ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> མི་ཆོས
  གསར་འགྱུར་ཀློག་པ།

འགྲོ་བ་མིའི་ཀུན་སྤྱོད་རགས་བཤད།

[རྩོམ་པ་པོ:ཆུང་ཚེ་རིང་།  ཡོང་ཁུངས:རྫ་ཆུའི་རླབས་སྒྲ།  དུས་ཚོད:2015/8/13 18:09:56  བཀླགས་ཐེངས:999][ཡིག་གཟུགས:ཡིག་གཟུགས་མདོག]
 

འགྲོ་བ་མིའི་ཀུན་སྤྱོད་རགས་བཤད།

 

 

 

ཆུང་ཚེ་རིང་།

 

  འགྲོ་བ་མིའི་ནར་མའི་སྤྱོད་པ་ལ་ཀུན་སྤྱོད་ཅེས་བྱ་ཞིང་། སྐྱེ་ཁམས་ཚན་རིག་པ་ཚོས་དབང་རྩ་དང་རྨེན་བུའི་མ་ལག་གིས་ཀུན་སྤྱོད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་སྟབས། རྙོག་ཟིང་ཅན་གྱི་དབང་རྩའི་མ་ལག་ལྡན་པའི་སེམས་ཅན་ཚོར་ཕྱི་རོལ་ཡུལ་ལ་བསྟུན་ཏེ་ཀུན་སྤྱོད་འགྱུར་བ་གཏོང་བའི་ནུས་པ་ཆེ་བ་ཡོད་པར་བཤད། དོན་དངོས་སུའང་རང་རེའི་འགུལ་སྟངས་དང་། སྐད་ཆ་བཤད་སྟངས་ཚུད་པའི་བྱ་སྤྱོད་མང་པོ་ཞིག་ལུས་པོའི་ཆགས་སྟངས་དང་། འཚར་ལོང་གི་བརྒྱུད་རིམ། ལུས་པོ་གནས་ཤིང་རྒྱུ་སའི་ཁོར་ཡུག་གི་གནས་སྟངས་བཅས་དང་འབྲེལ་བ་ཡོད་པ་དེ་གསལ་པོ་ཡིན། རྩོམ་ཐུང་འདིའི་ནང་། ཀུན་སྤྱོད་སྐོར་གྱི་བཞེད་པ་མི་མཐུན་པ་དང་། དབྱེ་སྒོ་ཁག་དོར་ཏེ་གཙོ་བོ་ཀུན་སྤྱོད་ཀྱི་འབྱུང་རྩ་དང་གནད་འགག་འགའ་ཞིག་གི་ཐད་ང་རང་གི་ལྟ་ཚུལ་ཞུ་གི་ཡིན།

འགྲོ་བ་མིའི་ཀུན་སྤྱོད་ལ་བཟང་ངན་གཉིས་སུ་དབྱེ་བ་དེའི་རྒྱུ་མཚན་གཙོ་བོ་ནི། ཀུན་སྤྱོད་ཀྱིས་མིའི་སྤྱི་ཚོགས་རང་ལ་བསྐྱེད་པའི་འབྲས་བུ་བཟང་ངན་གཉིས་རྨང་གཞིར་བྱས་ཏེ་བཞག་པ་རེད་སྙམ། དཔེར་ན། མི་སྒེར་དང་སྤྱི་ཚོགས་གང་ལ་ཡང་། ཚིག་རྩུབ་དང་དྲག་སྤྱོད། རྐུ་འཕྲོག གཡོ་སྒྱུ་སོགས་ཀྱིས་འབྲས་བུ་མི་སྐྱིད་པ་དང་། མི་བདེ་བ་བསྐྲུན་ཞིང་། གཞན་ཕན་དང་། འཆམ་མཐུན། དྲང་བདེན་སོགས་ལ་བརྟེན་ནས་འབྲས་བུ་བདེ་འཇགས་དང་བདེ་སྐྱིད་འབྱུང་བས། སྔ་མ་སྤྱོད་ལམ་ངན་པ་དང་། ཕྱི་མ་བཟང་པོའི་ཁོངས་སུ་བཞག  ལུས་ངག་ཡིད་གསུམ་གྱི་སྤྱོད་པའི་ཆ་ནས་ཀྱང་། གཤེ་བ་དང་སྨོད་པ། མཐོང་ཆུང་། ཁྱད་གསོད། ཚིག་རྩུབ་སོགས་ངག་གི་ལས་དང་། ཁྲོ་གཉེར་དང་མིག་ལོག རྩིང་སྤྱོད་སོགས་ལུས་ཀྱི་ལས། འཁྱོག་ཅིང་མི་བརྟན་པ་དང་། གཞན་ལ་བརྣག་སེམས་དང་གནོད་སེམས་སོགས་ཡིད་དང་འབྲེལ་བའི་ལས་ཀྱིས་རང་དང་རང་གི་ཉེ་ཁོར་གྱི་སྤྱི་ཚོགས་ལ་མ་བདེ་བ་དང་མ་སྐྱིད་པ་བཟོ་བས་དེ་དག་ངན་པར་བརྩི་བ་དང་། དེ་ལས་ལྡོག་པ་རང་བཞིན་བཟང་ཞིང་ལུས་ངག་གི་སྤྱོད་པ་ཞི་ལ་འཇམ་པ། དྲང་ཚུགས་འཕེར་བ་དག་ལ་བཟང་པོར་བརྩི་བ་ཡིན། དེ་ཡང་མི་ཞིག་གིས་ཚུར་རྣམ་འགྱུར་ཡག་པོ་བསྟན་ན། ཕར་ཡང་དེ་བཞིན་གྱི་རྣམ་འགྱུར་ཡག་པོ་སྟོན་པ་དང་། ཚུར་ངན་བྱས་ན། ཕར་ཡང་ངན་བྱེད་པའི་དབང་གིས། ཕར་རྣམ་འགྱུར་ཡག་པོ་སྟོན་པ་དེ་ཚུར་ཡང་རྣམ་འགྱུར་ཡག་པོ་སྟོན་པའི་གཞི་རྩའི་རྐྱེན་རྩ་ཆགས་ཀྱི་ཡོད་པ་ལྟར། མིའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཀྱང་རྨང་གཞི་དེ་འདྲ་ཞིག་གི་ཐོག་ཏུ་གྲུབ་ཡོད།

མིའི་སྤྱི་ཚོགས་ཀྱི་འབྲེལ་བ་ནི། ཕན་ཚུན་རྣམ་འགྱུར་སྟོན་རེས་ཙམ་མ་ཡིན་པར། ནམ་རྒྱུན་ཕན་ཚུན་དབར་དཔལ་འབྱོར་དང་དད་མོས། མི་ཤུགས་སོགས་ཀྱི་འབྲེལ་བ་གཞི་རྒྱ་ཆེན་པོ་ཡོང་གི་ཡོད་ཅིང་། འབྲེལ་བ་དེ་ཡང་ཕན་ཚུན་ཡིད་ཆེས་དང་། བཟང་ལན་བཟང་འཇལ་གྱི་རྨང་གཞིའི་ཐོག་འཛུགས་དགོས་པའི་དགོས་འདུན་དེ་རང་བཞིན་གྱིས་ཡོང་གི་ཡོད། དེར་བརྟེན་བུ་ལོན་དུས་ཐོག་བདག་པོ་ལ་སྤྲོད་པ་དང་། ཁ་ཆད་དང་གྲོས་མཐུན་ལྟར་ལག་བསྟར་བྱེད་པ། ཕ་མ་དང་སྤུན་མཆེད། བླ་མ་དང་དགེ་རྒན། གྲོགས་པོ་དང་ལས་རོགས་སོགས་དང་ཕྱི་ཐག་རིང་བའི་འབྲེལ་བ་འཛིན་པ་རྣམས་བཟང་པོར་བརྩི་ཞིང་། དེ་ལས་ལྡོག་པ་རྣམས་ངན་པར་བརྩི། དེ་ལྟར་སྤྱི་ཚོགས་སྤྱི་ཡོངས་དང་། སྤྱི་ཚོགས་དེའི་ནང་འབྲེལ་བ་ཆགས་པའི་མི་ཚོའི་ཁེ་ཕན་གྱི་ཆེད་དུ། ཀུན་སྤྱོད་ཀྱི་རྩ་དོན་བྱུང་ཞིང་། ཀུན་སྤྱོད་ཀྱི་རྩ་དོན་ནི་ཚིག་གཞན་གྱིས་བཤད་ན། སྤྱི་ཚོགས་ཀྱི་ཁེ་ཕན་དང་འཚམས་པའི་སྤྱོད་ལམ་འཁྱེར་དགོས་པའི་འགན་འཁྲི་ཡོད་པ་དེ་རེད།

དོན་དམ་དུ། སྤྱི་ཚོགས་ཀྱི་ཁོངས་མི་ཕན་ཚུན་བརྩི་འཇོག་བྱེད་དགོས་པའི་གནོན་ཤུགས་ཤིག་ཁོངས་མི་ཚང་མར་སླེབས་ཀྱི་ཡོད། དཔེར་ན། ཁྱེད་རང་གི་ངའི་ཞིང་ཁ་ནས་ལོ་ཏོག་བརྐུས་ན། ངས་ཁྱེད་ཀྱི་ཞིང་ཁ་ནས་ལོ་ཏོག་དེ་བས་མང་བ་བརྐུ་བ་དང་། ཁྱེད་རང་གིས་ངའི་ དངུལ་བུན་ཚུར་མ་སྤྲད་ཚེ། ངས་ཁྱེད་ཀྱི་ས་ནས་གཡར་བའི་རྒྱན་ཆ་ཕྱིར་མི་སྤྲོད་པ་ལྟ་བུའི་གནས་ཚུལ་ཡོང་གི་ཡོད་པས། སྤྱི་ཚོགས་ཀུན་སྤྱོད་ཀྱི་འགན་ཁུར་ནི་ཆུང་ས་ནས་ངོ་ཤེས་ཕན་ཚུན་དང་། ཆེ་ས་ནས་སྤྱི་ཚོགས་བྱེ་བྲག་དེའི་ཁོངས་མི་ཚང་མ་ལ་འཁྲི་བའི་གནད་དོན་ཞིག་ཡིན། དེ་འདྲའི་འགན་ཁུར་གྱི་འབྲེལ་བ་དེ། འགན་འཁྲི་བདའ་དེད་བྱེད་ས་ཡོད་པའི་མི་ཕན་ཚུན་གྱི་བར་ལས། འགན་འཁྲི་བདའ་དེད་བྱེད་ས་མེད་པའི་མི་དཔེར་ན། སྤྱི་ཚོགས་དེའི་ཕྱི་ལོགས་ཀྱི་མིའམ། མི་རྒྱུས་མེད་ལ་དངུལ་དངོས་མི་གཡོར་བ་ལྟ་བུ་ཡིན།

དེ་འདྲའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་འགན་འཁྲི་སྲུང་སྐྱོབས་དང་རྒྱུན་འཛིན་ལག་བསྟར་གྱི་ཆེད་དུ། སྤྱི་ཚོགས་ཀྱི་སྒྲིག་སྲོལ་དང་། ཁྲིམས་ལུགས་བྱུང་ཞིང་། སྒྲིག་སྲོལ་དང་ཁྲིམས་ལུགས་ཀྱིས་སྤྱི་ཚོགས་དེའི་ཁོངས་མི་ཚང་མར། ཀུན་སྤྱོད་ཀྱི་འགན་འཁྲི་བརྩི་སྲུང་བྱ་བར་ཐབས་སྣ་ཚོགས་ཀྱིས་སྐུལ་དེད་དང་འགན་ལེན་བྱེད་ཀྱི་ཡོད།

མིའི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་ཡར་རྒྱས་སོང་བ་དང་མཉམ་དུ། ཀུན་སྤྱོད་ཀྱི་རྩ་དོན་ཐད་སྔར་བས་གཏིང་ཟབ་པའི་ངོས་འཛིན་དང་འགྲེལ་བཤད་བྱུང་ཡོད། དེང་སང་ཀུན་སྤྱོད་ཀྱི་སྲོག་ཤིང་ལྟ་བུ་ནི་དྲང་བདེན་ཞེས་པ་དེ་ཡིན། དེ་ནི་སྟབས་བདེ་པོའི་སྒོ་ནས་བཤད་ན། དེ་རིང་བཀྲ་ཤིས་ཀྱིས་དོན་གྲུབ་ཀྱི་ས་ནས་སྒོར་བརྒྱ་གཡར་ན། སྒོར་བརྒྱའི་སྐྱིན་པ་དོན་གྲུབ་ལ་ཁ་ཆད་ལྟར་དགོས་པ་དེ་རེད། ཡིན་ནའང་རྙོག་འཛིང་ཆེན་པོ་བྱས་ཏེ་བཤད་ན། དྲང་བདེན་ཞེས་པའང་སྐབས་དུས་ལ་འཚམས་མི་འཚམས་ལྟ་དགོས་པ་དཔེར་ན། བཀྲ་ཤིས་ཀྱིས་དོན་གྲུབ་ཀྱི་ས་ནས་མེ་མདའ་ཞིག་གཡར་ཏེ། ཁ་ཆད་ལྟར་དོན་གྲུབ་ལ་སྤྲོད་པར་འགྲོ་སྐབས། དོན་གྲུབ་སྨྱོ་ཡོད་ན། གནས་སྟངས་དེ་འདྲའི་སྐབས་སུ་ད་དུང་དྲང་བདེན་ཡིན་ཞེས་མེ་མདའ་སྨྱོན་པའི་ལག་ཏུ་བཞག་འོས་དང་མི་འོས་དེ་གསལ་པོ་རེད། དེའི་དབང་གིས། ཀུན་སྤྱོད་ཀྱི་འགན་འཁྲིའི་ནང་། ལེགས་ཉེས་རྣམ་འབྱེད་དང་། འཚམས་མི་འཚམས་ལ་ལྟ་བའི་བློ་མིག་དགོས་པ་དེ་ཡང་ཚུད་ཡོད།

མིའི་ཀུན་སྤྱོད་རང་སྟེང་ལ་ཞིབ་ཚགས་ཀྱིས་བལྟས་ན་རྙོག་གྲ་མང་པོ་ཡོད། དེ་ཡང་མིའི་ནར་མའི་ཀུན་སྤྱོད་ལ་སྔོན་དཔག་ཐུབ་པའི་འགྱུར་ལྡོག་ཡོང་གི་ཡོད་པར་མ་ཟད། སྔོན་དཔག་མི་ཐུབ་པའི་འགྱུར་ལྡོག་ཀྱང་ཡོང་གི་ཡོད། སྔ་མ་ནི་བྱིས་པ་དང་། དར་ལ་བབས་པ། ནར་སོན་པ། རྒས་ཤིང་འཁོག་པར་གྱུར་པ་བཅས་ཀྱི་གནས་སྐབས་སོ་སོར་ཀུན་སྤྱོད་ལ་འགྱུར་བ་འགྲོ་བ་ལྟ་བུ་ཡིན། སྔོན་དཔག་ལས་འདས་པའི་འགྱུར་བ་ནི། ལྟ་ཚུལ་ལ་འགྱུར་བ་སོང་བས་ཀུན་སྤྱོད་འགྱུར་བ་དང་། སྤྱི་ཚོགས་ཀྱི་གནས་བབས་འགྱུར་བས་ཀུན་སྤྱོད་འགྱུར་བ་ལྟ་བུ་ཡིན། ད་དུང་རྙོག་ཟིང་ཆེས་ཆེ་བ་ཞིག་ནི། ན་ཚའི་ཤུགས་ཀྱིས་སྤྱོད་ལམ་འགྱུར་བ་དེ་རེད།

དེ་ཡང་དེང་སང་ནུབ་ཕྱོགས་ཡུལ་ཁག་ཏུ། ཀུན་སྤྱོད་དང་ནད་རྟགས་ཀྱི་འབྲེལ་བའི་ཐད་དཔྱད་ཞིབ་གཏིང་ཟབ་བྱས་ཏེ། འཕྲོད་བསྟེན་ཞབས་ཞུ་བ་དང་སྤྱི་ཚོགས་ཞབས་ཞུ་བ་ཚོར། དེའི་ཐད་ཆེད་དུ་སྦྱོང་བརྡར་སྤྲོད་བཞིན་ཡོད། སྦྱོང་བརྡར་དེ་ཚོའི་ནང་། ཞབས་ཞུ་བྱ་ཡུལ་རྒན་རྒོན་ནམ། ནད་པ་ཞིག་གི་སྤྱོད་ལམ་གྱི་ཆ་གང་དང་གང་རྒྱུན་གྱི་ཀུན་སྤྱོད་ཡིན་པ་དང་། ཆ་གང་དང་གང་ནད་རྟགས་ཡིན་པའི་ངོས་འཛིན་བྱེད་སྟངས་བསླབ་ཀྱི་ཡོད། དེ་འདྲའི་བརྒྱུད་རིམ་ནང་། ནད་ཀྱི་དབང་གིས་འགྱུར་བ་སོང་བའི་སྤྱོད་ལམ་འགའ་ཞིག་ནད་རྟགས་སུ་ངོས་འཛིན་བྱེད་བདེ་བ་དཔེར་ན། སྔོན་ཆད་ཟས་རིགས་གང་ཞིག་ལ་དགའ་ཡང་ནད་ཅིག་ཕོག་རྗེས་དེ་ལ་མི་དགའ་བ་ཆགས་པ་ལྟ་བུ་རེད། འོན་ཀྱང་སྐད་ཆ་བསྐྱར་ཟློས་ཡང་ཟློས་ཤོད་པ་དང་། ཚ་གི་ཚི་གེ་བྱེད་པ། སྤྲོ་ཐུང་ཐུང་ཆགས་པ། མི་གཞན་གྱི་སྐད་ཆར་དོ་སྣང་མི་བྱེད་པ་སོགས་ནི་ཡང་སྙིང་ནད་རྟགས་དང་ཀུན་སྤྱོད་གང་ཡིན་རྒྱུན་རིང་བརྟག་དཔྱད་བྱས་ཏེ་ངོ་འཕྲོད་པ་བྱེད་དགོས་པ་ལས། ལམ་སང་དབྱེ་འབྱེད་དང་ངོས་འཛིན་ཐུབ་པ་ཞིག་མིན། དེ་འདྲའི་སྦྱོང་བརྡར་སྤྲོད་པའི་གནད་འགག་ནི་སྤྱོད་ལམ་ཡིན་ན་སྤྱོད་ལམ་གཞི་བཟུང་དེ་ལ་ལེགས་བཅོས་གཏོང་ཐབས་བྱེད་དགོས་པ་དང་། ནད་རྟགས་ཡིན་ན་སྨན་བཅོས་ཀྱི་ལམ་ནས་དེ་ལ་འགྱུར་བ་གཏོང་ཐབས་བྱེད་དགོས་ཀྱི་ཡོད་པས་རེད། སྦྱོང་བརྡར་དེ་ཚོའི་ཁྲོད་དུ་ཡང་ཡང་གླེང་སློང་ཡོང་བའི་གནད་དོན་གཅིག་ནི། ནད་གཞིའི་དབང་གིས་སྤྱོད་ལམ་འགྱུར་བ་སོང་བ་མང་ཆེ་ཤོས་བཟང་ཕྱོགས་ཀྱི་འགྱུར་བ་མིན་པ་དེ་རེད།

ཀུན་སྤྱོད་ཀྱི་ཐད་རེ་བ་ནན་ཤོས་འདོན་མཁན་ནི་ཆོས་ལུགས་ཁག་ཡིན། ཆོས་ལུགས་ཆེ་ཁག་མང་ཆེ་བས། འགྲོ་བ་མིའི་ཀུན་སྤྱོད་དེ་ཆོས་ལུགས་ཉམས་ལེན་གྱི་གཙོ་གནད་དང་འབྲེལ་བ་བཟོས་ཡོད། དེ་ཡང་ཆོས་ཕྱོགས་ཀྱི་གོ་འཕང་གང་ཞིག་ཐོབ་དང་མི་ཐོབ་གཙོ་བོ་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ཡང་དག་དང་མི་དག་ལ་སྦྱར་ཞིང་། དེ་འདྲའི་ཆོས་ཕྱོགས་ཀྱི་ལམ་སྟོན་དང་མཐུན་པའི་སྤྱོད་ལམ་ལ་ཚུལ་ཁྲིམས་ཟེར། སྤྱིར་བཏང་ཆོས་དང་མ་འབྲེལ་བའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་རྩ་དོན་ནམ་འགན་འཁྲི་མང་ཆེ་བ། རང་གི་རྒྱལ་ཁོངས་དང་། ཡང་ན་རང་ཉིད་གནས་ཡུལ་གྱི་མི་སྡེའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ནས་བརྒལ་གྱི་མེད། འོན་ཀྱང་ཆོས་ལུགས་ཆེ་ཁག་སྤྱི་དང་། ལྷག་པར་ནང་པ་དང་གཅེར་བུ་བ་སོགས་ཀྱི་ཀུན་སྤྱོད་འགན་འཁྲི་དེ། མི་སྡེ་ཡོངས་ལ་ཁྱབ་པར་མ་ཟད། མི་མ་ཡིན་པའི་སེམས་ཅན་གཞན་ལའང་ཁྱབ་ཡོད།། །།

(རྩོམ་ཡིག་འདི་ཀུན་སྤྱོད་དུས་དེབ་ཀྱི་རྩོམ་སྒྲིག་པས་བསྐུལ་མ་གནང་བ་ལྟར། ཨོ་སི་ཊོ་ལི་ཡའི་གླིང་གི་སིད་ནིའི་གྲོང་ཁྱེར་གྱི་རང་ཤག་ཏུ་ཕྱི་ལོ་ ༢༠༡༥ ཟླ་བ་ ༤ ཚེས་ ༢༣ ཉིན་བྲིས་ཤིང་ཚེས་ ༢༥ ཉིན་ཞུ་བཅོས་བྱས་པའོ།། །།)

ཡོང་ཁུངས། རྗ་ཆུའི་རླབས་སྒྲ།

·གསར་འགྱུར་གོང་མ:ལུགས་ཟུང་གི་བསླབ་བྱ་མུ་ཐི་ལའི་ཕྲེང་བ།
·གསར་འགྱུར་འོག་མ:བོད་ཀྱི་ལོ་རྒྱུས་སྟེང་མཛད་རྗེས་ཆེ་བའི་བློན་ཆེན་མགར་ཁྲི་འབྲིང
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
མིག་སྔར་དཔྱད་བརྗོད་མི་འདུག
འབྲེལ་ཡོད་དཔྱད་བརྗོད 0 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS