲད་མ་མི་མིན་མེད་བཞི་པོའི་སྦྱར་སྲོལ་དེ་བརྡ་སྤྲོད་ཀྱི་ལུགས་ཇི་བཞིན་ཡིན།
མདོར་ན། གོང་གསལ་ཕྱག་ཕྲེང་གི་ཡུལ་སྐད་དང་ཡིག་སྐད་བར་གྱི་བསྡུར་བ་མདོར་བསྡུས་དེ་ནི། ཕྱག་ཕྲེང་གི་བྱིས་སློབ་ཁང་དང་སློབ་གྲྭ་ཆུང་འབྲིང་གི་བོད་སྐད་ཡིག་གི་སློབ་གསོའི་དཔྱད་གཞི་ཙམ་མ་ཟད། བདག་ཅག་གངས་ཅན་བོད་ཀྱི་ཡུལ་ལུང་ཁག་གི་ཁྱད་ཆོས་ལྡན་པའི་ཡུལ་སྐད་དང་། གྱོན་ཆས། བཟའ་བཏུང་། དུས་ཆེན་སོགས་གཏན་འཇགས་སུ་གྱུར་པའི་རིག་གནས་ཁག་ས་གནས་དེ་གའི་གཞི་རིམ་གྱི་རྨང་གཞིའི་སློབ་གསོར་གྱུར་ཅིང་མི་རིགས་ཀྱི་སྲོག་ཤིང་དུ་གྱུར་པའི་སྐད་དང་ཡི་གེ ཆ་ལུགས་དང་འདུ་ཤེས་སོགས་ཀྱི་བསྟན་པའི་རྒྱལ་མཚན་ཇི་སྲིད་བར་རྩ་བ་བརྟན་ཅིང་ལོ་འདབ་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུ་ལགས་སོ།།  རྒྱལ་གྱུར་ཅིག  
བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་རྟ་ཕྱི་ལོ་2014གྲོ་བཞིན་ཟླ་བའི་དཀར་ཕྱོགས་ཀྱི་བཟང་པོ་དང་པོར་དགེའོ༎   

 
·གསར་འགྱུར་གོང་མ:ཕྲུ་གུ་གཉོར་སྐྱོང་བྱ་ཚུལ་བཤད་པ།
·གསར་འགྱུར་འོག་མ:སྟོན་པ་དང་ནད་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:fehkeojhvt
wYQOpx  <a href="http://rcnivdbhfvzl.com/">rcnivdbhfvzl</a>, [url=http://gfqdckryynau.com/]gfqdckryynau[/url], [link=http://ipeukbjswldp.com/]ipeukbjswldp[/link], http://phektsbthzua.com/
发表时间:2016/11/4 22:26:38 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།26.86MS