ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
  གསར་འགྱུར་ཀློག་པ།

རྩེད་འཇོའི་སྤྲོ་གསེང་གི་རིགས་དབྱེ།

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:བོད་ལྗོངས་རླུང་འཕྲིན་དྲ་བ།  དུས་ཚོད:2010/2/25 14:47:42  བཀླགས་ཐེངས:1164][ཡིག་གཟུགས:ཡིག་གཟུགས་མདོག]

                         རྩེད་འཇོའི་སྤྲོ་གསེང་གི་རིགས་དབྱེ།

 རྩེད་འཇོ་སྣ་ཚོགས་ཀྱི་ནང་དོན་དང་ངོ་བོའི་སྟེང་ནས་དབྱེ་ན། དེར་དམངས་ཁྲོད་རྩེད་འཇོ་དང་། དམངས་ཁྲོད་ལུས་རྩལ་གཉིས་སུ་འདུ་སྙམ་སྟེ།

༡. སྤྲོ་གསེང་གི་རིགས། དམངས་ཁྲོད་རྩེད་འཇོ་ནི་དམངས་ཁྲོད་སྤྲོ་གསེང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེ་ནི་དམངས་ཁྲོད་རྩེད་འཇོའི་ཁྲོད་ཆེས་རྒྱུན་མཐོང་དང་། ཆེས་ཁྱབ་གདལ། ཆེས་སྟབས་བདེའི་རང་བཞིན་ཅན་གྱི་བྱ་འགུལ་ཞིག་ལགས་སོ། དེར་ལོ་ཆུང་བྱིས་པ་རྣམས་ཀྱི་སྤྲོ་གསེང་དགའ་སྐྱེད་ཀྱི་རྩེད་འཇོ་དང་། དར་མ་རྣམས་ཀྱི་བག་གཡེང་སྐྱོ་སངས་ཀྱི་རྩེད་འཇོ་དག་འདུ། དམངས་ཁྲོད་རྩེད་འཇོ་ནི་ཡུལ་མི་ཐམས་ཅད་བྱ་འགུལ་དུ་ཞུགས་རྒྱུའི་རང་བཞིན་ཅན་གྱི་རྩེད་འཇོ་ཞིག་རེད་ལ། དེར་ལྟད་མོ་བ་མེད་ལ་ཡོད་ཀྱང་ཆོག་པ་དང་། ངེས་པར་དུ་དགོས་པ་ནི་རྩེད་འཇོར་ཞུགས་མཁན་གྱི་མི་སྣ་སྟེ། མི་རྣམས་བློ་སེམས་གཅིག་སྒྲིམ་གྱིས་ཞུགས་ན་ད་གཟོད་རང་ཉིད་ལ་སྤྲོ་སྣང་རྒྱས་ཡོང་། རྩེད་འཇོ་ལ་རང་དབང་རང་བཞིན་ཅུང་ཆེ་བས་གཏན་འཁེལ་གྱི་སྒྲིག་ལུགས་ཡོད་ལ་དེ་འདྲའི་གཟབ་ནན་མིན། ཡིན་ནའང་སྣ་རིགས་མང་ཞིང་རྣམ་པ་སྣ་ཚོགས་ཡོད་པས་ལོ་ཆུང་བྱིས་པ་རྣམས་རྩེད་འཇོའི་སྣ་རིགས་སོ་སོ་ཚང་མར་ཞུགས་པའི་ངེས་པ་མེད། བལྟོས་བཅས་ཀྱིས་བཤད་ན། ལུས་སྟོབས་ཤུགས་སྣོན་དང་། རྩལ་ནུས་འགྲན་ཟླ་ལས་རྣམ་པར་རྒྱལ་བར་བརྩོན་པའི་ལུས་རྩལ་སྤྲོ་གསེང་གི་རིགས་དང་ཁྱད་ཆེ་སྟེ། དམངས་ཁྲོད་རྩེད་འཇོ་ནི་འི་འཇམ་དང་ལྷོད་འཇགས་ཀྱི་རྣམ་པའི་འོག་རོལ་རྩེད་རྩེ་བ་དང་། རྩེད་འཇོ་བའི་གྲས་ནས་རྒྱལ་ཁ་ཐོབ་ཨེ་ཐུབ་ལ་ལྟ་བ་ཙམ་ལས་རྒྱལ་ཕམ་ཁོ་ན་རྩོད་པ་ཞིག་མིན། གཙོ་བོ་ལུས་སེམས་ལ་དགའ་ཚོར་དང་། ཤེས་རིག་འཕེལ་རྒྱས། སྨྲ་ལྕེ་ལ་སྦྱོང་བརྡར། གྲངས་རྩིས་ལ་བྱང་ཆ་བཅས་ཡོད་དུ་འཇུག་པའི་རྩེད་འཇོ་སྟེ། དཔེར་ན། ལོ་ཆུང་བྱིས་པ་རྣམས་ཀྱི་ཐབ་གཞིས་སྒོ་ལོགས་ཀྱི་རྩེད་མོ་དང་། ཨ་མཚར་མཚར་དགུ། ཀ་ཏོ་རའི་གྲངས་ཟློ་བ་སོགས་དང་། དར་མ་རྣམས་ཀྱི་ཁེད་ལྡེའུ་སྣ་ཚོགས་དང་། ཀུ་རེ་ཆང་ཁའི་རྩེད་མོ་ལྟ་བུའོ།

༢. ལུས་རྩལ་གྱི་རིགས། དམངས་ཁྲོད་ཀྱི་ལུས་རྩལ་སྤྲོ་གསེང་གི་རིགས་ཀྱང་ངོ་བོའི་མཚོན་སྟངས་དང་རྣམ་པའི་ཆ་ནས་དབྱེ་ན། ལུས་ཤུགས་གཙོ་ཆེ་བའི་རིགས་དང་ཐབས་རྩལ་གཙོ་ཆེ་བའི་རིགས་གཉིས་སུ་འདུ་སྙམ་སྟེ།

དང་པོ། ལུས་ཤུགས་ཀྱི་རིགས། ལུས་ཤུགས་ཀྱི་རྩལ་རྩེད་ཅེས་པ་ནི་ལུས་ཀྱི་རྩལ་ཤུགས་འགྲན་པ་གཙོ་བོའི་འགྲན་རྒོལ་རང་བཞིན་གྱི་བྱ་འགུལ་ལ་ཟེར། དེ་ནི་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་ཤིག་ཡིན་ལ། དེར་ཡ་རྐྱང་གི་འགྲན་བསྡུར་དང་ཚོགས་པ་རང་བཞིན་གྱི་འགྲན་རྒོལ་ལུས་རྩལ་གྱི་ཆ་དག་ཡོད་དོ། ཡ་རྐྱང་གི་ལུས་རྩལ་ལ་གཙོ་བོ་འཇུ་རེས་རྒྱག་པ་དང་། འུར་རྡོ་འཕེན་པ། ལྗིད་འདེགས། ཐག་འཐེན་སོགས་ཡོད་དེ། འཇུ་རེས་རྒྱག་པ་ནི། བོད་རིགས་དང་། སོག་རིགས། དབྱི་རིགས། “ ཡུ་གུར་རིགས། ཀྲོང་རིགས། ཡའོ་རིགས་སོགས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་མང་པོ་ཞིག་གི་ལུས་རྩལ་རྣམ་གྲངས་ཤིག་རེད། དེ་ཡང་བོད་དུ་དར་བའི་དུས་གསལ་པོ་ཞིག་མི་ཤེས་ཀྱང་། བསམ་ཡས་གཙུག་ལག་ཁང་དང་ལྟ་ལྡན་གཙུག་ལག་ཁང་གི་ལྡེབས་རིས་སུ་“སྲོང་བཙན་སྒམ་པོ་ཁྲིར་བཀོད་པ་”ཞེས་པར་འཇུ་རེས་རྒྱག་པའི་རི་མོ་ཡོད་པར་བརྟགས་ན་སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་ནས་ལུས་རྩལ་གྱི་རྣམ་གྲངས་འདི་བོད་གངས་ཅན་གྱི་ཡུལ་དུ་བྱུང་ཡོད་པ་ར་སྤྲོད་བྱེད་ཐུབ།

དེ་ཡང་བོད་ཀྱི་འཇུ་རེས་རྒྱག་ཚུལ་ལ་རང་དབང་གི་འཇུ་ལུགས་དང་། ངེས་གཏན་གྱི་འཇུ་ལུགས་གཉིས་ཡོད་ལ། རང་དབང་གི་འཇུ་ལུགས་ཀྱིས་མགོ་དང་རྐང་པ། ལག་པ་སོགས་གང་རུང་ནས་འཇུ་ཞིང་འཐེན་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད་པ་ཡིན། ངེས་གཏན་གྱི་འཇུ་ལུགས་ནི་གཞོགས་གཉིས་ཀྱིས་རང་རང་གི་འགྲན་ཡའི་སྐེད་པ་དང་ཕྲག་པ་ནས་འཇུས་ཏེ་ཕ་རོལ་པོ་ཐང་ལ་རྒྱག་ཅི་ཐུབ་བྱེད་པའོ།

འུར་རྡོ་འཕེན་པ་ནི། བོད་ཀྱི་སྤྱི་ཚོགས་སྟེང་ལོ་རྒྱུས་རིང་ཞིང་དར་ཁྱབ་ཆེ་བ་ཞིག་རེད། དེ་ནི་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་སྟོང་ཕྲག་མང་པོའི་ཡར་སྔོན་ནས་རི་དྭགས་རྔོན་པ་དང་། ཕྱུགས་རིགས་གཉེར་སྐྱོང་། དགྲ་འགོག་རང་སྲུང་སོགས་ཀྱི་ཐད་བཀོལ་ནས་ད་ལྟ་ལུས་རྩལ་རྣམ་གྲངས་སུ་གྱུར་ཡོད་ལ། དེའི་ལོ་རྒྱུས་ནི་ད་ཡོད་ཀྱི་དཔྱད་གཞིར་གཞིགས་ན། དབང་མཛད་བཅུའི་དྲུག་པ་ཀྲོག་ཀྲོག་འདྲེའི་སྐབས་སུ་“མཚོན་ཆ་འུར་རྡོ་བྱུང་”ཡོད་པ་དང་། གཞན་ཤིན་ཅང་གི་ས་འོག་ནས་ཐོན་པའི་བོད་བཙན་པོའི་སྐབས་ཀྱི་མཚོན་ཆའི་ཁྲམ་བྱང་དུ་ཁྲབ་རྨོག་དང་། མདུང་རིང་། མདའ་གཞུ། འུར་རྡོ། རལ་གྲི་གྲི་ཤུབས་སྦྲགས་མ། མདའ་དོང་བཅས་བྱུང་ཚུལ་བཀོད་ཡོད་པས། ད་ལྟའི་བོད་ཀྱི་ལུས་རྩལ་རྣམ་གྲངས་འུར་རྡོ་ནི་བགྲང་བྱ་སྟོང་ཕྲག་ཡར་སྔོན་ནས་བྱུང་ཟིན་པ་ཤེས་ཐུབ། དེར་རིགས་དང་རྒྱུ། རྣམ་པ་བཅས་ལ་བརྟག་ན། སླ་བྱེད་རྒྱུ་ལ་ལུག་བལ། ར་རྩིད་ནོར་རྩིད། ནོར་རྔ། རྟ་རྔོག རྟ་རྔ་བཅས་དྲུག་དང་། ཕྱིའི་རྣམ་པའི་སྟེང་ནས་དབྱེ་ན་གའུ་ཁ་སྦྱོར་དང་། བྱིས་མིག དེ་བཞིན་སླ་བྱེད་སྐུད་པའི་གྲངས་ཀྱི་སྒོ་ནས་དབྱེ་ན། ཟིལ་མོ་སྒང་སླས། བཞི་ཐེ་ཧྲིལ། (སླ་བའི་དོན་ལ་འཇུག་སྙམ)བརྒྱད་ཐེ་ཧྲིལ། བཅུ་གཉིས་ཐེ་ཧྲིལ། ཁྲ་ཆེན། ཁྲ་ཆུང་། བཅུ་དྲུག་དགུ་སྒྲིལ། གཟི་རིལ། གཟི་མིག་མ་བཅས་དང་། ཁ་དོག་གི་ཆ་ནས་དབྱེ་ན། གཞོགས་དཀར། གཞོགས་ནག་ཆུ་མིག་དགུ་སྒྲིལ་བཅས་སོ།

འུར་རྡོ་ནི་རྒྱང་རིང་དམིགས་གཏད་ཀྱི་འབེན་ལ་དམིགས་ནས་འཕེན་དགོས་ལ་དེའི་གཡུག་ཚུལ་ནི་གཏན་འཁེལ་ཞིག་མེད་པ་འདྲ་ཡང་སྤྱིར་བཏང་གིས་ལག་གཡས་པས་ཀླད་ནས་གཡོན་ལོགས་སུ་ཅུང་ཙམ་གཟུར་ཏེ་གཡོན་དུ་བསྐོར་བ་དང་། ལག་གཡོན་པས་ཀླད་ནས་གཡོན་ལོགས་སུ་ཅུང་ཙམ་གཟུར་ཏེ་གཡས་ལོགས་སུ་བསྐོར་བ། ལག་གཡས་པས་འུར་རྡོ་གཡས་གཞོགས་སུ་བསྐོར་བ་དང་། ལག་གཡོན་པས་འུར་རྡོ་གཡོན་གཞོགས་སུ་བསྐོར་བ།མདུན་ཕྱོག་ནས་གཡས་གཡོན་གང་རུང་དུ་བསྐོར་བ། གཡས་གཡོན་གཞོགས་གཉིས་ནས་གནམ་དུ་བསྐོར་ལ། འཕེན་ཕྱོགས་ལ་གྱེན་དུ་འཕེན་པ་དང་། ཐུར་དུ་འཕེན་པ། བདེ་ཐང་དུ་འཐེན་པ། རྟའི་གོང་ནས་འཕེན་ཞིང་། དེ་ལྟར་འཕངས་ཏེ་རྒྱང་ལ་འགྲོ་མིན་དང་འབེན་ལ་ཕོག་མིན། སྒྲ་སྐད་ཆེ་ཆུང་གིས་རྒྱལ་ཕམ་རྩོད་པར་བྱེད་དོ།

ལྗིད་འདེགས་ནི། བོད་རིགས་ཀྱི་ཆེས་སྔ་བའི་ལུས་རྩལ་གྱི་རྣམ་གྲངས་ཤིག་རེད། དེར་བྱེ་སྒྱེ་འགྱོགས་པ་དང་འབྲུ་སྒྱེ་འགྱོགས་པ་སོགས་ཡོད་ལ་སྤྱིར་བཏང་གི་ལྗིད་ཚད་རྒྱ་མ་བཞི་བརྒྱ་ཡན་ཡོད་ཅིང་དེ་ཡར་བཀྱགས་ཏེ་རང་ལུས་ཕྱོགས་བཞིར་བསྐོར་བ་དང་སྒོར་ཐིག་གི་རི་མོར་སྐོར་བ་བྱེད་པའི་ཐེངས་གྲངས་ཀྱིས་རྒྱལ་ཕམ་རྩོད། གཞན་ད་དུང་འབྲི་གཡག་དང་རྟ། དྲེལ་སོགས་དང་། དེར་ཁལ་བཀལ་ཡོད་པ་བཅས་ཡར་བཀྱགས་པས་མཐོ་དམན་དང་སྔར་གནས་ནས་ཕར་འཁྱེར་བའི་བར་ཐག ཡར་བཀྱགས་ནས་བསྡད་པའི་དུས་ཡུན་ལ་བལྟོས་ནས་རྒྱལ་ཕམ་འགྲན། དེ་ཡང་བོད་ཀྱི་བཙན་པོའི་རྒྱལ་རབས་སོ་དྲུག་པ་ཁྲི་འདུས་སྲོང་མང་པོ་རྗེས་(སྤྱི་ལོ་༦༧༦-༧༠༤)སྲིད་སྐྱོང་བའི་སྐབས་སུ་བོད་དུ་རྩལ་པོ་ཆེ་མི་བདུན་བྱུང་། དེའི་ནང་གི་རྔོག་རིང་ལ་ནག་པོས་གླང་པོ་ཆེའི་ཕྲུ་གུ་ཐེག་པ། རྔོག་གླིང་ཁམས་ཀྱིས་གཡག་གྲུས་པོ་ཆེ་ཐེག་པ། འགོས་གཡག་ཆུང་གིས་ཤ་བའི་རླུང་བུ་བྱེ་མས་བཀང་བ་ཀླད་ལ་བསྐོར། ཅོག་རོ་འབྲོང་ཤོར་གྱིས་འབྲོང་ཐུར་དུ་རྒྱུགས་པ་གྱེན་དུ་འཐེན། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་གཡང་ལ་མཆོང་བ་གྱེན་ལ་འཐེན་ནུས། དེ་ལྔ་པོ་ནི་སྤྱི་ལོ་༦༨༠སྐབས་དག་གི་བོད་ཀྱི་མིང་གྲགས་ཆེ་བའི་རྩལ་ཆེན་ལྔ་ཡིན་པར་མ་ཟད། ལུས་རྩལ་ལོ་རྒྱུས་སྟེང་གི་ལྗིད་འདེགས་པའི་གྱད་མི་ལྔའང་ཡིན་ནོ། ཐག་འཐེན་ལ་སྐེ་འཐེན་དང་གླང་ཆེན་ས་གཤགས་སོགས་ཡ་རྐྱང་ཅན་དང་མི་མགོ་འདྲ་མཉམ་གྱིས་ཐག་པའི་གཞོགས་གཉིས་ཕར་ཚུར་འཐེན་པའི་ཚོགས་པའི་རང་བཞིན་ཅན་བཅས་ཡོད། སྐེ་འཐེན་ནི་འགྲན་ཡ་གདོང་ཐད་དུ་ལངས་ཏེ། ཐག་པའི་ཁུག་མགོ་གཞོགས་གཉིས་ཀྱི་སྐེ་ལ་བསྐོན་རྗེས། སྐེ་དང་མགོ་ལུས་གཟུགས་ཚང་མས་ཤུགས་བཏོན་ནས་རང་རང་གི་ཕྱོགས་སུ་འཐེན་པ་དང་། ཕར་ཕྱོགས་འཐེན་ནས་ཐང་དུ་བཀོད་པའི་དཀྱིལ་རྟགས་ལས་བརྒལ་མིན་ལ་བལྟོས་ཏེ་རྒྱལ་ཕམ་ཕྱེ། གླང་ཆེན་ས་གཤགས་ནི་འགྲན་ཞུགས་པ་གཉིས་ཀྱིས་ཐག་པ་གློ་གཟར་དུ་མདུད་དེ་ལག་པ་ཟུང་དང་པུས་མོ་གཉིས་བཅས
་ས་ལ་བཙུགས་ཏེ་གླང་ཆེན་གྱི་ལད་མོས་ཁ་རང་རང་སར་བསྐོར་ཏེ་འཐེན་རྩལ་འགྲན་པ་ལ་ཟེར་ཞིང་རྒྱལ་ཕམ་བརྟག་ཚུལ་སྐེ་འཐེན་དང་མཚུངས་ལ། ཚོགས་པས་འཐེན་རྩལ་འགྲན་པ་ནི་ད་ལྟའི་སྤྱི་ཚོགས་སུ་རྒྱུན་མཐོང་དུ་གྱུར་ཡོད་པས་ཤེས་གསལ་ལྟར་རོ།གཉིས་པ་ཐབས་རྩལ་གྱི་རིགས། ཐབས་རྩལ་གྱི་རྩལ་རྩེད་ནི། ཐབས་རྩལ་འགྲན་བསྡུར་བྱེད་པ་གཙོར་བཟུང་གི་སྤྲོ་གསེང་རྣམ་གྲངས་ཤིག་ཡིན། དེ་ལུས་ཤུགས་ཀྱི་རྩལ་རྩེད་དང་བསྡུར་ན་ཐབས་ཇུས་སྤྱོད་པ་མང་ལ་འགྲན་བསྡུར་པས་རྐང་ལག་གཡུག་པ་དང་འཐེན་འགྱོགས་མཆོང་ལྡིང་བཅས་ཀྱི་འཁྲབ་སྟངས་སྣ་ཚོགས་སྟོན་ཞིང་། འགྱུར་ལྡོག་ཆེ་ལ་རྣམ་པ་མང་བའི་ཐེབས་པེད་(སྤོད་)རྩེད་འཇོ་དང་། ཐེ་ཀེའི་རྩེད་འཇོ། (ཨ་ཅུག་)མིག་མངས་རྩེད་འཇོ།རྟ་གོང་གི་རྩེད་འཇོ། ཆུ་རྐྱལ་རྩེད་འཇོ་སོགས་ཡོད་དེ། ཐེབས་པེད་ནི་བྱ་སྒྲོ་སོགས་ཀྱིས་བཟོས་པའི་ལོ་ཆུང་བྱིས་པའི་རྐང་རྩལ་གྱི་རྩེད་མོ་ཞིག་ཡིན། དེར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཏེ་རྟ་ཐོག་སྤོ་ལོའི་ལུས་རྩལ་གྱི་རྨང་གཞིའི་སྦྱོང་བརྡར་ཡིན་སྙམ་ཞིང་། དེ་ལྟའི་རྩེད་མོའི་རྣམ་གྲངས་བོད་ཁུལ་གྱི་ས་ཆ་མང་པོ་ཞིག་ཏུ་དར་ཞིང་ཁྱབ་ཡོད་ལ། ས་ཁུལ་ཁག་སོ་སོར་ཡང་རབ་ལ་ཐང་དཀར་རྒོད་པོའི་སྒྲོ་ལས་བཟོས་པའི་ཐེབས་པེད་དང་། འབྲིང་ལ་ཁྱིམ་བྱའི་སྒྲོ་ལས་བཟོས་པའི་ཐེབས་པེད། ཐ་མར་རས་སམ་ར་རྩིད་སོགས་ཅི་འབྱོར་བ་ལས་བཟོས་པའི་ཐེབས་པེད་སྣ་ཚོགས་ཡོད། དེར་ཡང་ལོ་ན་ཆེ་ཆུང་ལ་གཞིགས་ཏེ་ཐ་གུ་འདོགས་དགོས་མིན་གཉིས་སུ་ཡོད་དེ། ལོ་ན་བཞི་ལྔ་ཙམ་ལས་མ་སོན་པའི་བྱིས་པས་རྩེ་སྐབས་ཐ་གུ་དང་ཁ་བྲལ་དུ་མེད་ལ། ལོ་ན་ཆེ་ཙམ་ལ་སླེབས་པའི་ལོ་ཆུང་བྱིས་པ་ཚོས་རྩེ་སྐབས་ཐུ་གུ་འདོགས་མི་དགོས་པར་མདུན་རྩེད་དང་། རྒྱབ་རྩེད། གཡས་རྩེད། གཡོན་རྩེད། གནས་རྩེད་སོགས་ཀྱི་རྩེ་ལུགས་ཡོད་ལ།དེ་དག་ཚང་མ་ཐབས་རྩལ་ལ་བརྟེན་དགོས། ཐེ་ཀེ་ནི་(ཨ་ཅུག་གི་རྩེད་འཇོ་)ར་ལུག་སོགས་ཀྱི་པུས་ཚིགས་རུས་ཆུང་ཞིག་སྟེ། མདོ་དབུས་གཙང་གསུམ་སོགས་བོད་ཀྱི་ས་ཁུལ་གྱི་བྱིས་པ་ཚོས་རུས་ཆུང་གྲུ་བཞི་དེ་རྟ་བོང་ལུག་རའམ་ཤར་ནུབ་རྟ་དྲེལ་སོགས་ཀྱི་དབྱེ་བ་ཕྱེ་ནས་རྩེད་མོ་རྩེ་རྒྱུ་ཡོད་པས། དེར་རྟ་དྲེལ་རྩེ་བ་ཡང་ཟེར་སྲོལ་ཡོད། ཐེ་ཀེ་ལ་བཟང་ངན་གཉིས་སུ་དབྱེ་སྲོལ་ཡོད་དེ། ར་ལུག་སོགས་བཤས་ནས་བཏོན་པའི་ཐེ་ཀེ་ལ་བཟང་ཐེ་རུ་འབོད་ཅིང་ལེགས་པར་བརྩི་བ་དང་། ར་ལུག་སོགས་ཤི་རོ་ནས་བཏོན་པར་ཤི་ཐེ་རུ་འབོད་ཅིང་ཞན་པར་བརྩི་སྲོལ་ཡོད། ཡུལ་གྲུ་ལ་ལར་ཤི་ཐེ་རྩེ་སྲོལ་ཉུང་ལ་ཆེ་ཕྱུགས་ཀྱི་ཐེ་ཀེ་རྩེ་སྲོལ་དཀོན། གཞན་ཡང་ཐེ་ཀེའེ་ནང་ནས་ལེགས་ཤོས་ནི་མཁྲེགས་ཤིང་འཇམ་ཤ་དོད་ལ་འོད་མདངས་ལྡན་པ་ཞིག་ཡིན། སྤྱིར་ཞིང་འབྲོག་ས་ཁུལ་དུ་ཐེ་ཀེ་རྩེ་བའི་དུས་ཚོད་ནི་དགུན་དུས་ཡིན་ཞིང་། དབྱར་དུས་རྩེ་སྲོལ་མེད། དེ་ཡང་རང་བྱུང་ཁོར་ཡུག་དང་ཐོན་སྐྱེད་ངལ་རྩོལ་ལ་འབྲེལ་བ་ཡོད་དེ། དགུན་དུས་ར་ལུག་སོགས་བཤའ་དུས་ཡིན་པ་ཙམ་མ་ཟད། ཞིང་འབྲོག་ཁུལ་དུ་ལས་བྲེལ་ཆུང་བའི་དུས་ཡིན་གཤིས། དུས་ཚིགས་དེ་ནི་ཐེ་ཀེ་ཐོན་པའི་དུས་དང་རྩེ་བའི་དུས་ལེགས་པོ་ཞིག་རེད། ཐེ་ཀེ་གྲུ་བཞི་དེའི་སྟེང་ནི་རྟ་དང་། འོག་ནི་བོང་བུ། གཡས་ནི་ར། གཡོན་ནི་ལུག མདུན་ནི་ཁྱུང་། རྒྱབ་ནི་ཁྱི་རྐུབ་སོགས་སེམས་ཅན་ལ་དཔེ་བཞག་ནས་དབང་རིམ་ཡང་རྟ་བོང་ལུག་ར་དེ་བའི་ལས་སྔ་མ་སྔ་མ་དབང་ཆེ་ཞིང་ཕྱི་མ་ཕྱི་མ་དབང་ཆུང་བར་བརྩི་བ་དང་། ཁྱུང་དང་ཁྱི་རྐུབ་གང་རུང་ལངས་ཚེ་སླར་ཡང་འཁྲབ་དགོས་པ་བཅས་སོ།

རྟ་གོང་གི་རྩེད་འཇོ་ནི་གོང་དུ་བཤད་ཟིན་ཞིང་། མིག་མངས་ནི། བོད་དུ་དུས་ནམ་ཞིག་ལ་དར་བ་གསལ་པོར་བཀོད་ཡོད་པ་མ་མཐོང་ཡང་། རྒྱའི་ཡིག་ཚང་“ཐང་ཡིག་རྙིང་མ་”ལས་བོད་ཆེན་པོའི་སྲིད་ལུགས་སྐོར་བརྗོད་སྐབས་“རྩེད་མོར་ཤོ་དང་མིག་མངས་”ཞེས་དང་།“ཏུང་ཧོང་གི་བོད་ཀྱི་ལོ་རྒྱུས་ཡིག་ཆ་”དག་ན་བོད་བཙན་པོའི་བློན་ཆེན་སྤུང་སད་ཟུ་ཙེ་སོགས་ཀྱིས་མིག་མངས་རྩེ་བའི་གཏམ་རྒྱུད་བཀོད་ཡོད་པ། དམངས་སྲོལ་ཞིབ་འཇུག་པ་སྐུ་ཞབས་དགྲ་ལྷ་ཟླ་བ་བཟང་པོས་བོད་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཕོ་བྲང་བྱམས་པ་མི་འགྱུར་གླིང་ནས་ཚོལ་རྙེད་བྱུང་བའི་རྡོ་བརྐོས་ཀྱི་མི་མངས་འཁྲབ་གའི་སོགས་དང་། དེ་མིན་“བོད་ལྗོངས་རྩོམ་རིག་”དུས་དེབ་ཀྱི་རྩོམ་སྒྲིག་པ་སྐུ་ཞབས་ཡན་ཞན་ཀྲུང་ནས་“དཀར་ནག་གི་འཇིག་རྟེན་”ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཏེ།“གངས་ལྗོངས་རིག་གནས་”དུས་དེབ་ཏུ་“མིག་མངས་ནི་གནའ་དུས་ནས་བོད་དང་རྒྱ་ནག་ཏུ་དར་ཁྱབ་ཡོད་པ་ཙམ་མ་ཟད། བོད་དུ་དར་བའི་ལོ་རྒྱུས་ནི་རྒྱ་ནག་ལས་སྔ་”ཞེས་བཀོད་པ་དག་ལ་བརྟག་ན་ཕལ་ཆེར་དུས་རབས་ནམ་ཞིག་གི་སྐབས་སུ་བྱུང་བ་དཔོག་ཐུབ། དེར་རིགས་ཀྱི་རྣམ་གྲངས་ནི་“བོད་ཀྱི་དེབ་ཐེར་བཀྲ་ཤིས་གཏེར་བུམ་”( P༨༥༡)དུ་བཀོད་པ་ལྟར་ན་སུམ་ཅུ་ལྷག་ཡོད་པ་དང་། ད་ལྟ་རྒྱུན་མཐོང་གི་རིགས་ནི་འགྲིག་རྩེད། དབྱིབས་སྒང་དྲུག་ཅུ་(ཨ་མདོ་བས་བཙིར་འགྱིག་ཟེར)། ཌ་རུ་མ། རྒྱལ་པོ་སྒོ་གཅིག སྒོ་གཉིས། སྒོ་བཞི་སོགས་ཡོད་ཅེས་པའང་དོན་ལ་གནས་ཤིང་། བོད་རིགས་མི་དམངས་ནི་མིག་མངས་རྩེ་རྒྱུར་དགའ་བས་ཕོ་མོ་རྒན་གཞོན་ཚང་མས་རྩེ་ལ། འཁྲབ་གཞི་དང་འགྱིག་རྡེའུ་ཡང་ནང་དོན་དང་རྩེ་ལུགས་ཀྱི་ཐབས་ཇུས་ལྟར་རྙོག་འཛིང་མིན་པར་སྟབས་བདེ་ཡིན་པས། མིག་མངས་རྩེ་མཁན་གྱིས་རང་ཁྱིམ་དང་། ཕྱི་རོལ། ལམ་འགྲམ། གཡུལ་ཁ། གྱང་རྩ་སོགས་ནས་སྡོང་པོའི་ཡལ་ག་དང་། སོལ་བ། རྡོ་འབིགས། རྡོ་ཕྱེ་དཀར་པོ་སོགས་སྤྱད་དེ་ཐང་དང་། རྡོ་ལེབ། ཤིང་ལེབ་སོགས་ལ་འགྱིག་རིས་བྲིས་ཏེ་འཁྲབ་གཞི་བྱེད་ལ། རྡེའུ་དཀར་ནག་དང་སིལ་ཏོག་གི་ནང་སྙིང་གིས་འགྱིག་རྡེའུ་བྱེད། གང་ལྟར་ཕན་ཚུན་གྱི་འགྱིག་རྡེའུ་མི་ནོར་བ་ཞིག་ཡིན་ན་ཆོག་གོ  །

·གསར་འགྱུར་གོང་མ:ཞིང་བ་གླུ་མ་པ་སངས་ཀྱིས་རང་གི་ཆེད་བསྒྲིགས་གཞས་འཁོར་འགྲེམ་སྤེལ་བྱས་པ།
·གསར་འགྱུར་འོག་མ:རྩེད་འཇོའི་རོལ་རྩེད་ཀྱི་ཁྱད་ཆོས།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ལྷ་སའི་ནང་མ་སྤྲོ་སྐྱིད་ཁང༌། 2011/2/4 18:28:07
·ལྷ་སའི་ཞོ་སྟོན་གྱི་བྱུང་རབས་ངོ་སྤྲོད། 2010/8/8 11:52:35
·འཛམ་གླིང་སྤྱི་བསང་གི་བྱུང་ཚུལ། 2010/6/24 23:28:12
·བོད་ཀྱི་རླུང་རྟ་(ཀླུང་རྟ་)འཛུགས་སྲོལ་སྐོར། 2010/5/5 8:50:07
·ཤོ་རྩེད་སྐོར་གླེང་བ། 2010/3/17 22:39:25
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 21:59:18 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:03:58 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/15 23:10:28 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 65 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS