ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པའི་སྐོར།

[རྩོམ་པ་པོ:ཕུན་ནོར།  ཡོང་ཁུངས:ཚངས་དབྱངས་དྲྭ་བ།  དུས་ཚོད:2009/12/28 22:20:03  བཀླགས་ཐེངས:1646][ཡིག་གཟུགས:ཡིག་གཟུགས་མདོག]
          ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པའི་སྐོར་བཤད་པ།།
                              ཕུན་ནོར།
[ནང་དོན་གནད་བསྡུས་]  དཔྱད་རྩོམ་འདིའི་ནང་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པ་ཐུན་མོང་མིན་པ་ཁག་བཞི་སྟེ།  ཡིག་བསྒྱུར་གྱི་དགོས་པ་ཅི་ཡིན་སྐོར་གྱི་དགོངས་པ་དང་།  ལོ་ཙཱ་བ་ཚད་ལྡན་ཇི་ལྟར་ཞིག་དགོས་པའི་སྐོར་གྱི་དགོངས་པ།  སྔ་འགྱུར་གྱི་ལོ་ཆེན་ཚོས་དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  ཕྱིས་ཀྱི་ལོ་ཆེན་ཚོས་འབྲུ་དོན་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་བའི་སྐོར་གྱི་དགོངས་པ།  ཞར་བྱུང་སྐད་དང་ཡི་གེའི་སྐོར་གྱི་དགོངས་པ་བཅས། ཁོང་གི་རྣམ་ཐར་དང་གསུང་རྩོམ་ཁག་ནང་གང་སར་ཐར་ཐོར་དུ་ཡོད་པ་རྣམས་གཅིག་ཏུ་བསྡེབས་ལ།  དཔྱད་པ་ཕྲན་བུའི་སྒོ་ནས་བློ་ལྡན་རྣམས་ལ་སྤྱན་བསྟར་ཞུས་ཡོད་དོ།།
 
[བརྡ་ཆད་གཙོ་བོ་]    དོན་ཐོབ་གཙོ་བོར་བསྒྱུར་བ།  ཚིག་ཟིན་ལ་བསྒྱུར་བ།  གཞན་ངོར་བསྒྱུར་བ།  རང་གི་འདུན་པའི་སྟོབས་ཀྱིས་བསྒྱུར་བ།  རང་བྱུང་ཡི་གེ།  མཁས་པས་བྱས་པའི་ཡི་གེ།
 
    ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པ་ནི་ཤིན་ཏུ་་ནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཡིན་པ་སྟེ།  ཁོང་གིས་སྐབས་དེ་ཤེད་ཀྱི་སྲིད་འབྱོར་དང་།  ཆོས་ལུགས།  རིག་གནས།  ཚན་རིག་སོགས་ཕྱོགས་གང་ཐད་ནས་བོད་པ་སྤྱིའི་སྔོན་དུ་དགོངས་པ་གསར་པ་མང་པོ་བཞེས་ཡོད་པ་མ་ཟད།  ལེགས་སྦྱར་དང་།  པྲ་ཀྲི་ཏི།  དབྱིན་ཇི་སོགས་ཀྱི་སྐད་དང་ཡི་གེར་ཤིན་ཏུ་་མཁས་ཤིང་།  མཛད་རྗེས་ཀྱང་བླ་ན་མ་མཆིས་པ་འཇོག་གནང་མཛད་ཡོད་པས་ན།  གང་དེའི་ཡིག་བསྒྱུར་དགོངས་པར་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་ན།  ལོ་ཆེན་ཁོང་དང་འདྲ་བའི་བསམ་བློ་ཡོད་དགོས་པ་དང་།  ཁོང་དང་འདྲ་བའི་ཕྱོགས་གང་ཐད་ཀྱི་ཆུ་ཚད་ཡོད་དགོས་ཤིང་།  ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་བོད་དང་འཛམ་གླིང་སྤྱིའི་གནས་སྟངས་ཀྱང་ཤེས་དགོས་པ་མ་ཟད།  ལེགས་སྦྱར་དང་།  པྲ་ཀྲི་ཏི།  དབྱིན་ཇི་སོགས་ཀྱི་སྐད་དང་ཡི་གེ་ཡང་ཤེས་དགོས་ཀྱི་འདུག  དེས་ན་ལོ་ཆེན་ཁོང་གི་ཡིག་བསྒྱུར་དགོངས་པར་བདག་ལྟས་ཞིབ་འཇུག་ཆ་ཚང་བ་དང་ཟབ་པོ་ཞིག་ཡོང་ཐབས་ག་ལ་ཡོད། འོན་ཏེ་ད་ལྟའི་བར་དུ་ལོ་ཆེན་འདི་པའི་སྐོར་འབྲི་མཁན་ཚོའི་ཁྲོད་ན།  ཁོང་གི་ཡིག་བསྒྱུར་དགོངས་པར་ཞིབ་འཇུག་གནང་མཁན་ཧ་ལམ་མེད་པ་ལྟར་དུ་སྣང་ལ།  ལོ་ཆེན་ཁོང་གི་ཡིག་བསྒྱུར་དགོངས་པ་དེ་ལ་ཐུན་མོང་མིན་པའི་ཁྱད་ཆོས་འགའ་ལྡན་འདུག་པས།  ཁ་སྐོང་གི་ཚུལ་དུ་མི་འཇོན་འཇོན་མདོག་ཅུང་ཟད་འདི་རུ་བྱས་སོ།།
 
དང་པོ།  ཡིག་བསྒྱུར་གྱི་དགོས་པ་ཅི་ཡིན་སྐོར་གྱི་དགོངས་པ།
 
  དེ་ཡང་ད་ལྟའི་དུས་སུ་བོད་ཀྱི་ལོ་ཙཱ་བ་ཚད་ལྡན་ཞིག་བྱེད་པར་ཐོག་མར་ཡིག་བསྒྱུར་གྱི་དགོས་པ་ཅི་ཡིན་སྐོར་ལ་ངོས་འཛིན་གསལ་པོ་ཞིག་ཡོད་དགོས།  དེ་ཤེས་པ་བྱ་བར་ཕྱི་ནང་སྣོད་བཅུད་དམ།  རང་གཞན་གནས་བབས་སམ།  དུས་བབས་ལ་ངོས་འཛིན་གསལ་པོ་ཡོད་དགོས།  དེ་དག་ནས་རང་མི་རིགས་ཀྱི་རྒྱུས་ལོན་པ་དང་མི་རིགས་གཞན་དག་གི་རྒྱུས་ལོན་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེའོ།  རྒྱ་ཡི་ལའོ་ཙེའི་གཏམ་ལ་སྦྱར་ནས་སྨྲས་ན་འདི་ལྟ་སྟེ།  གཞན་རྒྱུས་ལོན་ན་ཤེས་རབ་འཕེལ།  །རང་རྒྱུས་ལོན་ན་མུན་པ་གསལ།  །ཞེས་དང་།  དེ་ལས་གསལ་བར་བྱས་ན་འདི་ལྟ་སྟེ།  སུན་ཙིའི་དམག་ཇུས་ནང་།  རང་གཞན་གཉིས་ཀའི་རྒྱུས་ལོན་ན།  །ལན་བརྒྱར་འཐབ་ཀྱང་ཕམ་མི་འགྱུར།  ཞེས་པ་ལྟར་རོ།།
དེའི་ཐད་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་(1)“ཨ་ཙེ།  ཨ་ཙེ།  རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པ་འདི་ག་ཙམ་མཛད་ན་ཡང་།  རང་རེ་བོད་པ་ཚོ་ལ་ནི་ཆོས་རྒྱལ་ཚོ་དང་།  ལོ་ཙཱ་བ་འཇིག་རྟེན་མིག་འབྱེད་དེ་ཚོ་བྱུང་མེད་ན།  མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་རང་རེས་གདན་གྲུ་བཞི་གཅིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་གོ་སྐབས་ག་ནས་ཪྙེད།”  ཅེས་གསུངས་ནས།   རྒྱ་གར་གྱི་པཎ་གྲུབ་ཚོས་ནང་པའི་ཆོས་དེ་ལྟར་བཏོད་ཅིང་དར་བར་མཛད་རུང་རང་རེའི་ལོ་ཙཱ་བ་དེ་དག་མེད་ན།  རང་རེར་ད་ལྟ་བཀའ་བསྟན་འགྱུར་གྱིས་གཙོས་པའི་གསུང་རབ་དེ་ཙམ་མཇལ་རྒྱུ་མི་ཡོང་བ་བསྟན་གནང་བ་དེའི་ཤུགས་ལ།  དེ་ནང་བཞིན་ནུབ་ཕྱོགས་སུ་གནའ་བོའི་ཀེ་རི་སེ་དང་རོ་མའི་ཕུན་ཚོགས་དང་།  རིག་རྩལ་བསྐྱར་དར།  བློ་འབྱེད་ལས་འགུལ།  མི་ཚུལ་་རིང་ལུགས་ལ་སོགས་པའི་ཕུན་ཚོགས་དེ་ལྟར་དར་ཞིང་རྒྱས་པ་བྱུང་ནས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་སྟོབས་འབྱོར་མངའ་ཐང་རྒྱས་པའི་དཔལ་ལ་རོལ་བར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་ཀྱང་།  དེ་དུས་བྱུང་བའི་རླབས་ཆེན་མི་སྣའི་གསུང་རྩོམ་རིན་ཐང་བྲལ་བ་དེ་ཚོ་བོད་ཡིག་ལ་བསྒྱུར་མཁན་མ་བྱུང་བའི་རྐྱེན་གྱིས།  དེང་རབས་ཤེས་དཔལ་གྱི་སྙིང་པོ་མཚོན་པའི་སྲིད་འབྱོར་དང་།  ཚན་རིག  རྩོམ་རིག་སྒྱུ་རྩལ་ལ་སོགས་པའི་གཞུང་དེ་ཚོ་རང་རེས་གདན་གྲུ་བཞི་གཅིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་གོ་སྐབས་གཏན་ནས་མ་བྱུང་བའི་ཉམ་ངའི་གནས་འདི་འདྲར་ལུས་པ་དེ་རང་རེས་མཐོང་ཐུབ་བོ།།
 
གཉིས་པ།  ཚད་ལྡན་གྱི་ལོ་ཙཱ་བ་ཞིག་ལ་ཚང་དགོས་པའི་སྐོར་གྱི་དགོངས་པ། 
 
  དེ་ལ་ལྔ་སྟེ།  བོད་ཡིག་དང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་རྡོ་བསྒྲིག་པ་ལྟ་བུ་ཞིག་དང་།  རྒྱ་གཞུང་གི་ཁོག་པ་ལོན་པ་ཞིག་དགོས་པ་དང་གཅིག  མ་བསྐུལ་དང་བླངས་ཀྱིས་ཡིག་བསྒྱུར་བྱ་བར་སྤྲོ་བས་ཞུགས་དགོས་པ་དང་གཉིས།  འབྲེལ་ཡོད་ཀྱི་སྐད་དང་ཡི་གེ་མང་པོ་ཤེས་དགོས་པ་དང་གསུམ།  ཡི་གེ་བསྒྱུར་བའི་དམིགས་ཡུལ་གསལ་པོ་ཡོད་དགོས་པ་དང་བཞི།  ཡུལ་དངོས་ལ་ངོ་བསྐྱོད་ཀྱིས་ཉམས་ཞིབ་མཐར་ཕྱིན་བྱེད་པའི་སྙིང་སྟོབས་དང་ལྡན་དགོས་པ་སྟེ་ལྔའོ།།
༡ བོད་ཡིག་དང་བོད་ཀྱི་རིག་གནས་ཀྱི་རྨང་གཞི་རྡོ་བསྒྲིག་པ་ལྟ་བུ་ཞིག་དང་།  རྒྱ་གཞུང་གི་ཁོག་ལོན་པ་ཞིག་དགོས་པ།    དེའི་ཐད་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་ཁོང་གིས(2)“དེང་སང་མང་པོས་ཨིན་སྐད་ལ་དང་དོད་བྱེད་པ་སྐབས་སུ་བབས་པ་འདྲ་པོ་ཞིག་རེད།  ཡིན་ན་ཡང་སྔོན་ལ་བོད་ཡིག་རང་མཐར་ཕྱིན་པ་ཞིག་སློབས།  ང་རང་ཚོས་དངོས་གནས་བྱས་ན་བོད་སྐད་དང་བོད་ཡིག་ཁུངས་འཁྱོལ་ངེས་ཤིག་བསླབ་ན་ཡག་བགྱི་རེད།  ཁྱེད་རང་གིས་བོད་ཡིག་མི་ཤེས་ཟེར་བ་མིན་ཡང་།  དཔེ་ཆ་བསྐྱར་ཀློག་བརྒྱབ་ནས་དབུ་ཕར་མཛོད་འདུལ་ཚོ་ཞིབ་ཆ་མཇལ།  དེའི་ནང་ནས་མངོན་པའི་གཞུང་ནས་བཤད་པའི་གྲངས་འདྲེན་མང་པོ་འདི་ཚོ་ལ་གཡེལ་ཆུང་མ་བྱེད་པར་སེམས་ལ་རྡོ་སྒྲིག་པ་ལྟ་བུ་ཞིག་མ་བྱུང་བར་དུ་བལྟ་དགོས་པ་རེད།  གྲངས་འདྲེན་འདི་ཚོ་རྒྱ་གར་གྱི་པཎྚིཏ་ཚོ་ཉི་མ་མ་འཁྱོལ་བར་བཟོས་པ་མ་རེད།  གྲངས་འདྲེན་བཞི་ཚན་ལྔ་ཚན་དྲུག་ཚན་སོགས་གང་འདྲ་ཞིག་འདུག་ཀྱང་རེ་རེ་ལ་སོ་སོའི་ཁྱད་ཆོས་ཤིག་ཡོད་པ་ཤེས་དགོས།  དེ་བཞིན་སོ་སོའི་གོ་རིམ་ཡང་མ་འཆུག་པ་བྱས་ན་མ་གཏོགས།  གང་ཡིན་ཟེར་ན་གོ་རིམ་སྒྲིག་སྟངས་ཚུན་ལ་གནད་འགག་ཆེན་པོ་ཡོད་པས།  གྲངས་ཀ་ལོན་ཙམ་སེམས་ལ་ཁྱར་ཁྱོར་ངེས་པས་འགྲིགས་བསམ་ནས་བསྡད་ན།  ཤེས་རྒྱུ་མང་པོ་ཞིག་ལུས་འགྲོ་ཞིང་།  དོན་དང་ཐོབ་བའི་རིམ་པ་མང་པོ་འཆོལ་བསྡད་པ་ཞིག་སེམས་ལ་འཇགས་ནས་ཕུགས་སྐྱོན་ཆེན་པོ་ཞིག་ཆགས་འགྲོ་བ་ཡིན་པས་གཟབ་དགོས།  ལྷག་པར་རྒྱ་གཞུང་ལ་གོ་བ་གཏིང་ཚུགས་པ་ཨེ་ཆགས་བལྟས་ནས་པོ་ཏི་ལྔ་སོ་སོའི་རྩ་བ་དང་རང་འགྲེལ།  སོ་སོའི་ཐད་ཀྱི་རྒྱ་འགྲེལ་ལ་བལྟ་བ་སོགས་བྱས་ན།  དང་པོ་ཁག་ཙམ་ཡོང་ངེས་ཀྱང་གང་མཚམས་ནས་གོ་བ་མེ་ནང་དུ་མར་ཁུ་བླུག་པ་ལྟ་བུ་ཡོང་རྒྱུ་འདུག  དེ་བཞིན་བོད་སྐད་དུ་བསྒྱུར་བའི་རྒྱ་གཞུང་ཚོའི་ཚིག་གི་འགྲོ་སྟངས་ལ་ཡང་ཞིབ་ཚགས་བྱེད་དགོས་པས།  དེ་ཚོའི་རིགས་ལ་སྐྱེས་རབས་དང་། འདུལ་བ་དང་།  ཀླུ་ཀུན་ཏུ་་དགའ་བའི་ཟློས་གར་ལ་སོགས་པ་མཇལ་ན།  རྒྱ་གཞུང་གི་ཚིག་གི་ཁོག་ལྟ་བུ་ལོན་ནས་ཕན་ཚུན་གཅིག་གྲོགས་གཅིག་ལ་སོང་ནས་ཕན་པ་ཆེན་པོ་ཡོང་འདུག  དགེ་བཤེས་ཤེས་རབ་ལགས་བོད་ཀྱི་མཁས་པས་རྩོམ་པའི་བསྟན་བཅོས་ལ་ཐུགས་འདྲིས་ཆེ་བ་མ་གཏོགས།  རྒྱ་འགྲེལ་དང་རྩ་བ་སོགས་ལ་གཏུགས་དགོས་ན་དོན་རྩ་མཐིལ་ཕྱིན་ལོན་གནང་བགྱི་མེད།  ཕྱོགས་གཞན་ཞིག་ནས་བལྟས་ན།  ང་རང་ཚོའི་སྔར་གྱི་ལོ་ཙཱ་བ་ཚོས་ལུས་སྲོག་འབེན་ལ་བཙུགས།  ལོ་ཡུན་མང་པོའི་རིང་ལ་པཎ་གྲུབ་ཚོའི་ཞབས་ལ་གཏུགས། དཀའ་སྤྱད་དེ་ཙམ་མཛད་ནས་སཾསྐྲིཏ་ནས་སྤར་ལ་སྤར་བཏབ་པ་ལྟ་བུར་བསྒྱུར་གནང་བའི་བཀའ་བསྟན་བཅོས་ཚོ་ལ་མདོ་སྔགས་རིག་གནས་དང་བཅས་པའི་རྨང་གཞི་དེ་ཡིན་བསམ་ནས་མིག་ཟུར་ཙམ་ཡང་མ་བལྟས་པར།  ཡིག་ཆ་ཞིག་གི་ཕྱོགས་སུ་ལྷུངས།  རྒྱབ་གནོན་ཡོང་ཆེད་ལ་རྗེ་ཡབ་སྲས་ཀྱི་གསུང་ཐོར་བུ་རེའི་ལུང་འདྲེན་བྱེད།  ཡིག་ཆ་བདག་པོའི་གསུང་ནས་ལུང་དྲངས་ན།  འདོད་ལན་མ་གཏོགས།  དགོངས་གཞི་ཙམ་ཡང་ལེན་མི་ཆོག་པ་འདི་འདྲ་ཞིག་གིས།  མ་རྟོགས་དང་ལོག་རྟོགས་ཀྱི་མུན་པ་ག་ནས་སེལ་ནུས།”ཞེས་གསུངས་སོ།།
༢ མ་བསྐུལ་དང་བླངས་ཀྱིས་ཡིག་བསྒྱུར་བྱ་བར་སྤྲོ་བས་ཞུགས་དགོས་པ།  དེ་ནི་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་ཡིག་བསྒྱུར་དགོངས་པ་གལ་ཆེན་ཞིག་ཡིན་ཏེ།  ཡིག་བསྒྱུར་གྱི་བྱ་བ་འདི་ལ་གཞན་གྱིས་བསྐུལ་ནས་གཞན་ངོར་བསྒྱུར་བ་ཞིག་དང་།  མ་བསྐུལ་དང་དུ་བླངས་ཏེ་རང་གི་འདུན་པའི་སྟོབས་ཀྱིས་བསྒྱུར་བ་ཞིག་སྟེ་གཉིས་ཡོད་པ་ལས།  དེ་གཉིས་ཕྱོགས་མང་པོའི་ཐད་ནས་ཤིན་ཏུ་མི་འདྲ་བ་འབྱུང་བ་གཞན་དུ་འཆད་པར་བའོ།།
༣ འབྲེལ་ཡོད་ཀྱི་སྐད་དང་ཡི་གེ་མང་པོ་ཤེས་དགོས་པ།  དེའི་ཐད་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (3)“ལར་ནས་ང་ཚོའི་ལོ་ཙཱ་བ་དེ་ཚོ་ག་འདྲ་རེད།  ཆག་སྒོ་ཆག་སྒོ།  འདུལ་བའི་ལོ་རྒྱུས་དེ་ཚོའི་ནང་མཇལ་དུས།  དྲུག་སྡེ་དང་།  བཅུ་གཉིས་སྡེ་དང་དགེ་སློང་མ་སྦོམ་དགའ་མོ་དང་། ཉེར་དགའི་བྱེད་སྟངས་དེ་ཚོ་མངོན་སུམ་མཐོང་རྒྱུ་ཡོད་པ་འདྲ་པོ།  དེ་འདྲའི་བསྒྱུར་ལེགས་པོ།  དེ་ཚོ་ལ་བལྟ་དུས་དེ་དུས་ཀྱི་ལོ་ཙཱ་བ་རྣམ་པས་སཾསྐྲིཏ་ཙམ་མ་ཟད།  གང་དུ་ཕེབས་སའི་རྒྱ་གར་གྱི་ཡུལ་སོ་སོའི་སྐད་རིགས་ཀྱང་ཕུགས་འཕེར་མཁྱེན་ནས།  རྒྱ་གར་བ་མཆོག་དམན་ཐམས་ཅད་ཀྱི་བསམ་ཚུལ་དང་སྤྱོད་ཚུལ་ཚང་མའི་སྡིངས་ལོན་ནས་མ་མཐའ་ཚིག་ཕལ་པ་ཡན་ལ་ཞིབ་ཚགས་མཛད་དེ།  དེ་ཐོག་བོད་ཀྱི་སྐད་ཡིག་ལ་ཡང་བྱང་ཆུབ་པ་ཞིག་བསྒྱུར་གནང་བ་ཡིན་ཙང་།  འགྱུར་སྤུས་དག་པོ་ཡོང་བའི་རྩ་བ་ཕྱི་ནང་གཉིས་ཀའི་སྐད་ཡིག་ལ་ཐོགས་པ་མེད་པ་ཡོད་པ་དེ་གས་རྒྱུ་བྱས་ནས་བྱུང་བ་རེད།  དེ་འདྲའི་འགྱུར་སྟངས་མཁས་པ།  དཔེར་ན།  ཉེར་དགའི་བྱེད་སྟངས་དེ་ཚོ་ལ་བལྟ་དུས།  ཁོ་དྲན་རྒྱུ་རྒོད་པོ།  གཡོ་ཚ་པོ།  ཁ་རྒོད་པོ་དེ་འདྲ་ལ་ཨང་སྙམ་པ་དང་།  ཁོས་བུ་མོ་ཆུང་ཆུང་ཞིག་ལ་འོ་བྱས་ནས་རེག་པའི་ལྟུང་བ་བྱུང་སྐབས།  གཞན་པས་འཕྱ་དུས་ད་དུང་ཁོས་ཁ་རྒྱག་པ་ག་ཚད་བཤད་འདུག་ཅེས།  དེའི་ཐད་ཀྱི་བརྡ་ཪྙིང་ཤ་ར་ར་གསུངས་ནས།  དེང་སང་བྱས་ན་ཁོའི་ལབ་སྟངས་འདི་འདྲ་ཞིག་རེད་པ་ཞེས་གསུངས།”ཞེས་འཁོད་འདུག  །
༤ ཡི་གེ་བསྒྱུར་བའི་དམིགས་ཡུལ་གསལ་པོ་དང་།  བསྟན་སྲིད་སྤྱི་ལ་ཕན་འདོད་ཀྱི་བསམ་པ་རླབས་ཆེན་ཞིག་དང་།  དེ་ལ་བརྟེན་ནས་བྲག་ལ་ཨི་ཁུང་འབིགས་པའི་སྙིང་རུས་དང་བརྩོན་འགྲུས་ཤིག་ཡོད་དགོས་པ།  དེ་ཡང་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (4)“གང་ལྟར་སིངྒ་ལར་ལོ་གསུམ་ཙམ་བཞུགས་རིང་བཀའ་བསྟན་བཅོས་མང་པོ་ལ་གཟིགས་རྟོག་མཛད་དེ། གནས་བརྟན་པ་རྣམས་ལ་གྲགས་ཆེ་བའི་མདོ་མང་པོ་དང་།  ལྷག་པར།  བོད་ཙམ་མ་གཏོགས་གཞན་འཇིག་རྟེན་འདིའི་ཁྱོན་ལ་ནང་པ་སངས་རྒྱས་པ་ཡིན་ནོ་ཅོག་ཐམས་ཅད་ཀྱིས་སྟོན་པའི་བཀའི་ཉིང་ཁུ་ལྟ་བུར་བརྩི་བའི་ཚོམས་སམ།  ཆོས་ཀྱི་ཚིགས་སུ་བཅད་པ་དེ་བོད་སྐད་དུ་བསྒྱུར་བར་མཛད།”ཅེས་གསུངས་པ་ལྟར།  ཆོས་ཀྱི་ཚིགས་སུ་བཅད་པ་དེ་བོད་ཡུལ་ཁོ་ན་ཕུད་པའི་འཇིག་རྟེན་འདིའི་སྟེང་གི་ནང་པ་སངས་རྒྱས་པ་ཐམས་ཅད་ཀྱིས་སྟོན་པའི་བཀའི་སྙིང་བཅུད་དུ་བརྩི་བ་དེའི་ཐད།  བོད་པས་ངོས་འཛིན་གསལ་པོ་དེ་ཙམ་མ་བྱུང་བ་དེ་གསལ་པོ་ཡོང་བ་བྱ་ཕྱིར་བསྒྱུར་གནང་མཛད་པ་དེ་ཡང་བསམ་བློ་བ་ཆེན་པོ་ཞིག་གི་མཛད་འཕྲིན་རང་དུ་སྣང་ངོ་།  དེ་ཡང་ཆོས་ལུགས་ཆེན་པོ་རྣམས་ཀྱིས་གཞུང་གཅིག་རང་གི་ཐོག་ནས་རང་གི་སྟོན་པའི་དགོངས་པ་ཐམས་ཅད་འཆད་ཐུབ་ན།  དེའི་དད་ལྡན་པ་རྣམས་བསམ་བློ་གཅིག་མཚུངས་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་བདེ་བ་ཡོད་སྟབས།  ཆོས་ལུགས་དེ་ཉིད་སྟོབས་ཤུགས་བླ་ན་མེད་པ་དང་ལྡན་པར་འགྱུར་གྱི་ཡོད་པ་ནི།  དཔེར་ན།  རྨུ་སི་ལིན་པས་<<གོ་རན་གྱི་མདོ་>>དང་།  ཡི་ཤུ་པས་<<དམ་པའི་མདོ་>>ཞེས་པའི་ནང་དུ་རང་གི་སྟོན་པའི་དགོངས་པ་ཡོངས་རྫོགས་འདུས་ནས་དད་ལྡན་པ་རྣམས་ལ་འཆད་འཁྲིད་བྱེད་པ་དེ་བཞིན་དུ།  བོད་ཕུད་པའི་འཇིག་རྟེན་འདིའི་སྟེང་གི་ནང་པ་ཡོད་དོ་ཅོག་གིས་ཀྱང་<<ཆོས་ཀྱི་ཚིགས་སུ་བཅད་པ་>>ཞེས་པ་འདིའི་ནང་དུ་སྟོན་པའི་དགོངས་པ་ཡོངས་རྫོགས་འདུས་ཡོད་སྟབས།  འདི་ལ་བརྟེན་ན་འཛམ་གླིང་སྟེང་གི་ནང་པ་སངས་རྒྱས་པ་ཐམས་ཅད་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་གི་ཡོད་ལུགས་བོད་པ་རྣམས་ལ་བསྟན་ཕྱིར་བསྒྱུར་བའོ།།
 ཡང་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (5)“དེང་སང་རང་རེ་བོད་པ་མང་ཆེ་བའི་བསམ་བློའི་ནང་།  ལོ་ཙཱ་བ་ཟེར་མཁན་དེ་ལ་རིག་པ་དང་།  གསེར་དང་བརྩོན་འགྲུས་ཏོག་ཙམ་ཡོད་པ་དེ་འདྲ་ཅིག་གིས་འགྲིགས་ཀྱི་རེད་བསམ་གྱི་འདུག་ཀྱང་།  ཁོང་རྣམས་ཀྱི་དམིགས་ཡུལ་དེ་ནི་བོད་ཀྱི་བསྟན་པ་དང་སེམས་ཅན་ཁོ་ན་ལ་མཛད།  ལོ་ནས་ལོ་བསྟུད་དེ་རྒྱ་གར་གནམ་གཤིས་ཚ་པོ་དེ་འདྲ་ཞིག་གི་ནང་དུ་བཞུགས་ཏེ་དཀའ་སྤྱད་མཛད།  དེ་དུས་དེང་སང་གི་རྩིས་བྱས་ན།  རེལ་ལི་དེ་ནི་གླང་གོག་སྒ་རིལ་རེད།  མོ་ཊོར་དེ་ནི་རྟ་སྒ་རིལ་རེད།  ཆག་སྒོ་ཆག་སྒོ་དེ་འདྲའི་སྙིང་རུས་ཆེན་པོ་ཞེས་གསུངས་ནས་དབུ་དཀྲུག་དཀྲུག་གནང་ནས་བཞུགས་ཀྱི་འདུག་”ཅེས་འཁོད་དོ།  དེ་ནི་ལོ་ཙཱ་བ་ཕུལ་བྱུང་ཞིག་བྱེད་པར།  དང་ཐོག་རླབས་ཆེན་གྱི་བསམ་བློ་པ་ཞིག་དང་དཀའ་ཐུབ་པ་ཞིག་ཡིན་དགོས་ཞེས་པའི་དོན་ནོ། གཞན་ཡང་ལོ་ཆེན་འདིས་ནག་མོའི་ཁོལ་གྱི་ཟློས་གར་གྱི་བསྟན་བཅོས་<<བྱ་ལེན་མ་>>བོད་སྐད་དུ་བསྒྱུར་དོན་ཡང་།  འཛམ་གླིང་ཟློས་གར་གྱི་ཏོག་ལྟ་བུ་འདི་བཞིན་གཞན་གྱིས་བོད་ཡིག་ཏུ་བསྒྱུར་ན་ཁོང་རང་གིས་བསྒྱུར་བ་ནང་བཞིན་གྱི་ཚིག་སྙན་པོ་འདི་འདྲ་འབྱུང་མི་ཐུབ་དགོངས་ནས་བསྒྱུར་བ་ཡང་དགོངས་པ་ཅན་གྱི་མཛད་པ་རང་ངོ་།།
༥.ཡུལ་དངོས་ལ་ངོ་བསྐྱོད་ཀྱིས་ཉམས་ཞིབ་མཐར་ཕྱིན་བྱེད་དགོས་པའི་དགོངས་པ།    
  ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་རྩི་ཤིང་དང་མེ་ཏོག་ལ་སོགས་པའི་མིང་བོད་སྐད་དུ་བསྒྱུར་དུས་རབ་བྱུང་ན་མ་ཡིག་གི་ནང་དུ་འཕྲད་པའི་མིང་དེ་འདྲ་ཐོན་སའི་ཡུལ་དེ་རང་ལ་ཕྱིན་ནས་དངོས་པོ་དེ་ཇི་འདྲ་ཞིག་ཡོད་པར་བལྟས་པས་མ་ཚད་དེ་ལ་ཉམས་ཞིབ་མཐར་ཕྱིན་པ་བྱས་རྗེས།  འདིའི་དོན་འདི་རང་ལས་མ་འདས་སྙམ་པའི་ངེས་ཤེས་བརྟན་པོ་སྐྱེས་ཚེ་གཞི་ནས་བོད་སྐད་ལ་བསྒྱུར་དགོས་པར་བཞེད་པའོ།།
 
གསུམ་པ།  དོན་ཐོབ་གཙོ་བོར་བསྒྱུར་བ་དང་ཚིག་ཟིན་ལ་བསྒྱུར་བའི་དགོངས་པ།
 
  དེ་ཡང་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་ཡི་གེ་བསྒྱུར་བའི་རྩ་དོན་དང་།  ཐབས་དམ་པ།  དོ་སྣང་བྱེད་དགོས་པ་སོགས་ཀྱི་ནང་དོན་ཚང་མ་འབྲུ་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་བ་དང་།  དོན་ཐོབ་གཙོ་བོར་བསྒྱུར་བ་ཞེས་པ་གཉིས་ཀྱི་་ནང་དུ་འདུ་གནང་མཛད་པ་དང་།  དེ་ནི་ཁོང་གི་ཐུན་མོང་མིན་པའི་དགོངས་པ་གལ་ཆེ་ཤོས་ཤིན་ཏུ་འདུ་ཆེ་བ་དེ་ཡིན།  དེ་ནི་དེང་རབས་ཀྱི་ཡིག་བསྒྱུར་རིགས་པའི་གཞུང་ལུགས་ནང་།  同化 དང་ 异化 བྱ་བའི་ཐ་སྙད་གསར་པ་གཉིས་བྱུང་བ་དེ་གཉིས་དང་དོན་མཚུངས་ཤིང་།  ལ་ལས་同化 ཞེས་པ་རང་འགྱུར་དང་།  异化 ཞེས་པ་གཞན་འགྱུར་དུ་བསྒྱུར་འདུག་པ་ནི་ཡིག་བསྒྱུར་གྱི་གཞུང་དོན་ལ་གོ་བ་མ་ལོན་པའི་རྟགས་ཡིན་པ་དང་།  ལོ་ཆེན་དགེ་ཆོས་ཀྱིས་གསུངས་པའི་དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  ཚིག་ཟིན་ལ་བསྒྱུར་བ་ཞེས་པ་དོན་ལ་གནས་པར་སྣང་ངོ་།།  ཚིག་ཟིན་ལ་བསྒྱུར་ན་ཚིག་སྙན་པོ་ཡོང་ཡང་གོ་དཀའ་ཙམ་ཡོང་བ་དང་།  དོན་ཐོབ་གཙོ་བོར་བསྒྱུར་ན་གོ་བདེ་བ་འབྱུང་བར་གསུངས་ཤིང་།  བོད་ཀྱི་སྔ་བསྒྱུར་ལོ་ཆེན་རྣམས་ཀྱིས་དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  ཕྱིས་ཀྱི་ལོ་ཆེན་ཚོས་ཚིག་ཟིན་ལ་བསྒྱུར་བར་བཞེད།  ཁོང་རང་ནི་དོན་ཐོབ་གཙོ་བོར་བསྒྱུར་བ་ལ་མཉེས་པ་ཡོད་ཀྱང་།  དོན་ཐོབ་གཙོར་བསྒྱུར་དང་ཚིག་ཟིན་ལ་བསྒྱུར་བ་གཉིས་ཀར་མཁས་པར་སྣང་ངོ་།  ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་དགོངས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་འགྱུར་དག་གོ་བདེ་པོ་ཡོང་ཕྱིར་ཡིན་པ་སྟེ།  གོ་བདེ་པོ་ཡོང་བ་བྱ་རྒྱུ་དེ་ཁོང་གི་རྩ་བའི་དགོངས་པ་ཞིག་ཡིན། དེ་ཡང་ཁོང་གིས་(6)“བརྩམས་པ་རྣམས་མངོན་བརྗོད་ཀྱིས་མང་པོ་བཅིང་མི་ཉན།  དོན་འདུས་ལ་ཁ་གསལ་གོ་བདེ་བ་ཞིག་དགོས།  རྩོམ་རབ་ལན་གཅིག་གིས་གོ་ཟེར་བ་ཡིན་མོད།  རྩོམ་ཟེར་བ་ཆགས་ལོའི་བདེ་སྨོན་འདྲ་བ་ཞིག་དགོས་ཨང་”ཞེས་གསུངས་པ་ལྟར་རོ།  འདི་ནི་ལོ་ཆེན་ཁོང་གིས་མཁས་པའི་བྱ་བ་རྣམ་གསུམ་གྱིས་གཙོས་པའི་བྱ་བ་མཐའ་དག་ལ་འཛིན་པའི་རྩ་བའི་དགོངས་པའི་གྲས་ཤིག་ཡིན་པ་ལས་ཡིག་བསྒྱུར་གཅིག་པུའི་དགོངས་པ་མིན་ནོ།  འོན་ཏེ་ད་ཆ་རང་རེས་ཚིག་ཟིན་ལ་གཙོ་བོར་བསྒྱུར་ཁུལ་བྱེད་པ་དེ་ནི་སློབ་གྲྭའི་སྐད་ཡིག་དགེ་རྒན་ཚིག་འགྲེལ་བཀླགས་ནས་སློབ་ཚན་འཁྲིད་ཚར་བར་བརྩི་མཁན་ཞིག་དང་འདྲ་བར་མངོན་ཏེ།  དགེ་རྒན་དེ་འདྲའི་སློབ་མས་ཚིག་ཙམ་ལས་གཞུང་རང་ལ་གོ་བ་ཆ་ཚང་བ་ཕར་ཞོག  ཟུར་ཙམ་ཞིག་ཀྱང་ལོན་ཐབས་བྲལ་བ་ཞིག་རེད།  ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་ལེགས་སྦྱར་བང་མཛོད་དུ།  (7)“སློབ་སྤྲིང་ལས།  ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་།  །སྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ།  །རི་རྩེའི་ནགས་ཀྱི་མཐོང་དེར་ཆགས་པ་མེད་པར་ནི།  །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་བ་ཆེ།།  འདི་ཚིག་ཟིན་ལྟར་བྱས་ན།  ཉེ་འཁོར་དུ་རི་བོང་ཅན་གྱི་དཀྱིལ་འཁོར་རྒྱས་པས་བརྒྱན་པ།  ཆུ་ཡིས་ལྕི་བའི་ཆུ་གཏེར་གྱི་སྐེད་ཆིངས་ངལ་གསོ་བ།  འདུ་འཛི་བྲལ་བའི་རི་བོའི་རྭ་སྟེང་།  ནགས་ཀྱི་མཐོངས་ན།  རླུང་གི་གཡོ་བའི་ངང་ཚུལ་ཅན་གྱི་ཚེ་འཁྲིད་པ་ནི་ཕྱུག་པོའོ།  བྱ་བ་འོ།  དེས་ན་སྔོན་གྱི་འགྱུར་རྣམས་ན་ཆུ་འཛིན།  དབྱིག་འཛིན།  རི་བོང་ཅན་སོགས་ཀྱི་མངོན་བརྗོད་རྣམས་སྤྲིན་དང་།  ས་དང་།  ཟླ་བ་སོགས་སུ་བསྒྱུར་བ་རྐྱང་ཡོད་པ་གོང་འོག་ཀུན་ཏུ་གསལ།  ཡང་སློབ་སྤྲིང་ལས།  བུད་མེད་ཡན་ལག་དྲི་ང་རུལ་བ་མི་སྡུག་པ།  །པད་མ་ཟླ་བ་ཨུཏྤལ་དག་ཏུ་་སྙོམས་བྱེད་པ།  །སྙན་དངགས་མཁན་གྱི་རྫུན་དེའི་འབྲས་བུ་མི་ཟད་པ།  །དེ་དག་དེ་ཡི་མངལ་གནས་འཇུག་པ་དེ་ཡིན་ནོ།  ཡང་།  ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ།  །ཀླུང་གི་ནང་དུ་ལྷུང་བ་ལྟ་བུ་སྣང་བཞིན་དུ།  །སྐྱེ་ཤི་ཕོངས་པས་ངོ་མ་ཤེས་པ་དེ་བོར་ནས།  །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད།  འདིའི་རྐང་པ་གསུམ་པ་སྦྱོར་ཏུ་མི་གཏུབ།  སློབ་སྤྲིངས་ཀྱི་ཚིག་འདི་རྒྱ་གར་བའི་རྣ་བ་ལ་ཤིན་ཏུ་་མཛེས་པའི་རིགས་ཡིན།  ཡང་ཉི་མ་རླབས་ཆེན་རྟ་བཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་།  །ཁུར་ལ་མི་བརྩི་ས་ཡི་འཇིག་རྟེན་འདེགས་པ་གང་ཡིན་ཏེ།  །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ།  །དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོ་ལ་གཅིག་ཏུ་གཞོལ།  དེས་ན་སློབ་སྤྲིངས་ཀྱང་སྔོན་གྱི་འགྱུར་དོན་ཐོབ་གཙོ་བོར་མཛད་པ་དེའི་རིགས་ཡིན་ལ།  ཚིག་འདི་འདྲ་ལ་ཕྱིས་ཀྱི་སྲོལ་བཞིན་འབྲུ་དོན་རེ་རེ་ནས་བསྒྱུར་ཏེ་གོ་རིམ་ཅུང་བསྣོལ་ཡང་གོ་ཐུབ་ཙམ་ཞིག་འོང་མཆི་སྟེ།  དཔེར་ན།  རྟག་ཏུ་འཇིག་རྟེན་འདེགས་ལ་གང་གིས་ཁུར་དུ་མི་བརྩི་དབྱིག་ལྡན་མ།  །དེ་ནི་རང་དོན་འགའ་ཞིག་མིན་གྱི་འདི་ཙམ་ཆེན་པོ་རྣམས་ཀྱི་གཤིས།  །གང་གིས་འཇིག་རྟེན་ཕན་བདེའི་རོ་ནི་མཐའ་གཅིག་མྱོང་བ་དེ་དག་ཡིན།  ཅེས་པ་ལྟ་བུའོ།  འདི་ལྟར་བྱས་ཚེ་ཚིག་འབྲུ་རེ་རེ་སྦྱོར་ཐུབ་ཅིང་།  སྙན་དངགས་བཟང་དུ་སོང་བ་འདྲ་ཞིག་བྱུང་ཡང་།  དོན་ལ་གོ་དཀའ་རུ་བཏང་བ་ལགས།  ཚིགས་བཅད་འདི་སྔར་ལས་ཀྱང་གོ་བདེ་བར་བྱས་པ་ཞིག།  པད་མ་བཀའ་ཐང་ཤེལ་བྲག་མར།  རང་དོན་འགའ་མེད་ཆེན་པོའི་རྣམ་ཐར་ཏེ།  །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེད།  །ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས།  བྱ་བ་ཞིག་ཡོད།  དེས་ན་ཪྙིང་མའི་མཁས་པ་འགའ་ཞིག་གི་གསུང་ལས།  སྔོན་དུས་ཀྱི་སྤྲུལ་པའི་ལོ་ཆེན་དེ་ཀུན་རྩ་་འགྲེལ་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་གང་བདེར་བསྒྱུར་བས།  ཚིག་འཇམ་ལ་དོན་གསལ།  ཕྱིས་ཀྱི་ལོ་ཙཱ་བ་བལ་ཡུལ་དུ་དགུན་ཐོག་བསྡད་པ་དག་གིས་འབྲུ་རེ་རེ་ལ་ཞིབ་ཚགས་ཆེ་བ་སྐད་བསྒྱུར་ཏེ། ཚིག་གྱོང་ཞིང་དོན་གྱི་ངོ་བོ་གོ་དཀའ་བར་སོང་ཞེས་བཤད་པ་ཡང་།  རྣམ་པ་གཅིག་ཏུ་ན་ཐུགས་མད་པ་ཡིན་སྙམ།  འདི་རྣམས་ཞིབ་ཏུ་བརྟགས་ན་འུ་ཅག་གིས་རྒྱ་དཔེ་མ་མཐོང་བཞིན་བོད་ཚིག་ལ་བལྟས་ནས་འདིའི་སྐད་དོད་འདི་འདྲ་ཡིན་ཅེས་མོ་བཏབ་པ་དེ་ཡང་མཐའ་གཅིག་ཏུ་བདེན་པ་མེད་ལ།  དེ་ལས་ཀྱང་བོད་གཞུང་ལ་བལྟས་ནས་རྒྱ་སྐད་དུ་ཕར་བསྒྱུར་བ་སྐད་དུ་བྱ་བ་འདི་ལ་ཤིན་ཏུ་་ཡང་ཉེན་ཆེ་སྟེ།།”ཞེས་གསུངས་སོ།།
འདིར་བོད་གཞུང་ལ་བལྟས་ནས་རྒྱ་སྐད་དུ་ཕར་བསྒྱུར་བ་འདི་ཉེན་ཚབས་ཤིན་ཏུ་ཆེ་བ་ཞིག་ཏུ་་གསུངས་འདུག་ནའང་།  ད་ཆ་རྒྱ་གར་གྱི་ན་ལེན་དྲ་སློབ་གྲྭ་ཆེ་མོ་སོགས་སུ་ནི་བོད་ཡིག་ནས་ལེགས་སྦྱར་སྐད་ལ་ནང་པའི་གཞུང་མང་པོ་བསྒྱུར་དང་བསྒྱུར་བཞིན་པ་ཡིན་སྐད་ཐོས་རྒྱུ་འདུག་པ་མ་ཟད།  བསྒྱུར་བ་དག་ཀྱང་སྤུས་ཤིན་ཏུ་དག་པོ་ཡོད་པར་ཡང་གྲགས་པས།  ལོ་ཆེན་ཁོང་གི་ཐུགས་ཁྲལ་དེ་དོན་མེད་པ་ཞིག་ཡིན་མིན་ལ་རང་རེས་བརྟག་དགོས་སོ།  གཞན་ཡང་དེ་ལྟའི་སྔོན་དཔེ་འཇིག་རྟེན་འདི་ན་མང་དུ་མཆིས་ཏེ།  དཔེར་ན།  གནའ་བོའི་ཀེ་རི་སེའི་རླབས་ཆེན་གྱི་མཚན་ཉིད་རིག་པ་བ་ཨེ་རུའེ་སི་ཏོ་ཏེས་ཀེ་རི་སེའི་ཡི་གེ་ནས་བརྩམས་པའི་གཞུང་ལུགས་མཐའ་དག་དུས་དབང་གིས་ཡོངས་སུ་འཇིག་ནས་སྐབས་ཤིག་
རིང་སུས་ཀྱང་མི་ཤེས་པར་གྱུར་མོད།  ཨི་ཀྲ་ལིའི་རིག་རྩལ་བསྐྱར་དར་གྱི་སྐབས་སུ་ཨ་རབ་ཀྱི་སྐད་དུ་བསྒྱུར་བའི་གང་དེའི་གསུང་རྩོམ་འགྱུར་མ་གཏེར་ནས་ཪྙེད་པ་དག་སླར་ཀེ་རི་སེ་དང་།  ཨི་ཀྲ་ལི་ལ་སོགས་པའི་ཡི་གེར་ཕྱིར་བསྒྱུར་བས།  ད་བཟོད་ཁོང་གི་རླབས་ཆེན་དགོངས་པའི་འོད་ཟེར་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ས་གཞི་ཆེན་པོར་སླར་ཁྱབ་ནས།  ནུབ་ཕྱོགས་པ་ཡར་རྒྱས་གོང་འཕེལ་འགྲོ་བར་ནུས་པ་བསམ་གྱིས་མི་ཁྱབ་པ་ཐོན་པ་བཞིན་ནོ།།
   ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་གསུངས་པའི་དོན་ཐོབ་གཙོ་བོར་བསྒྱུར་བ་དང་ཚིག་ཟིན་ལ་བསྒྱུར་བ་གཉིས་སོ་སོར་མངའ་བའི་ཁྱད་ཆོས་སམ།  དགེ་སྐྱོན་རྣམས་སྟབས་བདེར་བྱས་ནས་བསྟན་ན་འདི་ལྟ་སྟེ།། 
    ༡.དོན་ཐོབ་གཙོ་བོར་བསྒྱུར་ན།  ①འགྱུར་གུ་ཡངས་པ་དང་། ②ཚིག་འཇམ་པ།  ③དོན་གསལ་བ་བཅས་ཀྱི་དགེ་མཚན་ལྡན་ཡོད་པ་དང་།  འགྱུར་ལུགས་དེའི་སྐྱོན་ནི་རྒྱ་སྐད་ལ་སྦྱོར་མི་བདེ་བ་སྟེ། ①རྒྱ་བོད་ཤན་སྦྱར་གྱི་བལྟ་དེབ་འདྲ་པོ་ཞིག་བཟོ་མི་བདེ་བ་དང་།  ②བོད་ཡིག་ལ་བསྒྱུར་ཟིན་པ་རྣམས་སླར་ལེགས་སྦྱར་ལ་བསྒྱུར་ན་ཐོག་མའི་མ་ཡིག་ལྟར་མི་འབྱུང་བའོ།། 
༢.ཚིག་ཟིན་ལ་བསྒྱུར་ན།  ①སྙན་དངགས་བཟང་དུ་སོང་བ་འདྲ་བ་སྟེ།  མ་ཡིག་གི་རྩོམ་གཤིས་མ་ཉམས་སོར་གནས་ཡོང་བ་དང་།  ②ལེགས་སྦྱར་གྱི་གཞུང་དང་ཐད་ཀ་ཐད་ཀར་སྦྱོར་བདེ་བ།  རྒྱ་བོད་ཤན་རྦུར་གྱི་བལྟ་དེབ་འདྲ་པོ་བཟོ་བདེ་བ།  ③བོད་ཡིག་ལ་བསྒྱུར་ཟིན་པ་རྣམས་སླར་ལེགས་སྦྱར་གྱི་ཡི་གེར་བསྒྱུར་དུས།  ཐོག་མའི་ལེགས་སྦྱར་གྱི་མ་ཡིག་ལྟར་འབྱུང་བདེ་བའི་དགེ་མཚན་ཡང་ཡོད་པ་དང་།  འགྱུར་ལུགས་དེའི་སྐྱོན་ནི། ①དོན་གྱི་ངོ་བོ་གོ་དཀའ་རུ་འགྲོ་བ།  ②ཚིག་གྱོང་བའོ།། 
འོན་ཏེ་དེ་ཡང་བསྒྱུར་མཁན་གྱི་ཆུ་ཚད་དང་བསྒྱུར་རྩལ་བཟང་ལོས་ལའང་བལྟ་རྒྱུ་ཡོད་དེ།  འབྲུ་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་ལེགས་པོ་བྱུང་ན་སྙན་དངགས་བཟང་དུ་སོང་བ་ལྟ་བུ་ཞིག་ཡོང་བ་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བཞེད་ལ།  མ་ཡིག་གི་རྩོམ་ལུས་ཀྱི་ཕྱིའི་རྣམ་པ་ཚུད་པའི་དང་པོའི་རྩོམ་ཉམས་སམ་རྩོམ་གཤིས་ཁྱད་ཆོས་མ་ཉམས་པ་ཡོང་གི་ཡོད་པར་སྣང་སྟེ།  དཔེར་ན་<<སྤྲིན་གྱི་ཕོ་ཉ་>>ལྟ་བུའོ།།  ཕྱིས་ཀྱི་ཚིག་ཟིན་ལ་བསྒྱུར་མཁན་ལོ་ཆེན་མང་པོའི་དམིགས་ཡུལ་ཡང་མ་ཡིག་གི་རྩོམ་ཉམས་སམ་རྩོམ་གཤིས་ཁྱད་ཆོས་དེ་མི་ཉམས་པའི་ཆེད་དུ་ཡིན་སྣང་ལ།  དེ་ཡིག་བསྒྱུར་གྱི་འཕེལ་འགྲོས་དང་ཡང་ཤིན་ཏུ་་ནས་མཐུན་པར་སྣང་ངོ་།  དེ་ཡང་ཡིན་ཏེ་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་རུང་།  དེས་ཡུལ་གཞན་ནས་རིག་གནས་གསར་པ་ཞིག་ཚུར་ལེན་དུས།  ཡིག་བསྒྱུར་ལ་མ་བརྟེན་ཐབས་མེད་ཡིན་པ་དང་།  ཡིག་བསྒྱུར་དེ་ཡང་དུས་རིམ་མི་འདྲ་བ་གཉིས་བརྒྱུད་དགོས་པ་སྟེ།  ཐོག་མར་ངོ་སྤྲོད་རོབ་ཙམ་སྐབས་ཀྱི་ཡིག་བསྒྱུར་དུས་རིམ་དང་།  ཁྱོན་ཡོངས་ནས་ངོ་སྤྲོད་དང་ཞིབ་འཇུག་རྒྱ་ཆེ་གཏིང་ཟབ་བྱེད་པའི་ཡིག་བསྒྱུར་གྱི་དུས་རིམ་སྟེ་གཉིས་འགྲིམ་དགོས་ལ།  ཡིག་བསྒྱུར་གྱི་དུས་རིམ་དང་པོའི་ནང་གོ་བདེ་ཕྱིར་དོན་ཐོབ་གཙོ་བོར་བསྒྱུར་གྱི་ཡོད་པ་སྟེ།  དཔེར་ན།  བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར།  ཞེས་གྲགས་པ་ལྟར་ཡིན་པ་དང་།  ཡིག་བསྒྱུར་གྱི་དུས་རིམ་གཉིས་པའི་ནང་མ་ཡིག་གི་ཁྱད་ཆོས་མི་ཉམས་པའི་ཆེད་དུ་གཙོ་བོར་ཚིག་ཟིན་ལ་བསྒྱུར་གྱི་ཡོད་པ་རེད།  རང་རེ་བོད་ལ་ནང་པའི་དཔེ་ཆ་བསྒྱུར་བའི་ཐད་ལ་ཡང་དུས་རིམ་དེ་གཉིས་ཀ་བརྒྱུད་ཡོད་ལ།  དུས་རིམ་དང་པོ་སྟེ་སྔ་འགྱུར་གྱི་སྐབས་སུ་དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  དུས་རིམ་གཉིས་པ་སྟེ་ཕྱི་འགྱུར་གྱི་སྐབས་སུ་ཚིག་ཟིན་ལ་གཙོ་བོར་བསྒྱུར་གནང་མཛད་པ་དེ་ནི་ཡིག་བསྒྱུར་འཕེལ་འགྲོས་དང་ཡོངས་སུ་མཐུན་པ་ཞིག་རང་ངོ་།  དེར་བརྟེན་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་ཡིག་བསྒྱུར་འཕེལ་འགྲོས་ཀྱི་ཆོས་ཉིད་དེ་གཟིགས་རྟོགས་ཐུབ་པ་བྱུང་བ་དེ་ནི་ཚན་རིག་དང་ཡོངས་སུ་མཐུན་ལ།  བོད་ཀྱི་ཡིག་བསྒྱུར་རིག་པའི་ཐད་བྱས་རྗེས་ཤིན་ཏུ་་ཆེ་བ་ཞིག་འཇོག་སྣང་མཛད་པ་རང་རེད།།   དེས་ན་ཡིག་བསྒྱུར་གྱི་དུས་རིམ་དང་པོའི་སྐབས་སུ་དོན་ཐོབ་གཙོ་བོར་བསྒྱུར་བའི་དམིགས་ཡུལ་གཙོ་བོ་ནི་མ་ཡིག་གི་ནང་དོན་དག་ཤིན་ཏུ་་གསལ་ཞིང་གོ་བདེ་པོར་བུ་ཡིག་བལྟ་ཀློག་མཁན་ལ་ངོ་སྤྲོད་མྱུར་སྟབས་སུ་བྱ་ཕྱིར་ཡིན་པ་ལས།  མ་ཡིག་གི་རྩོམ་གཤིས་ལ་སོགས་པ་ཉམས་མེད་སོར་གནས་ཐུབ་པ་བྱ་རྒྱུ་དེ་མིན་པ་དང་།  ཡིག་བསྒྱུར་གྱི་དུས་རིམ་གཉིས་པའི་སྐབས་སུ་ཚིག་ཟིན་ལ་བསྒྱུར་བའི་དམིགས་ཡུལ་གཙོ་བོ་ནི་མ་ཡིག་གི་ནང་དོན་དག་བུ་ཡིག་བལྟ་ཀློག་མཁན་གྱིས་ཚེགས་མེད་དུ་རྟོགས་ཐུབ་མིན་ལ་མ་ལྟོས་པར།  མ་ཡིག་གི་ནང་དོན་ཙམ་མ་ཟད། མ་ཡིག་ནང་ཡོད་པའི་རྩོམ་གཤིས་ལ་སོགས་ཆ་འཕྲིན་གཞན་དག་ཡོངས་རྫོགས་བུ་ཡིག་གི་ནང་དུ་ཉམས་མེད་སོར་གནས་ཐུབ་པ་བྱ་རྒྱུ་དེ་ཡིན་པ་གོང་སྨྲོས་དག་ལས་རོབ་ཙམ་ཤེས་ནུས་སོ།།  དེ་ལས་འཕྲོས་སྟེ་ད་ལྟ་རང་རེས་བསམ་གཞིགས་བྱ་དགོས་པའི་གནད་དོན་གང་ཞེ་ན།  ནུབ་ཕྱོགས་རིག་གནས་ཀྱིས་གཙོ་བོ་བྱས་པའི་དེང་རབས་ཤེས་དཔལ་མཐའ་དག་བོད་ཡིག་ནང་ཚུར་ལེན་དུས།  ད་ལྟ་རང་རེ་ཐོག་མར་ངོ་སྤྲོད་བྱེད་པའི་ཡིག་བསྒྱུར་གྱི་དུས་རིམ་དང་པོའི་སྐབས་སུ་གནས་ཡོད་སྟབས།  ཁྱེད་རང་དགའ་པོ་ཡོད་རུང་མེད་རུང་དོན་ཐོབ་གཙོ་བོར་བསྒྱུར་རྒྱུ་དེ་ཨང་དང་པོར་འཇོག་དགོས་པ་ཡིན་ནོ།།
གཞན་ཡང་འབྲུ་དོན་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་མཁན་ལ་རིགས་གཉིས་ཡོད་དེ། 
གཅིག་ནི་བསྒྱུར་བའི་དུས་རིམ་གཉིས་པར་སླེབས་པའམ།  ཡང་ན་དགོས་པ་ཁྱད་པར་བ་ཞིག་གི་དབང་གིས་དེ་ལྟར་བསྒྱུར་བ་དང་།  གཅིག་ཤོས་ནི་ཡིག་བསྒྱུར་མ་ཤེས་པའམ།  ཆུ་ཚད་ཞན་པའམ།  ཉམས་མྱོང་མེད་པའི་དབང་གིས་དེ་ལྟར་བསྒྱུར་དགོས་ཐུག་པ་ཞིག་ཡིན་ཏེ།    དོན་ཐོབ་གཙོ་བོར་བསྒྱུར་རྒྱུ་དེ་ནི་ལོ་ཙཱ་བ་མཁས་པས་མ་གཏོགས་བསྒྱུར་མི་ཐུབ་ཅིང་།  གལ་ཏེ་ཡིག་བསྒྱུར་ལ་མི་མཁས་པ་ཞིག་གིས་དོན་ཐོབ་གཙོ་བོར་བསྒྱུར་ཁུལ་བྱས་པ་ཡིན་ན།  དེ་ནི་འཆལ་བར་བསྒྱུར་བ་ཞིག་ལས་དོན་ཐོབ་གཙོ་བོར་བསྒྱུར་བ་ཞིག་ནི་མ་ཡིན་ནོ།  དེ་གཉིས་མ་ནོར་བ་བ་རྒྱུ་གལ་ཤིན་ཏུ་ཆེའོ།།
ཡང་ལ་ལས་དོན་ཐོབ་གཙོ་བོར་བསྒྱུར་བ་དང་དོན་བསྒྱུར་གཉིས་དོན་གཅིག་པ་དང་།  ཚིག་ཟིན་ལ་བསྒྱུར་བ་དང་ཐད་བསྒྱུར་གཉིས་དོན་གཅིག་ཅེས་སྨྲ་བར་སྲིད་ཀྱང་།  དེ་ལྟ་མིན་ཏེ།  སྒྲ་བསྒྱུར་དང་།  དོན་བསྒྱུར་དང་།  ཐད་བསྒྱུར་དང་།  ཐད་ལོག་བསྒྱུར་དང་བཅས་པ་བཞི་ནི་བསྒྱུར་བའི་ཐབས་ཡིན་པ་དང་།  དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  ཚིག་ཟིན་ལ་བསྒྱུར་བ་གཉིས་ནི་བསྒྱུར་བའི་ལུགས་ཡིན་ནོ།  བསྒྱུར་བའི་ལུགས་མི་འདྲ་བ་རེ་ལ་ཐབས་ཙམ་གྱིས་མི་ཚད་པར།  ད་དུང་བསྒྱུར་ལུགས་དེ་རང་གི་རྩ་དོན་དང་།  བསྒྱུར་ལུགས་དེ་རང་གི་ལམ་མམ་ཡོན་ཏན་ལ་སོགས་པ་ཡང་ཆ་ལག་ཚང་བ་རེ་ཡོད་དོ།  གཞན་ཡང་།  དོན་བསྒྱུར་ནི་སྒྲ་བསྒྱུར་ལ་ལྟོས་པ་དང་།  ཐད་བསྒྱུར་ནི་ཐད་ལོག་བསྒྱུར་ལ་ལྟོས་པ་རྟོགས་སླའོ།།
ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་དོན་ཐོབ་གཙོ་བོར་བསྒྱུར་བ་དང་།  ཚིག་ཟིན་ལ་བསྒྱུར་བའི་ལུགས་ཐད་ཀྱི་གནད་འགག་འགའ་ཡང་གསུངས་པ་འདི་ལྟ་སྟེ།
༡ ཕྱིས་ཀྱི་འབྲུ་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་མཁན་གྱིས་སྔོན་གྱི་ལོ་ཆེན་རྣམས་ཀྱིས་དོན་ཐོབ་གཙོ་བོར་བསྒྱུར་བ་དེ་ལ་ཞུས་དག་དང་བཅོས་བརྒྱབ་པར་ཐུགས་མ་དགྱེས་པ།  དེ་ཡང་<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ཞེས་པའི་ནང་།   (8)“དེས་ན་ཕྱིས་ཀྱི་སྒྲ་པ་རྣམས།  བི  ཨཱ  ཨནུ་སོགས་པའི་ཉེར་བསྒྱུར་རེ་རེ་ལ་ཞིབ་ཚགས་བྱས་ཏེ་དཔང་ལོ་ལྟ་བུའི་མཁས་པ་དག་གིས་བསྒྱུར་བའང་བཅོས་འདུག་པ་ནི་ཤིན་ཏུ་ཡང་མི་འཚམས་པར་སེམས་སོ་”ཞེས་གསུངས་པ་དེ་ནི་བདེན་ཡང་དག་པར་སྣང་སྟེ།  ཇི་ལྟར་རི་གཤམ་ཁོ་ནར་སྡོད་པ་ལས་རི་སྐེད་ཙམ་ཡང་འཛེགས་མ་མྱོང་བ་ཞིག་ལ་རི་མཐོན་པོའི་རྩེ་མོའི་ཐད་ཆེ་བཤད་ཆུང་བཤད་བྱེད་པའི་འོས་ཐོབ་གཏན་ནས་མེད་དེ།  མི་དེས་རི་མཐོན་པོའི་རྩེ་ཡི་གནས་ལུགས་ངོ་མ་རྩ་བ་ནས་མི་ཤེས་པས་སོ།།  སྔ་འགྱུར་དང་ཕྱི་འགྱུར་གཉིས་ཀྱི་འགྱུར་ལུགས་ཤིན་ཏུ་ནས་མི་འདྲ་བས་ན།  ཞྭ་དཔེ་ལྷམ་འགེབས་དང་གསེར་སྐུ་རག་ལ་གཏོང་བའི་དཔེ་ལྟར་གྱི་འབྲས་ངན་ཐོན་ཉེན་ཆེའོ།  འདི་དང་འོག་ནས་འབྱུང་བའི་ལོ་ཆེན་རེ་རེ་ལ་གཞན་ཀུན་དང་མི་འདྲ་བའི་རང་རང་གི་བསྒྱུར་ལུགས་དང་ཁྱད་ཆོས་རེ་རེ་འདོན་རྒྱུ་ཡོད་གསུངས་པ་ནི་ཡིག་བསྒྱུར་ཁོ་ན་ཙམ་མ་ཟད།  རྩོམ་སྒྲིག་པ་དང་ཞུས་དག་པ།  ཐ་ན་རླུང་འཕྲིན་དང་།  གློག་བཪྙན།  བཪྙན་འཕྲིན་ཟློས་གར་གྱི་འཁྲབ་འཁྲིད་པ་ཚོས་ཀྱང་དོ་སྣང་ཆེན་པོ་གནང་དགོས་པའི་དགོངས་གཞི་གལ་ཆེན་ཞིག་ཡིན་ཏེ།  རྩོམ་པ་པོ་ཕུལ་དུ་བྱུང་བ་མང་པོའི་རྩོམ་ཡིག་ལ་ལུགས་དང་ཁྱད་ཆོས་སོ་སོར་གྱུར་པའི་རྩོམ་སྒྲིག་པ་དང་ཞུས་དག་གཏོང་མཁན།  འཁྲབ་འཁྲིད་པ་བཅས་ཀྱིས་རྡོག་རོལ་གཏོང་བ་རྟག་ཏུ་མཐོང་རྒྱུ་ཡོད་པས་སོ།།
༢ ལོ་ཆེན་རེ་རེ་ལ་གཞན་ཀུན་དང་ཤིན་ཏུ་ནས་མི་འདྲ་བར་རང་རང་གི་བསྒྱུར་ལུགས་དང་ཁྱད་ཆོས་རེ་རེ་འདོན་རྒྱུ་ཡོད་པར་དགོངས་པ།  དེ་ཡང་རྒྱ་ནག་གི་རི་མོ་མཁས་ཅན་ཇི་པའེ་ཧྲེས།  རི་མོ་འབྲི་བའི་རྩ་གནད་དེ།  ། འདྲ་དང་མ་འདྲའི་མཚམས་ན་ཡོད།  ། འདྲ་ཐལ་དྲག་ན་ཐ་མལ་འགྱུར།  ། མ་འདྲ་མི་མགོ་བསྐོར་བ་ཡིན།  ཞེས་གསུངས་པ་ལྟར།  ཡིག་བསྒྱུར་གྱི་བྱ་བ་དེ་ནི་རི་མོ་འབྲི་བ་དང་ཤིན་ཏུ་འདྲ་བ་ཞིག་ཡིན་པས།  འགྱུར་མ་དེ་ལོ་ཙཱ་བ་རང་ཉིད་ཀྱི་ཐུན་མོང་མིན་པའི་ཉམས་དང་ཁྱད་ཆོས་ཐོན་པ་ཞིག་དགོས་སོ།<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ནང་།  (9)“འདིར་ཡང་ལྷ་མོའི་སྐད་དོད་ཨུརྦཤཱི  བྱ་བ་དེ།  འཆི་མེད་མཛོད་དུ་ལྷའི་སྨད་འཚོང་དབང་ཆེ་ཞེས་བསྒྱུར་བ་ལ།  ལོ་ཆེན་(ས་སྐྱ་པ་གྲགས་པ་རྒྱལ་མཚན།----རྩོམ་པ་པོའི་མཆན་)གྱིས་དོ་གལ་མེད་པར་མཛད་དོ།  སྤྱིར་ལོ་ཆེན་འདི་དང་།  པ་ཚབ་དང་།  དཔང་ལོ་གསུམ་གྱིས་བསྒྱུར་ལུགས་ཤིན་ཏུ་འདྲ་ཞིང་།  ངོ་མཚར་ཤིན་ཏུ་་ནས་ཀྱང་ཆེ།  ལོ་ཆེན་རིན་བཟང་གིས་གསང་འདུས་བསྒྱུར་ལུགས་དེ་ཡང་དེ་དག་དང་མི་མཐུན་པ་ཞིག་འདུག  ཡར་ཀླུང་གྲགས་རྒྱན་གྱིས་དེ་སུ་གང་དང་ཡང་མི་མཐུན་ཞིང་ཁོང་རང་གི་ལུགས་ཤིག་འདུག  ཕྱིས་ཀྱིས་བསྒྱུར་པ་རྣམས་ནི་ཚིག་སྤྱིའི་གོ་བ་ལ་བསམ་བློ་མེད་པར་བྱིངས་འགའ་ཞིག་ལ་བསམ་ནས་བསྒྱུར་བ་སྟེ།”ཞེས་གསུངས།།
༣ ཕྱིས་ཀྱི་ལོ་ཆེན་འགའ་ཞིག་གིས་ལེགས་སྦྱར་གྱི་མ་དཔེ་དེ་གོ་བདེ་མིན་ཅི་འདྲ་ཞིག་ཡོད་རུང་།  བོད་སྐད་ལ་བསྒྱུར་དུས་ཤིན་ཏུ་་གོ་དཀའ་བར་མཛད་པ་འདི་དང་གོ་དཀའ་བ་ཞིག་གོ་བདེར་གཏོང་རྒྱུའི་ཁོང་གི་དགོངས་པ་གཉིས་འགལ་བས་ཐུགས་མ་དགྱེས་པ། <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ནང་།  (10)“དེས་ན་ཕྱིས་ཀྱི་ལོ་ཆེན་འགའ་ཞིག་གིས་བསྒྱུར་བའི་གཞུང་རྣམས་ཤིན་ཏུ་ཟབ་པ་འདྲ་ཞིག་སྣང་བ་དེ།  དོན་ལ་འགྱུར་དེ་ཟབ་དྲག་པའི་རྐྱེན་ཡིན་ནོ།  འདི་དག་དབང་མེད་དུ་ཤོར།”ཞེས་གསུངས་འདུག །
༤ ཐ་སྙད་བསྒྱུར་སྐབས་གོང་འོག་གི་ཡིག་ཕྲེང་ཁ་ཤས་ལ་བསྟུན་ནས་གོ་བ་བླངས་ཏེ་བསྒྱུར་དགོས་པར་བཞེད་པ།  <<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>ཅེས་པའི་ནང་།   (11)“རྩ་འགྲེལ་གང་ཡིན་ཀྱང་ཡང་ན་སྟོད་ནས་ཡིག་ཕྲེང་ལྔ་དྲུག་ཙམ།  ཡང་ན་སྨད་ནས་ཁ་ཤས་བློ་ཐོག་ནས་བཏོན་ཏེ་གོ་བ་དེའི་སྟེང་ནས་དོད།  ཚིག་གཅིག་རྐྱང་པས་གོ་མི་ཐུབ།  སྤྱིར་མདོ་སྔགས་རིག་གནས་གང་ཡིན་ཀྱང་རང་གི་རིག་རྩལ་གྱི་ཁྱད་ཆོས་རེ་འདོན་ཐུབ་དགོས།  གཞན་གྱི་རྗེས་ཟློས་ཀྱིས་ཕན་མི་ཐོགས།  རིས་མལ་རིས་རྒྱུག་གིས་གར་ཡང་མི་སླེབས་གསུངས་ཀྱི་ཡོད།”ཅེས་འཁོད།།
༥ ཡི་གེ་བསྒྱུར་དུས་ལོ་ཙཱ་བ་རེ་རེ་ཁེར་རྐྱང་མ་ཡིན་པར་ལོ་པཎ་གཉིས་མཉམ་དུ་ཕྱག་ལས་གནང་སྟེ་བསྒྱུར་ནས་ཞུས་དག་ཡང་ཡང་གཏོང་དགོས་པ་དང་།  སླད་ཁུངས་ལྡན་གྱི་དཔེ་ལ་གཏུགས་ནས་སླར་བཅོས་ཏེ་གཏན་ལ་འབེབས་དགོས་པའི་དགོངས་པ།  <<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (12)“དེ་ཡང་རང་སྒྱུར་( འདི་རང་སྣང་གང་ཤར་དུ་བསྒྱུར་བ་ལ་གསུངས་པ་མིན་ནམ་སྙམ།──རྩོམ་པ་པོའི་མཆན།)ལྟ་བུར་སྣང་བ་གང་དྲན་མིན་པར་སྔར་གྱི་ལོ་ཙཱ་བ་རྣམས་ཀྱི་སྲོལ་བཟུང་ནས།  བསྒྱུར་བྱང་མཛད་པར་ཡང་།  འཕགས་པ་གནས་བརྟན་པ་རྣམས་ཀྱི་མདོ་སྡེའི་སྡེ་སྣོད་དུ་བསྡུས་པ་ལས།  ཕྲན་ཚེགས་ཀྱི་མདོ་ཕྲན་གཉིས་པ་ཆོས་ཀྱི་ཚིགས་སུ་བཅད་པ་རྫོགས།  འདྲེན་པ་ཆེན་པོ་གནས་བརྟན་དྷརྨཱ་ནནྡའི་ཞབས་དྲུང་དུ་ཞུས་ཏེ།  སིངྒ་ལ་དཔལ་རལ་གྲིའི་རི་བོའི་དགོན་པར་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བ་རྫོགས་སོ།  ཞེས་དང་།  རིང་ནས་འདྲིས་པའི་རང་ཁྱིམ་ངོས་ཟིན་ཅིང་།  ། ཚེ་རབས་སྔ་མའི་ལས་ཀྱི་འཕྲོ་སད་དེ།  ། དུས་ཀྱི་མཐར་ཡང་རྫོགས་པའི་སངས་རྒྱས་གསུང་།  ། གསར་དུ་བསྒྱུར་བའི་དགའ་བ་གང་གིས་མཚོན།  ཞེས་མཆོག་ཏུ་་སྤྲོ་བ་སྐྱེས་ཚུལ་གསལ་བར་བསྟན་པར་མཛད་དོ།།”ཞེས་དང་། (13)“སྔར་གྱི་ལོ་ཙཱ་བ་ཚོས་བཀའ་བསྟན་བསྒྱུར་སྐབས།  རྒྱ་གར་གྱི་མཁན་པོ་འདི་དང་འདི་བྱ་བ་དང་།  བོད་ཀྱི་ལོ་ཙཱ་བ་འདི་དང་འདི་ཞེས་བྱ་བ་ནས་ཞུས་ཏེ་གཏན་ལ་ཕབས་གསུངས་པའི་ཞུས་ཟེར་བ་འདི།  གསོལ་རས་ཞུས་ཟེར་བ་མིན།  ལོ་པཎ་གཉིས་ཀས་ཞུ་དག་ཡང་ཡང་བཏང་བ་ལ་གོ་དགོས་པ་རེད།  ལོ་པཎ་ཉི་ཟླ་དང་འདྲ་བ་དེ་ཚོས་ཀྱང་ཞུས་དག་བཏང་ཡོད་ཅེས་གསུང་ས་དེ་ལ་ཡིད་ཆེས་བྱས།  ཡང་དུས་ཕྱིས་རྒྱ་གར་གྱི་མཁན་པོ་འདི་དང་འདི་ཞེས་བྱ་བ་དང་ལོ་ཙཱ་བ་འདི་དང་འདི་ཞེས་བྱ་བས།  ཁུངས་ལྡན་གྱི་དཔེ་འདི་དང་འདི་ལ་གཏུགས་ནས་བཅོས་ཏེ་གཏན་ལ་ཕབས་གསུངས་པ་དེ་ཚོའི་ཐོག་ལ་ཞིབ་ཏུ་བལྟས་ན།  ཁོང་རྣམ་པ་ཚོས་རེ་རེ་ཁེར་རྐྱང་ཡིན་མ་གསུངས་པར།  ལོ་པཎ་གཉིས་རྟག་པར་ཕྱག་ལས་མཉམ་དུ་གནང་བ་ཡིན་གསུངས་པ་འདི་ཙམ་ལ་དཔྱད་ན།  དྭང་བ་དང་ཡི་རངས་སྐྱེ་དགོས་པ་ཞིག་དང་།  བསྒྱུར་བ་ཡིན་ཟེར་བ་གང་བྱུང་གི་འོལ་ཚོད་བྱེད་ནུས་པ་ཞིག་མེད།  བྱས་ཙང་།  ཁྱོད་རང་སྔོན་ལ་བོད་ཡིག་ཁུངས་འཕེར་ཞིག་བསླབ་ན།  བསླབ་སྟངས་འདི་འདྲ་རེད།”ཅེས་གསུངས་པ་ལྟར་རོ།།
༦ སྐད་ལུགས་སོ་སོའི་ཕྲད་རྣམ་དབྱེ་སྦྱོར་ལུགས་ཤིན་ཏུ་ནས་མི་འདྲ་བའི་དགོངས་པ།    <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ནང་།  (14)“འདིར་ཨསྱ  བྱ་བ་དྲུག་པའི་མཐའ་ཡིན་ཡང་བོད་སྐད་ལ་འདི་ནི་བྱ་བ་ལས་བསྒྱུར་མ་གཏུབ་ཅིང་།  སྤྱིར་རྒྱ་སྐད་ཀྱི་རྣམ་དབྱེ་དྲུག་པ་ཕལ་ཆེར་བོད་སྐད་ལ་གཉིས་པ་དང་དང་པོ་ཁོ་ན་ཡིན་ཅིང་།  པ་ཚབ་སོགས་ཀྱིས་དེ་ལྟར་བསྒྱུར་འདུག་པས་སྔོན་གྱི་བསྒྱུར་རྣམས་གོ་བདེ་བའི་རྒྱུ་མཚན་གཅིག་དེ་ཡིན་ལ།  ཡར་ཀླུང་གྲགས་པ་རྒྱལ་མཚན་གྱི་འགྱུར་རྣམས་གོ་དཀའ་བ་ཡང་རྣམ་དབྱེ་རྣམས་ཇི་ལྟ་བ་བཞིན་བསྒྱུར་བ་ཡིན།  འདིར་དོན་ཐོབ་ལ་གཉིས་པ་ཡིན་ཀྱང་།  དམིགས་བསལ་གྱིས་དྲུག་པ་སྦྱར་སོགས་ཟེར་བ་ཡང་།  སྐད་ལུགས་སོ་སོའི་རྣམ་དབྱེ་སྦྱོར་ལུགས་ཤིན་ཏུ་་མི་འདྲ་བ་རྒྱུས་མེད་པ་སྟེ།  ལེགས་སྦྱར་ལ།  ཆུ་ཡིས་གང་བའི་བུམ་པ་བྱ་བ་ལ་ཆུ་ཡི་གང་བའི་བུམ་པ་དང་།  ཝ་ར་ན་སིའི་རྒྱལ་པོ་བྱ་བར།  ཝ་ར་ན་སི་ན་རྒྱལ་པོ་སོགས་རྟག་ཏུ་འོང་བས་བོད་སྐད་དང་ཡེ་མ་འདྲ།  བོད་སྐད་དང་རྒྱ་ནག་དབུས་ཀྱི་སྐད་( འདི་རྒྱའི་སྤྱི་སྐད་ལ་གསུངས་པ་འདྲ་ཡང་དེ་དུས་ད་ལྟའི་རྒྱའི་སྤྱི་སྐད་འདི་གྲུབ་མེད་པས་དཔོན་ཕྱོགས་ཀྱི་སྐད་ལ་ཟེར་བ་མིན་ནམ་སྙམ་སྟེ་དཔྱད་འོས་སོ།──རྩོམ་པ་པོའི་མཆན། )ལྟ་བུ་གཉིས་བསྡུར་དང་ཡང་རྣམ་དབྱེ་སྦྱོར་ལུགས་མི་འདྲ་བ་ཤེས་ཡོང་།  (འདི་ནི་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱིས་རང་རེ་རྒྱ་བོད་ཡིག་བསྒྱུར་བ་རྣམས་ལ་བསྐུར་བའི་སྦྱོང་ཚན་ཞིག་ཡིན་ལ།  མ་གཞི་ནས་ཡིག་བསྒྱུར་ཟེར་བ་དེ་ག་རང་སྐད་གཉིས་ལ་བསྡུར་བ་བྱེད་པའི་ཞིབ་འཇུག་གི་ལས་ཀ་ཞིག་ཡིན་པའང་ཤུགས་ལ་རྟོགས་ནུས་སོ།)  སྐད་དེ་ལ་སྦྱོར་ལུགས་དེ་དོན་ཐོབ་ཡིན་གྱིས་དམིགས་བསལ་ག་ལ་ཡིན།  དེས་ན་གོང་གི་ཚིག་འདི། གང་བདག་མཐོང་བ་འདི་ནི་དེར་ང་ཞེས་ཞེན་པ་པོ་ཡིན་ནོ། ཞེས།  གང་དང་འདི་དང་ཞེན་པ་གསུམ་གཞི་གཅིག་ལ་བསྡུ་དགོས་སོ།”ཞེས་གསུངས་ནས།  དོན་ཐོབ་གཙོ་བོར་བསྒྱུར་བ་དེ་གོ་བདེ་པོ་ཡོང་བའི་རྒྱུ་མཚན་གཅིག་ནི་ལོ་ཙཱ་བས་སྐད་ལུགས་སོ་སོའི་ཕྲད་རྣམ་དབྱེའི་སྦྱོར་ལུགས་ཤིན་ཏུ་ནས་མི་འདྲ་བ་དེ་མཁྱེན་ཅིང་།  དེ་ཉིད་གཙིགས་ཆེ་བར་མཛད་པའི་སྟབས་ཀྱིས་ཡིན་པ་དང་།  ཚིག་ཟིན་ལ་བསྒྱུར་བ་དག་ལས་ཁག་ཅིག་གོ་དཀའ་བར་གྱུར་དོན་གཅིག་ནི་ལོ་ཙཱ་བས་སྐད་ལུགས་སོ་སོའི་ཕྲད་རྣམ་དབྱེ་སྦྱོར་ཚུལ་ཤིན་ཏུ་་ནས་མི་འདྲ་བ་དེ་མ་མཁྱེན་པའམ།  ཡང་ན་མཁྱེན་རུང་དོ་གལ་ཆེ་བར་མ་མཛད་པའི་སྟབས་ཀྱིས་ཡིན་པ་སྟོན་པར་མཛད་འདུག་གོ །
གོང་གི་གསུང་དེ་ལ་དགོངས་པ་བཞེས་རྒྱུ་མང་པོ་འདུག་སྟེ།  དེང་རྒན་རབས་མང་པོ་ཞིག་གིས་གཞོན་སྐྱེས་ཚོའི་རྩོམ་དང་འགྱུར་ལ་གཟིགས་མ་ཐག་ཏུ་དེ་དག་ལ་རྒྱ་ནག་གི་སྐད་ཀྱི་ཤན་ཞུགས་དྲག་ནས་དོན་གོ་རྒྱུ་མི་འདུག་གསུང་བ་བདེན་ཡང་།  རྒྱ་སྐད་ཀྱི་ཤན་ཇི་ལྟར་ཞུགས་འདུག་གསུང་རོགས་ཞེས་ཞུས་ན་ཁོང་རྣམ་ཚོར་ཡང་གསལ་པོ་ཞིག་གསུང་རྒྱུ་མི་འདུག  ཡིན་རྒྱུ་ངོ་མ་དེ་རྒྱ་ནག་གི་སྐད་དང་བོད་སྐད་གཉིས་ཀྱི་ཕྲད་རྣམ་དབྱེ་སྦྱོར་ལུགས་ཤིན་ཏུ་་ནས་མི་འདྲ་བ་དེ་ཉིད་རང་རེ་གཞོན་སྐྱེས་ཚོས་འདྲ་བར་བྱས་ནས་བོད་སྐད་དེ་བོད་སྐད་མིན་པ་ལྟ་བུར་གྱུར་པ་ལགས།  དཔེར་ན། 中国人民银行ཞེས་པའི་རྒྱ་སྐད་དེ་ལ་ཕྲད་རྣམ་དབྱེ་ལ་སོགས་པ་ཅི་ཡང་མེད་ཀྱང་།  ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་དགོངས་པ་ལྟར་བྱས་ན།  རྒྱ་ཡིག་ནི་རང་བྱུང་གི་ཡི་གེར་སོང་གཤིས་གོ་རིམ་བསྒྲིག་པ་ཙམ་གྱིས་རང་བྱུང་གི་སྟོབས་ལ་བརྟེན་ནས་དོན་ཕལ་ཆེར་སྟོན་ནུས།  དེ་ཇི་ལྟ་བཞིན་བོད་སྐད་ལ་བསྒྱུར་ན།  ཀྲུང་གོ་མི་དམངས་དངུལ་ཁང་ཞེས་བྱུང་བ་དེ་ནི་བོད་སྐད་ཀྱི་ངག་དོན་ནམ་བརྗོད་པ་ཕར་ཞོག་ཚིག་ཙམ་ཡང་མ་གྲུབ།  བོད་སྐད་ཀྱི་ཚིག་ཙམ་དུ་གྲུབ་དགོས་ན་ཡང་།  ཀྲུང་གོའི་མི་དམངས་ཀྱི་དངུལ་ཁང་ཞེས་རྣམ་དབྱེ་དྲུག་པའི་ཕྲད་སྦྱར་ནས་བསྒྱུར་དགོས་པར་སྣང་སྟེ།  རྗེ་ས་པཎ་གྱིས་དོན་གྱི་ངོ་བོ་སྟོན་པ་མིང་།  དེ་ཡི་ཁྱད་པར་སྟོན་པ་ཚིག་ཅེས་མིང་གི་ཁྱད་པར་སྟོན་དགོས་པར་གསུངས་པའི་ཕྱིར།  དེ་བས་བོད་སྐད་ཀྱི་ངག་དོན་ནམ་བརྗོད་པ་ཞིག་གྲུབ་དགོས་ཀྱི་ཡོད་ན་རྣམ་དབྱེ་དྲུག་པ་དང་བརྒྱད་པ་གཉིས་ཞུགས་པས་ཀྱང་མི་འགྲིག་པར།  ངེས་པར་དུ་རྣམ་དབྱེ་གཉིས་པ་དང་གསུམ་པ་བཞི་པ་ལྔ་པ་བདུན་པ་བཅས་ལྔ་ལས་གང་རུང་ཞིག་ཞུགས་དགོས་པ་ཡིན་ཏེ།  ཇི་སྐད་དུ།  བྱེད་པོ་ལས་དང་བྱེད་ཅན་ཆེད།  །འབྱུང་ཁུངས་གཞི་རྣམས་བྱེད་ཅན་དྲུག  །དྲུག་བརྒྱད་སྤངས་པའི་རྣམ་དབྱེའི་གཞི།  ཞེས་གསུངས་པ་འདི་ནི་སྐད་བརྡ་རིག་པའི་གནད་འགག་ཆེན་པོ་ཞིག་ཡིན་པར་སྣང་ཞིང་།  འདིའི་ངག་དོན་ཞེས་པ་ནི།  རྗེ་ས་པཎ་གྱིས་དེ་དག་ཕན་ཚུན་འབྲེལ་བ་ལས་བརྗོད་དོན་གསལ་བར་སྟོན་པ་ནི་ངག་ཅེས་གསུངས་པ་དེ་ཡིན་ཏེ་བརྗོད་པའོ།  བོད་ཀྱི་སྐད་ཡིག་ལ་སོགས་པའི་མཁས་པས་བྱས་པའི་སྒྲ་སྦྱོར་གྱི་ཡི་གེ་རྣམས་ནི་གཙོ་བོ་ཕྲད་རྣམ་དབྱེར་ལྟོས་པའི་ཡི་གེ་ཡིན་པ་དང་།  རྒྱ་སྐད་ལ་སོགས་པའི་རང་བྱུང་གི་ཡི་གེ་རྣམས་ནི་གཙོ་བོ་གོ་རིམ་ལ་ལྟོས་པའི་ཡི་གེ་ཡིན་ཏེ།  རྒྱ་སྐད་ཀྱི་བརྡ་སྤྲོད་གཞུང་ནང་།  动宾词组、偏正词组、并列词组、主谓词组、连和词组ཟེར་བ་ལྟ་བུ་མང་པོ་ཞིག་ཡོད་པ་དང་།  རྒྱ་སྐད་ཀྱི་བརྗོད་པ་རིང་པོ་དེ་ཚོའི་ནང་དུའང་།  动兵关系、偏正关系、并列关系、主谓关系、连和关系སོགས་དབྱེ་རྒྱུ་ཡོད་པའང་།  མང་ཆེ་བ་ཕྲད་མེད་པར་གོ་རིམ་གྱི་སྟོབས་ལས་དབྱེ་ནུས་པ་དེ་ཚོ་བོད་སྐད་ལ་བསྒྱུར་དུས་ངེས་པར་དུ་ཕྲད་རྣམ་དབྱེའི་ནུས་པ་ལ་བརྟེན་ནས་གསལ་བར་བྱེད་དགོས་སོ།  སྤྱིར་སྒྲ་སྦྱོར་གྱི་སྐད་ཡིག་ཅིག་ཡིན་ཕྱིན་ངག་གམ་བརྗོད་པ་གཅིག་གི་ནང་དུ་བྱ་ཚིག་གཉིས་འབྲེལ་ནས་ཐོན་ཚེ།  བྱ་ཚིག་གཉིས་ཀྱི་
བར་དུ་ཕྲད་ཅིག་ངེས་པར་ཞུགས་དགོས་པར་སྣང་སྟེ།  དཔེར་ན་དབྱིན་ཇིའི་སྐད་ཀྱི་བརྗོད་པ།  I  like  to  read  this  book。ལྟ་བུར་ཕྲད་toཞེས་པ་མེད་ན་བརྗོད་པ་ཧྲིལ་པོ་ནོར་བར་བརྩི།  རང་རེ་བོད་སྐད་ཀྱང་དེ་དང་འདྲ་མོད།  ད་ལྟ་མང་པོ་ཞིག་གིས་བྱ་ཚིག་གཉིས་ཀྱི་དབར་ལ་ཕྲད་མ་སྦྱར་བར་སྨྲ་བ་དང་འབྲི་བར་བྱེད་ཀྱིན་གདའོ།  དཔེར་ན།  མི་ཞིག་ལ་ག་རེ་བྱེད་ཀྱི་ཡོད་ཅེས་དྲིས་ན།  ཁོས་ཉལ་བསྡད་ཡོད་ཟེར་རྐྱང་རེད།  དངོས་གནས་བྱས་ན་ཉལ་ནས་བསྡད་ཡོད་ཟེར་དགོས་པ་རེད།  དེ་བཞིན་རྒྱུགས་ཕྱིན་སོང་ལྟ་བུ་ལ་རྒྱུགས་ནས་ཕྱིན་སོང་ཟེར་དགོས་པ་དང་།  ལོག་འགྲོ་ལྟ་བུ་ལ་ལོག་ནས་འགྲོ་ཟེར་དགོས།  དེ་ལྟར་སྡེབ་སྦྱོར་གྱི་དབང་དུ་བྱས་ནའང་བོད་སྐད་རང་གི་ཉམས་དེ་ཐོན་ཡོང་གི་རེད།  དཔེར་ན།  སྣང་ས་འོད་འབུམ་གྱི་རྣམ་ཐར་ནང་།  ད་ཡང་མི་སྡོད་ད་ཡང་བཏང་ནས་འགྲོ  །མ་དང་མཁའ་འགྲོའི་ཕྱོགས་ལ་ལོག་ནས་འགྲོ  ཞེས་པ་ལྟར་བཏང་ནས་འགྲོ  ལོག་ནས་འགྲོ  ཞེས་གསུངས་པ་ལས་བཏང་འགྲོ   ལོག་འགྲོ་ཞེས་གསུངས་མི་འདུག  །
གཞན་ཡང་བོད་སྐད་ལ་སྐད་དང་ཡི་གེ་གཞན་དག་གི་ཤན་ཞུགས་པར་ཧ་ལས་ཧང་སངས་བྱེད་དགོས་དོན་མེད་དེ།  དེ་ནི་སྐད་བརྡའི་འཕེལ་འགྲོས་དང་མཐུན་པས་སོ།  དཔེར་ན།  ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་ཚོའི་བོད་སྐད་ཀྱི་ནང་དུ་སྒྲ་གདངས་མན་ཆད་ནས་དབྱིན་སྐད་ཀྱིས་གཙོས་པའི་ཕྱི་རྒྱལ་གྱི་སྐད་ཀྱི་ཤན་མང་པོ་ཞུགས་ཡོད་པ་ནི་ཉན་པ་ཙམ་གྱིས་ཤེས་ནུས་པ་ལྟར་ཡིན་པ་དང་།  གནད་འགག་འཐུག་ས་ནི་ཤན་ཇི་ལྟར་ཞུགས་ཚུལ་རང་རེས་ཤེས་པ་བྱས་ནས།  ཤན་ཞུགས་པ་དེས་རང་རེའི་སྐད་དང་ཡི་གེ་འཕེལ་རྒྱས་འགྲོ་བར་གེགས་བྱེད་དུ་མ་བཅུག་པར་དེ་མཐུན་རྐྱེན་ལ་འགྱུར་ཨེ་ཐུབ་བལྟ་རྒྱུ་དེ་ལགས།  དེ་ཡང་དབུས་གཙང་ཁུལ་གྱི་ཁ་སྐད་ཀྱི་ནང་དུ་ཞེ་ས་དང་བཅས་པའི་འབོད་སྒྲ་ཨུ་ལོའོ་ཞེས་པ་ཡོངས་གྲགས་སུ་སྤྱོད་པ་ཞིག་ཡོད་པ་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་མཛད་པའི་<<དགའ་བཞི་བའི་རྣམ་ཐར་>>གྱི་ནང་དུའང་འཁོད་ལ།  དེ་ད་ཆ་ཕྱི་རྒྱལ་ལ་བཞུགས་པའི་བོད་རིགས་ཚོས་འདོན་དུས།  དབྱིན་ཇིའི་སྐད་ཀྱི་འབོད་སྒྲ་Hello!ཞེས་པའི་གདངས་དང་གཅིག་མཚུངས་སུ་ཡོང་སྣང་བ་དང་།  རང་རེ་བོད་ལ་དེ་སྔ་ཀྱེ་དང་།  ཀ་ཡེ་དང་།  ཝ་ཡེ་སྟེ་རྒྱུན་སྤྱོད་ཚད་ལྡན་གྱི་འབོད་སྒྲ་གསུམ་ཡོད་པ་མ་ཟད།  དེ་དག་གི་སྤྱོད་ཡུལ་ཡང་མི་འདྲ་སྟེ།  ལམ་རིམ་སུམ་རྟགས་ལས།  རང་ལས་མཐོ་བར་ཀྱེ་སྦྱོར་དགོས་པ།  དཔེར་ན།  ཀྱེ་རྒྱལ་པོ་ལྟ་བུ་དང་།  རང་དང་མཉམ་པར་ཀ་ཡེ་སྦྱོར་དགོས་པ།  དཔེར་ན།  ཀ་ཡེ་གྲོགས་པོ་ལྟ་བུ།  རང་ལས་དམའ་བར་ཝ་ཡེ་སྦྱོར་དགོས་པ།  དཔེར་ན།  ཝ་ཡེ་ཡར་ཤོག་ལྟ་བུའོ།  དེ་ལྟར་འབོད་སྒྲ་དེ་དག་གི་སྤྱོད་ཡུལ་ལ་ཁྱད་པར་ཤིན་ཏུ་གསལ་བར་དབྱེ་རྒྱུ་ཡོད་ཀྱང་།  ད་ཆ་རྒྱ་ནག་གི་སྐད་ཀྱི་འབོད་སྒྲ་喂!ཞེས་པའི་ཤུགས་རྐྱེན་གྱིས།  མཐོ་དམན་མེད་པར་རང་རེས་ཝ་ཡེ་ཞེས་པའི་འབོད་སྒྲ་འདི་ཁོ་ན་སྤྱོད་པའི་སྲོལ་ཞིག་དར་ཡོང་བ་ནི།  དཔེར་ན།  ཝ་ཡེ་རྒན་ལགས།  ཝ་ཡེ་པ་ལགས།  ཞེས་འབོད་པ་ལྟ་བུའོ།  གཞན་ཡང་ཕྱི་ལ་བཞུགས་པའི་བོད་རིགས་ཚོས་གསན་དུས།  རྒྱ་ནག་གི་སྐད་གདངས་ཀྱི་ཤན་ཞུགས་པའི་བོད་སྐད་དེ་ཤིན་ཏུ་རྩུབ་པ་ཞིག་ཏུ་གྱུར་འདུག་ཅེས་གསུང་མཁན་ཡང་མཆིས་པས་དཔྱད་འོས་སོ།།
༧ ལོ་ཆེན་དགེ་འདུན་ཆོས་འཕེལ་སྔ་འགྱུར་གྱི་ལུགས་ལ་མོས་ཤིང་།  ཕྱི་འགྱུར་གྱི་ཚིག་ཟིན་ལ་བསྒྱུར་བའི་ཚུལ་དེར་ཅུང་མ་མཉེས་ཀྱང་།  སྔ་འགྱུར་དང་ཕྱི་འགྱུར་གཉིས་ལ་རང་རང་གི་ཁྱད་ཆོས་རེ་ཡོད་པ་ཁས་ལེན་གནང་བ།  དེ་ཡང་སྔ་འགྱུར་གྱི་ལོ་ཆེན་ཚོས་སྔོན་ལ་མ་ཡིག་ཧྲིལ་པོར་གོ་བ་རིལ་གྱིས་ལོན་པ་གནང་རྗེས།  དེ་བོད་སྐད་རང་གི་ཐོག་ནས་ཕབ་བསྒྱུར་གནང་སྟངས་དེ་ལ་ལོ་ཆེན་དགེ་འདུན་ཆོས་འཕེལ་ཡང་མཉེས་པོ་གནང་གི་འདུག་པ་དེར་བདག་ཀྱང་མོས་སོ།  བསྒྱུར་ལུགས་དེ་ལྟ་བུ་ཞིག་ཉེ་དུས་བྱོན་པའི་རྒྱ་ནག་གི་ལོ་ཆེན་ཧྥུ་ལེ་བྱ་བས་ཀྱང་མཛད་འདུག་སྟེ།  ཁོང་གིས་ཧྥ་རན་སིའི་རླབས་ཆེན་གྱི་རྩོམ་པ་པོ་འབལ་ཙག་(巴尔扎克)གི་གསུང་འབུམ་རྒྱ་ཡིག་ཏུ་བསྒྱུར་དུས།  སྔོན་ལ་མ་ཡིག་དེ་ལན་ལྔ་རེ་གཟིགས་པ་དང་།  དཔྱད་གཞིའི་ཡིག་ཆ་ཞིབ་རྒྱས་གཟིགས་ནས་མ་ཡིག་དེ་ལ་ཧ་ལམ་རང་གིས་བརྩམས་པ་ལྟ་བུའི་གོ་བ་ཪྙེད་པ་མཛད་ཅིང་།  དེ་ནས་དེ་རྒྱ་ཡིག་ཏུ་བསྒྱུར་དུས་རྒྱ་ཡིག་རང་གི་འགྲོས་དང་བསྟུན་ཅི་ཐུབ་མཛད་འདུག  དེའི་ལད་མོ་འདྲ་པོ་ཞིག་བདག་རང་གིས་ཀྱང་ལག་ལེན་བྱེད་ཁུལ་ཡིན་པས།  ཁྱེད་ཅག་ལའང་སྐུལ་མ་ཞུ་བ་ལགས།  ད་ནི་དཀྱུས་ལ་འཇུག་ན། <<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ནང་། (15)“དེས་ན་རྣམ་འགྲེལ་དང་དུས་འཁོར་ལྟ་བུའི་གཞུང་བོད་སྐད་ལ་གོ་དཀའ་བ་རྣམས།  ལེགས་སྦྱར་གྱི་གཞུང་དང་ཐད་ཀ་ཐད་ཀར་སྦྱོར་བདེ་ལ།  སྤྱོད་འཇུག་དང་འདུལ་བ་ལུང་ལྟ་བུའི་སྔ་དར་སྐབས་ཀྱི་འགྱུར་བོད་སྐད་ལ་གོ་བདེ་བ་རྣམས་སྐབས་མང་པོར་རྒྱ་སྐད་ལ་སྦྱོར་མི་བདེ་ཡང་དོན་གྱི་གོ་བ་ཇི་ལྟ་བ་བཞིན་ཐོན་པས་ཤིན་ཏུ་ངོ་མཚར་ཏེ།”ཞེས་གསུངས་པ་འདི་ལས་དོན་དངོས་ཐོག་ཚིག་ཟིན་ལ་ལེགས་པོ་བསྒྱུར་བའི་ཡོན་ཏན་གཅིག་ཞོར་དུ་བསྟན་གནང་བ་སྟེ།  སྔར་ལེགས་སྦྱར་ནས་བོད་ཡིག་ལ་ཚུར་བསྒྱུར་བ་རྣམས་ཡང་བསྐྱར་ཕར་ལེགས་སྦྱར་གྱི་སྐད་ལ་བསྒྱུར་དགོས་དུས།  འབྲུ་དོན་རེ་རེ་བཞིན་ཚིག་ཟིན་ལ་བསྒྱུར་བ་དེ་ཕྱིར་བསྒྱུར་ན་དང་པོའི་མ་ཡིག་ལྟར་བསྒྱུར་ཐུབ་ཀྱི་ཡོད་པ་དེའོ།།    
  ཡང་<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>ནང་།  (16)“འདིའི།  ཤཱརྡུལ  བྱ་བ་དེ་རང་རེ་རྣམས་ཀྱིས་སེང་གེ་རྐང་བརྒྱད་བ་བ་ཞིག་གི་མིང་ཡིན་ཟེར།  འདིར་སྟག་ཏུ་་བསྒྱུར།  འཆི་མེད་མཛོད་དུ་ཡང་སྟག་ཏུ་་བསྒྱུར།  རྒྱ་གར་བ་ཞིག་ལ་དྲིས་པས།  གཟིག་ཡིན་ཡང་ཟེར།  སྤྱང་ཀི་སྐྱ་ཡུག་ལྟར་འདུག  སྤྱིར་ལོ་ཆེན་གྱིས་ཚིག་དོ་གལ་ཆུང་བ་འདི་འདྲའི་རིགས།  གོ་བདེ་ཙམ་དུ་མཛད་པ་ཡང་ཡོད་སྣང་སྟེ།  (དོན་དུ་འདི་ནི་དོན་ཐོབ་གཙོ་བོར་བསྒྱུར་བའི་ཁྱད་ཆོས་ཀྱི་གྲས་ཤིག་སྟེ།  སྣོན་འཕྲི་སྤོར་བཅོག་བྱ་དགོས་ཞེས་པའང་དོན་འདི་རང་ཡིན་ནོ།)”ཞེས་དང་།   “……ངས་འདི་འདྲ་སྨྲ་བ་ལོ་ཆེན་ལ་སྐྱོན་བརྗོད་པ་ཡིན་སྙམས་ན།  སྙམ་པ་དེ་སྙམ་མཁན་བླུན་པོར་གོ་བའི་ཚུལ་གསུམ་དུ་ཐེ་ཚོམ་མེད་དོ།”ཞེས་དང་།  (17)“མདོ་སྡེ་རྒྱན་འདི་དོན་ཐོབ་གཙོ་བོའི་འགྱུར་ཤིན་ཏུ་གུ་ཡངས་པ་ཞིག་ཡོད་འདྲ་ན་ཡང་བོད་གཞུང་མ་ཪྙེད་པས་ལེགས་པར་མ་ཤེས་”ཞེས་འཁོད།  <<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>ནང་།  (18)“སྤྱིར་བོད་ལ་འགྱུར་སྔ་ཕྱི་གཉིས་ལ་ཁྱད་པར་བསམ་གྱིས་མི་ཁྱབ།  སྔར་བཻ་རོ།  ཀ་ཅོག་སོགས་ཀྱིས་བསྒྱུར་བའི་རྒྱ་དཔེ་རེ་གཉིས་མཇལ་བས་ཤིན་ཏུ་ཡ་མཚན།  ཆེན་པོ་ཕར་ཞོག  འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ།  ཞེས་པའི་ཚིགས་བཅད་འདིའི་རྒྱ་དཔེ་ཞིག་མཐོང་བས་དེའི་ནང་ནས་བོད་སྐད་ཚིགས་བཅད་འདི་བཻ་རོས་ག་འདྲས་བཏོན་པ་ཡིན་ནམ་སྙམ་ང་ནི་ཧ་ལས་གསུངས་ཕྱག་ཐལ་མོ་སྦྱར།  ཚུལ་མདོའི་མཆོད་བརྗོད་འདིའི་རྒྱ་དཔེ་ལ།  (རཏྣ་ཀོ་ཥ)ཡོད་པ་ཐག་ཆོད།  དེས་ན་རིན་ཆེན་མཛོད་པ་མི་ཟེར་བར།  དཀོན་མཆོག་མཛོད་ཅིའི་ཕྱིར་ཟེར།  ནོར་བུ་དང་ཆོས་མཚུངས་རྟག་པ་སྦྱར་ག་ལ་དགོས།  འདི་ནི་རི་བོང་གི་མཆོངས་སྟངས་ཡིན་པ་འདྲ་གསུངས་ནས་བཞད་ཆ་མཛད།”ཅེས་གསུངས་འདུག  །
༨ སྔོན་གྱི་ལོ་ཆེན་རྣམས་ལ་མོས་གུས་ཆེན་པོ་གནང་བ།  དེ་ཡང་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (19)“སྔར་གྱི་འཕགས་བོད་ཀྱི་མཁས་གྲུབ་ཚོས་མདོ་སྔགས་ཀྱི་དགོངས་པ་འགྲེལ་ཚུལ་འདི་ཚོ་བསམ་ཞིང་བསམ་ན་ཧ་ལས་རྒྱུ་དང་།  དེའི་ནང་ནས་ང་རང་ཚོའི་ལོ་ཙཱ་བ་རྣམས་ནས་སྐད་གཞན་པ་ཞིག་གི་ཐོག་ནས་ཚིག་དོན་ལ་ནོར་འཁྲུལ་ཏིལ་ཙམ་མེད་པར་ཇི་མ་ཇི་བཞིན་བསྒྱུར་ཐུབ་པ་འདི་འདྲ་བོད་ཙམ་ལ་མ་གཏོགས་བྱུང་མེད་ཅེས་བསྐྱར་ལྡབ་ཏུ་གསུངས་བྱུང་”ཞེས་དང་།  (20)“ལྷག་པར་འཇིགས་བྱེད་བདག་བསྐྱེད་ནང་།  རིག་མ་ལ་བིདྻཱ  ཞེས་མོའི་སྒྲ་ཡོད་བཞིན་དུའང་ཁྲོ་བོ་དང་རིག་པའི་ཚོགས་ཞེས་བོད་སྐད་དུ་རིག་པ་ཞེས་ཕོའི་སྒྲར་བཀོད་པར་མཛད་པ་ལའང་།  ཟུང་འཇུག་གི་གོ་བ་ཡོད་མཁན་ཞིག་ཡིན་ན་གོ་རྒྱུ་ཆེན་པོ་ཡོད་ཙང་།  སྐབས་འདིར་རིག་མ་ལ་རིག་པ་ཞེས་བྲིས་གནང་བ་རེད།  ང་ཚོའི་ལོ་ཙཱ་བ་དང་སྔ་རབས་ཀྱི་མི་ཚོས་ནོར་མི་ཡོང་”ཞེས་དང་།  (21)“ཡང་སྐབས་རེ་སྔར་གྱི་མཁས་གྲུབ་རྣམ་དག་གཅིག་ཙམ་ཞིག་དང་།  ལོ་ཙཱ་བ་གཅིག་རང་ད་ལྟ་ཞལ་བཞུགས་རོགས་བྱས་ཡོད་ན།  ང་ལ་བཀའ་འདྲི་ཞུ་རྒྱུ་མང་པོ་ཞིག་འདུག་གསུངས་ནས་སྐྱོ་སྣང་ཡང་གནང་བགྱི་འདུག་”ཅེས་འཁོད་འདུག །
 
བཞི་པ།  ཞར་བྱུང་སྐད་དང་ཡི་གེའི་ཐད་ཀྱི་དགོངས་པ།
 
 ༡ ནང་པ་སངས་རྒྱས་ཡིན་ཟེར་ནས་མཛུབ་མོ་འཛུགས་ས་ཡོད་པ་དང་།  བོད་མི་རིགས་ཟེར་ནས་མཛུབ་མོ་འཛུགས་ས་ཞིག་ད་ལྟ་བར་ཡོད་པ་དེ་སློབ་དཔོན་ཐུ་མིས་མཛད་པའི་ཡི་གེ་འདིའི་དྲིན་ཡིན་པས།  བརྡ་སྤྲོད་ཀྱི་གཞུང་ལུགས་ལ་གཅེས་སྤྲས་བྱེད་དགོས་པ་དང་།  གཞུང་གིས་སྤྱི་ཁྱབ་ཏུ་བཀས་བཅད་བྱེད་དགོས་པའི་དགོངས་པ། <<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་>>ནང་།   (22)“དེའི་རྗེས་ཉིན་གཅིག་རྒྱལ་བ་ཙོང་ཁ་པ་ལྟ་བུ་ཞིག་ང་ཚོ་བོད་ལ་བྱོན་མེད་ན་བོད་པ་ཡོད་པ་མ་རེད།  ག་ས་ག་ལ་འཐོར་སོང་བ་རེད་འདུག་གསུང་།  དེའི་རྗེས་ཙོང་ཁ་པའི་དྲིན་གྱིས་ཆོས་ཀྱི་ཐོག་ནས་མི་རྣམས་ཀྱི་སེམས་ཤུགས་གཅིག་ཏུ་བསྒྲིལ་བ་རེད་གསུངས་སོང་།  རྒྱལ་བ་ཙོང་ཁ་པས་ཤིང་གི་སྒང་ལ་དཔར་བརྐོས་ནས་དཔེ་ཆ་དཔར་རྒྱག་པའི་ལུགས་སྲོལ་ཞིག་བཙུགས་པ་རེད།  རྒྱལ་བ་ཙོང་ཁ་པའི་རྗེས་ལ་བོད་ཀྱི་སྐད་ཡིག་གཉིས་ལ་འགྱུར་བ་རྩ་བ་ནས་སོང་ཡོད་པ་མ་རེད་གསུངས་སོང་།”ཞེས་དང་།  (23)“ཉིན་གཅིག་དགེ་འདུན་ཆོས་འཕེལ་གྱིས་གསུང་ཡག་ལ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཐུ་མི་སཾབྷོཊ་གཉིས་བྱས་པ་ཡིན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད་པ་དེ་སྐུ་ཚེ་གཅིག་ལ་གྲུབ་པ་རེད། ཐུ་མི་སཾབྷོཊའི་མཛད་པ་དེ་ད་དུང་འཛམ་གླིང་འདིའི་ནང་ཁྱབ་ནས་བསྡད་ཡོད་པ་རེད།  ནུབ་ལ་དྭགས་ནས་བཟུང་སྟེ་མདོ་སྨད་སོག་པོ་ལ་ཐུག་གི་བར་ནང་པ་སངས་རྒྱས་པ་ཟེར་ནས་བོར་བརླགས་མེད་པའི་ཐོག་ནས་འཛིན་ཐུབ་པ་དང་།  ལྷག་པར་བོད་མི་རིགས་ཟེར་ནས་མཛུབ་མོ་བཙུགས་ས་ཡོད་པ་ཞིག་ཁོང་གིས་ཡི་གེ་དེ་བརྩམས་པ་ལ་བརྟེན་ནས་བོད་ཟེར་མཁན་དེ་མ་འཐོར་བར་བསྡད་པ་འདི་བྱུང་མོད།  བྱས་ཙང་ཚང་མས་སུམ་རྟགས་ལ་གཅེས་སྤྲས་ཡག་པོ་ཞིག་མ་གནང་བ་ཡིན་ན།  ཁྲོམ་ལ་ཧྲོམ་ཟེར་བ།  བྲག་ལ་བག་ཟེར་བ།  བྲེ་ལ་བེ་ཟེར་བ།  རེད་དོ་རེད་དོ་ལ་རེད་ཀོ་རེད་ཀོ་ཟེར་བ།  ཡིན་ནོ་ལ་ཡིན་གོ་ཟེར་བ་འདྲ་པོའི་བོད་ཀྱི་རིག་གཞུང་ལ་གནོད་སྐྱོན་འགྲོ་ཡག་མང་པོ་ཞིག་དེང་སང་ཁྱབ་འགྲོ་གི་ཡོད་པ་རེད།  འདི་ལ་མཁས་པ་ཚོས་གཟབ་གཟབ་མ་གནང་བ་ཡིན་ན་སྔ་མོའི་སྐད་བརྡ་རིམ་པས་བརླགས་ནས་གསུང་རབ་དེ་ཚོ་ཧ་མ་གོ་བར་བྱས་གླེགས་བམ་གྱི་ཕུང་པོ་ཞིག་ཆགས་ཀྱི་རེད།  གཞུང་གིས་ངེས་པར་དུ་རྒྱབ་སྐྱོར་དགོས་ཀྱི་རེད།  གཞུང་གིས་རྒྱབ་སྐྱོར་མེད་ན་མཁས་པ་རེ་གཉིས་ཀྱིས་བྲིས་པ་ལ་བརྩི་མཁན་ཡོད་པ་མ་རེད།  གཞུང་གིས་སྤྱི་ཁྱབ་ཏུ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་བཀས་བཅད་གནང་བ་ནང་བཞིན་རིག་གཞུང་ཚང་མ་ཐམས་ཅད་གཏན་ལ་ཕབ་སྟེ་དེ་དང་འགལ་མི་ཆོག་ཅེས་དེ་འདྲའི་བཀའ་ཞིག་བྱུང་བ་ཡིན་ན།  སངས་རྒྱས་ཀྱི་བསྟན་པ་ཡུན་རིང་དུ་གནས་པ་དང་བོད་ཀྱི་མི་རིགས་ཟེར་བ་མི་བརླག་པ་ལ་ཕན་ཐོགས་ཡོང་གི་རེད་ཅེས་དེ་འདྲ་ཞིག་གསུང་སོང་།།”ཞེས་འཁོད་དོ།།
༢ ཡི་གེའི་གཞུང་དང་རྩ་བ་ནས་སྒྲ་གདངས་མ་འཕྲོད་པ་དང་།  ཡི་གེའི་ཐོག་ནས་བརླག་པའི་ཕལ་སྐད་ལ་ངོ་རྒོལ་བྱེད་དགོས་པའི་དགོངས་པ།    <<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་>>ནང་།  (24)“སྐད་ཀྱི་སྐོར་ལ་ཞེ་དྲག་ངོ་རྒོལ་གནང་གི་རེད།  ལྷག་པར་དུ་ལྷ་སའི་ཕལ་སྐད་(འདི་གཙོ་བོ་ལྷ་སའི་གྲོང་སྐད་ལ་གསུང་གི་ཡོད་པ་འདྲ།──རྩོམ་པ་པོའི་མཆན།)དེ་ཞེ་དྲག་སྡུག་ཅག་རེད།  ཡི་གེའི་གཞུང་དང་རྩ་བ་ནས་སྒྲ་གདངས་མ་འཕྲོད་པ།  སྐད་དེ་ཡི་གེའི་ཐོག་ནས་མ་བརླག་པ་བྱེད་དགོས་ཀྱི་རེད་གསུངས་ནས་ཤུགས་ཆེན་པོ་ཞིག་གསུང་གི་འདུག་”ཅེས་དང་།  (25)“དགེ་འདུན་ཆོས་འཕེལ་གྱིས་དེ་དུས་དབྱིན་ཇིའི་སྐད་ནས་བོད་སྐད་ལ་བསྒྱུར་བའི་སྐབས་ཨ་མདོའི་སྐད་ཁ་ཤས་ཤིག་དང་ཁམས་སྐད་ཁག་གཅིག་མ་བཅུག་པ་དེ་ནོར་བཞག་གསུང་གི་འདུག  ལྷག་པར་ཨ་མདོའི་སྐད་དེ་རྫིག་པོ་ཞིག་རེད།  དམག་རྩེད་རྩེད་པའི་སྐབས་ལ་ལམ་སེང་ཧ་གོ་ཆོག་ཆོག་མེད་པར་རྫིག་པོ་ཞིག་དགོས་ཀྱི་རེད།  ང་ཚོས་ཨ་མདོའི་སྐད་ཁ་ཤས་བརྒྱབ་ན་ཡག་པོ་འདུག  དཔེར་ན།  ཧ་ར་ར་སོང་།  ཟེར་བའི་སྐབས་གང་ག་ཧྲག་ཧྲག་འགྲོ་ཡག་འདྲ་པོ།  ཚུར་ར་ཤོག  ཟེར་བའི་སྐབས་ལ་ཚུར་ཡོང་ཡག་འདྲ་པོ་དང་།  དམག་འདྲ་པོ་ཞིག་ལ་ཆ་བཞག་ན་དམག་རྒྱག་སར་སླེབས་པའི་སྐབས་སུ་མཛོག་མགོ་སྒྲེངས།  ཟེར་བའི་སྐབས་ལ་མེ་མདའི་སྤོར་ཏོག་དཀྲུགས་ནས་བརྒྱབ་ཆོག་ཆོག་བཟོ་ཡག་འདྲ་པོའི་ཨ་མདོའི་སྐད་དང་ཁམས་སྐད་འགའ་ཤས་མ་བཅུག་པ་ནོར་བཞག  རྒྱབ་བསྒྱུར།  ཟེར་བ་འདྲ་པོ་སྐྱོ་སྐད་འདྲ་པོ་ཞིག་ཆགས་འདུག་གསུང་གིས།”ཞེས་འཁོད་པ་ལྟར་རོ།། 
༣ ཡི་གེའི་སྟེང་ནས་ཡོངས་སུ་མ་བརླག་པར་ཟུར་ཆག་ལྟ་བུ་དང་།  གནའ་བོའི་ཀློག་སྟངས་ལྟར་གནས་པའི་བོད་རིགས་འདུས་སྡོད་ཁུལ་ཡོངས་ཀྱི་ཕལ་སྐད་ལ་ཕྱོགས་མེད་པའི་ཉམས་ཞིབ་དང་།  དེའི་སྙིང་པོ་དང་ལེགས་ཆ་དག་ཚད་ལྡན་གྱི་བོད་ཀྱི་སྤྱི་སྐད་ཀྱི་ནང་དུ་བསྡུ་ལེན་བྱེད་དགོས་པའི་དགོངས་པ།  ཡང་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ནང་།  (26)“ཐ་ན་ལུང་ཁུག་གི་ཁ་རྒྱུན་ཐེབ་ཆག་ཅིག་གསར་དུ་གསན་ན་ཡང་།  དེ་ལ་ཏོག་ཙམ་དགོངས་པ་བཞེས་ནས།  ཚིག་དེ་ཡིན་རྒྱུ་ནི་བརྡ་ཪྙིང་འདི་འདྲ་ཞིག་ཟུར་ཆག་པ་རེད་ཅེས།  རང་རེས་དེང་སང་ཕལ་སྐད་ཟེར་བ་འདི་ལ་དགེ་ཆོས་རིན་པོ་ཆེ་ནས་མང་ཆེ་བ་ཟུར་ཆག་གི་ཐ་སྙད་བཏགས་ནས་གསུངས་པ་ལ་ད་ལྟ་ཞིབ་ཏུ་དཔྱད་སྐབས་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ།”ཞེས་དང་།  (27)“དེ་ལྟར་དགེ་ཆོས་རིན་པོ་ཆེ་དང་བཀའ་མོལ་ཞུ་སྐབས།  རྒྱུན་དུ་ཁ་ནས་ཤོད་བཞིན་པ་ལ་ཡི་གེར་འབྲི་སྲོལ་ནུབ་པ་དེ་འདྲ་ཐོན་ནས་དོགས་གཅོད་ཞུས་ན།  འདི་ཚིག་འདི་འདྲ་ཞིག་ཟུར་ཆག་པ་ཡིན་འདུག  དེང་སང་ཡུལ་སྐད་འདི་འདྲ་ཞིག་ལ་འདི་འདྲ་ཟེར་སྲོལ་འདུག་སོགས།  བོད་ཀྱི་སྐད་དང་བརྡ་ཡིན་ཕྱིན་ཆད་ལ་ཕལ་སྐད་ཀྱི་ཕྱོགས་ལྷུང་མི་གནང་བར།  སོ་སོ་སོ་སོའི་ཁུངས་བཙལ་ནས།  བཤད་སྟངས་འདི་ལ་འདི་འདྲ་ཞིག་བྱུང་ན་སོགས་གསུང་དུས།  ངག་ལ་དབང་འབྱོར་ཟེར་བ་འདི་འདྲ་ཡིན་བགྱི་རེད་སྙམ་པ་ཡོང་རྒྱུ་འདུག ”ཅེས་འཁོད།  མདོར་ན་ལོ་ཆེན་དགེ་འདུན་ཆོས་འཕེལ་གྱི་སྐད་དང་ཡི་གེའི་ཐད་ཀྱི་དགོངས་པ་གཙོ་བོ་ཞིག་ནི།  སྐད་དང་ཡི་གེའི་བར་ཐག་ཇེ་ཐུང་དུ་གཏོང་རྒྱུ་དེ་དང་།  སྐད་དང་ཡི་གེ་གཉིས་ལུས་དང་གྲིབ་མ་བཞིན་རྟག་ཏུ་་འབྲལ་མེད་འགྲོགས་རྒྱུ་དེ།  སྐད་དང་ཡི་གེ་གཉིས་རོ་གཅིག་ཏུ་འདྲེས་ཨེ་ཐུབ་ལ་རེམ་རྒྱུ་དེ་བཅས་ཡིན་པར་སྣང་ངོ་།།
 
མཆན་འགྲེལ།
(1)  བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བྲིས་པའི་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ཤོག་གྲངས་༡༣༨ནང་གསལ།
(2)གོང་མཚུངས་ཤོག་གྲངས་༡༣༤ནས་༡༣༥ནང་གསལ།
(3)གོང་མཚུངས་ཤོག་གྲངས་༡༥༠ནང་གསལ།
(4)གོང་མཚུངས་ཤོག་གྲངས་༦༩ནང་གསལ།
(5)གོང་མཚུངས་ཤོག་གྲངས་༡༣༩ནང་གསལ།
(6)<<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།  ཤོག་གྲངས་  ནང་གསལ།
(7)<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>དེབ་གསུམ་པ།  ཤོག་གྲངས་༣༩༥ནང་གསལ།  བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་ནས་བསྐྲུན།
(8)གོང་མཚུངས་ཤོག་གྲངས་༤༢༡ནས་༤༢༢ནང་གསལ།
(9)གོང་མཚུངས་ཤོག་གྲངས་༤༦༡ནས་༤༦༢ནང་གསལ།
(10)གོང་མཚུངས་ཤོག་གྲངས་༤༦༢ནས་༤༦༣ནང་གསལ།
(11)<<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>ཤོག་གྲངས་༡༤ནང་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
(12)བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས།>>ཤོག་གྲངས་༦༡ནང་གསལ།
(13)གོང་མཚུངས་ཤོག་གྲངས་༡༣༤ནས་༡༣༦ནང་གསལ།
(14)<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>དེབ་གསུམ་པའི་ཤོག་གྲངས་༣༧༠ནས་༣༧༡ནང་གསལ།  བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་ནས་བསྐྲུན།
(15)གོང་མཚུངས་ཤོག་གྲངས་༤༢༠ནང་གསལ།
(16)གོང་མཚུངས་ཤོག་གྲངས་༣༦༦ནང་གསལ།
(17)གོང་མཚུངས་ཤོག་གྲངས་༣༩༠ནང་གསལ།
(18)<<མཁས་དབང་དགེ་འ, དུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>ཤོག་གྲངས་༡༢ནང་གསལ།  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
(19)བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ཤོག་གྲངས་༡༢༡ནང་གསལ།
(20)གོང་མཚུངས་ཤོག་གྲངས་༢༣༨ནས་༢༣༩ནང་གསལ།
(21)གོང་མཚུངས་ཤོག་གྲངས་༢༤༥ནང་གསལ།
(22)<<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་>>ཤོག་གྲངས་༡༥༣ནང་གསལ།
(23)གོང་མཚུངས་ཤོག་གྲངས་༢༢༡ནས་༢༢༢ནང་གསལ།
(24)གོང་མཚུངས་ཤོག་གྲངས་༡༧༩ནང་གསལ།
(25)གོང་མཚུངས་ཤོག་གྲངས་༢༢༠ནང་གསལ།
(26)བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་མཛད་པའི་<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>ཤོག་གྲངས་༡༥༠ནས་༡༥༡ནང་གསལ།
(27)གོང་མཚུངས་ཤོག་གྲངས་༡༦༤ནང་གསལ།
 
དཔྱད་གཞིའི་ཡིག་ཆ།
①<<དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་>>བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་བརྩམས།༡༩༨༠ལོར།
②<<མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཕྱོགས་སྒྲིག་>>སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།  ༡༩༨༨ལོར།
③<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་>>བོད་ལྗོངས་བོད་ཡིག་དཔེ་ཪྙིང་དཔེ་སྐྲུན་ཁང་། ༡༩༩༤ལོར།
④<<དགེ་འདུན་ཆོས་འཕེལ་གྱི་རབ་བྱེད་>> ཀིརྟི་སྤྲུལ་སྐུས་ཕྱོགས་སྒྲིག་བྱས།  ཀྲུང་དབྱང་མི་རིགས་ཡིག་སྒྱུར་ཅུས་ཀྱི་བོད་ཡིག་ཁང་།  ༡༩༨༨ལོར།
 
རྒྱ་ཡིག་གི་དཔྱད་གཞི།
<<二十世纪西藏奇僧>>杜永彬著。中国藏学出版社。1999
         ཕུན་ནོར།   བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཞུས་ཆུང་ལོ་ཙཱ་བ།
 
·གསར་འགྱུར་གོང་མ:བོད་ལྗོངས་སློབ་ཆེན་དུ་དོན་འགྲུབ་རྒྱལ་ལ་རྗེས་དྲན་འདུ་ཚོགས་བསྡུས་པ།
·གསར་འགྱུར་འོག་མ:བོད་ཀྱི་གཏན་ཚིཊ་རིག་པ་ལྡེའུ་རྣམ་དཔྱད་ཅེས་པའི་དེབ་གསར།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·སྒྲ་སྦྱོར་བམ་པོ་གཉིས་པ་བཞུགས་སོ།། 2015/7/29 14:04:40
·བྱ་ལེན་མའི་ཟློས་གར༽བོད་འགྱུར་མའི་སྐོར་གྱི་སྐད་ཆ་འགའ། 2011/7/14 8:28:23
·བྱ་གཞུང་དབྱངས་བྷའི་རྩོམ་རིག་ཡིག་སྒྱུར་སྐོར་གྱི་ལྟ་ཚུལ་ཕྲན་བུ། 2011/4/21 20:26:31
·རྒྱ་བོད་ཡིག་སྒྱུར་ཁྲོད་ཚིག་གི་སྒྱུར་ཐབས་སྐོར་གླེང་བ། 2010/1/6 22:24:23
·སྒྲ་སྦྱོར་བམ་གཉིས། 2009/12/20 15:35:43
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:Xxcirdyd
Triad smooth potsik,
发表时间:2018/12/10 6:57:24 [来自: 95.181.217.41]

 评论者:Ynzkdxvd
dadee started automatically blink fast fast,
发表时间:2018/12/9 19:23:35 [来自: 141.101.201.186]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:29:59 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 88 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS