ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> སྒྲ་སྒྱུར
  གསར་འགྱུར་ཀློག་པ།

འཕཊ་པ་ཕ་མའི་དྲིན་ལན་གསོབ་དཀའ་ཞེས་བྱ་བའི་མདོ་བཞུཊ།

[རྩོམ་པ་པོ:བྱང་ཆུབ་རྒྱ་མཚོ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2010/5/22 13:50:24  བཀླགས་ཐེངས:2318][ཡིག་གཟུགས:ཡིག་གཟུགས་མདོག]
         ༄༅། །འཕགས་པ་ཕ་མའི་དྲིན་ལྕི་ལན་གསོབ་དཀའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །
 
                                     བྱང་ཆུབ་རྒྱ་མཚོས་བསྒྱུར།
 
       རྒྱ་གར་སྐད་དུ། ཨཱརྱམཏཱབིཏརྱཽནུརོདྷཿགུརུཏྭཾམཱནཾཏིདུཿསཱདྷཀནཱམསཱུཏྲ། རྒྱ་ནག་སྐད་དུ། ཧྥོ་ཧྲུའོ་ཧྥུ་མུ་ཨེན་ཀྲོང་ནན་པའོ་ཇིང༌། བོད་སྐད་དུ། འཕགས་པ་ཕ་མའི་དྲིན་ལྕི་ལན་གསོབ་དཀའ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། སྟོན་པ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་འཁོར་དགེ་སློང་གི་དགེ་འདུན་ཆེན་པོ་ཉིས་སྟོང་ལྔ་བརྒྱ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་བརྒྱད་སྟོང་དང་ཐབས་ཅིག་ཏུ་བཞུགས་སོ། །དུས་དེའི་ཚེ་སྟོན་པས་འཁོར་རྣམས་ཁྲིད་ནས་ལྷོ་ཕྱོགས་སུ་ཞལ་གཏད་དེ་ལྗོངས་རྒྱུ་བ་ན། ལམ་ཟུར་དུ་རུས་པའི་ཕུང་པོ་ཞིག་ཡོད་པར་གཟིགས་སོ། །དེའི་དུས་སུ་ཐུབ་པས་རུས་པ་སྐམ་པོར་མལ་ལྔ་ས་ལ་ཕབ་སྟེ་གུས་པས་ཕྱག་བྱས་སོ། །ཀུན་དགའ་བོས་ཕྱག་གཉིས་ཐལ་མོ་སྦྱར་ནས་གསོལ་པ། འཇིག་རྟེན་མགོན་པོ། ཐུབ་པ་ནི་ཁམས་གསུམ་གྱི་བླ་མ། སྐྱེ་བ་བཞིའི་བརྩེ་བའི་ཡབ། འགྲོ་བའི་སྐྱབས་གནས་ལགས་ན། རྒྱུ་རྐྱེན་གང་གི་ཕྱིར་དུ་རུས་སྐེམ་ལ་ཕྱག་བྱས་སོ། །སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཁྱོད་ཅག་ངའི་སློབ་བུ་ཆེ་གྲས་ཡིན་ལ་རབ་ཏུ་བྱུང་ནས་ཡུན་རིང་པོར་སོང་ཡང་ད་དུང་མ་ཤེས་པས་ལན་ཏེ། རུས་སྐེམ་ཕུང་པོ་འདི་ངའི་སྐྱེ་བ་སྔ་མའི་མེས་པོ་ཡིན་པའམ། ཡང་ན་སྐྱེ་བ་དུ་མའི་ཕ་མ་ཡིན་པར་ངེས་ཏེ། རྒྱུ་རྐྱེན་དེས་ཕྱིར་བདག་གིས་དེ་རིང་ཕྱག་བྱས་སོ། །སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཁྱོད་ཀྱིས་ད་རུས་སྐེམ་ཕུང་པོ་འདི་ལ་རིགས་གཉིས་སུ་ཕྱེས་ཤིག །ཕོའི་རུས་པ་ཡིན་ན་མདོག་དཀར་ལ་ལྗིད་པ་དང༌། མོའི་རུས་པ་ཡིན་ན་མདོག་གནག་ལ་ཡང་བ་ཡིན་ནོ། །ཞེས་གསུངས་སོ། །ཀུན་དགའ་བོས་གསོལ་པ། འཇིག་རྟེན་མགོན་པོ། སྐྱེས་པ་རྣམས་གསོན་པའི་སྐབས་ཞྭའམ་གོས་ལྷམ་ཆས་ཀ་སོགས་ལ་བལྟས་པ་ཙམ་གྱིས་སྐྱེས་པ་ཕོའི་ལུས་ཡིན་པ་ངེས་ལ། །བུད་མེད་རྣམས་གསོན་པའི་སྐབས་སྒེག་ཚོས་བསྐུ་བ་དང་དྲི་བཟང་བྱུག་པ། རྒྱན་ཆ་འདོགས་པ་སོགས་ལ་བལྟས་པ་ཙམ་གྱིས་ཟ་མ་མོ་བུད་མེད་ཀྱི་ལུས་ཡིན་པ་ངེས་མོད་ཀྱི། ཤི་རྗེས་ཀྱི་རུས་པ་དཀར་པོ་གཅིག་འདྲ་བ་འདི་ལ་བདག་ཅག་སློབ་བུ་རྣམས་ཀྱིས་གང་ལྟར་དུ་ངོས་བཟུང་ནུས་ཏེ་མི་ནུས་སོ་ཞེས་ཞུས་སོ། །སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། སྐྱེས་པ་ཡིན་ན་འཇིག་རྟེན་ཁམས་ལ་ཡོད་དུས་དགོན་པར་ཕྱིན་ཏེ་མདོ་སྡེ་དང་འདུལ་བའི་ཆོས་འཆད་ཉན་བྱ་བར་ཐོས་པ་དང༌། དཀོན་མཆོག་གསུམ་ལ་ཕྱག་འཚལ་བ། སངས་རྒྱས་ཀྱི་མཚན་སྔགས་འདོན་པའི་རྒྱུ་རྐྱེན་གྱིས་དེའི་རུས་པའི་མདོག་དཀར་ལ་ལྗིད་པ་ཡིན་ནོ། །བུད་མེད་ནི་འཇིག་རྟེན་ཁམས་ན་ཡོད་དུས་བློ་ནུས་ཆུང་ལ་ཆགས་ཞེན་ཆེ་བས་བརྩེ་གདུང་གི་དབང་དུ་འགྲོ་སླ་བ། བུ་དང་བུ་མོ་སྐྱེས་ནས་གསོ་བ་འདི་གནམ་གྱིས་བསྐོས་པའི་འོས་འགན་དུ་ངོས་འཛིན་ནས་ཕྲུ་གུ་རེ་སྐྱེས་པ་དང་ནུ་འོ་སྟེར་ཏེ་ཚེ་སྲོག་གསོ་བ། འོ་མ་ནི་ཁྲག་གིས་འགྱུར་བ་ཡིན་ཏེ། ཕྲུ་གུ་རེས་མ་འོ་ཁལ་བརྒྱད་དང་འབོ་བཞི་རེ་བཏུང་བ་ཡིན། རྒྱུ་རྐྱེན་དེས་ལུས་རིད་ཅིང་ཉམས་ཐག་པར་གྱུར་པས་རུས་པའང་མདོག་གནག་ལ་ཡང་བ་ཡིན་ནོ། །ཞེས་གསུངས་སོ། །ཀུན་དགའ་བོས་ཐོས་པས་སྙིང་དུམ་བུར་གཅོད་པ་ལྟ་བུའི་ཟུག་རྔུ་དང་སྐྱོ་ཤས་སྐྱེས་ནས་མིག་ཆུ་གཏོང་བཞིན་གསོལ་པ། འཇིག་རྟེན་མགོན་པོ། མའི་དྲིན་ལན་གང་ལྟར་གསབ་དགོས་གསུང་དུ་གསོལ་ཞེས་ཞུས་སོ། །སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། ཁྱོད་ཀྱིས་ལེགས་པར་ཉོན་ཅིག་དང་ངས་ཞིབ་ཏུ་བཤད་དོ། །མའི་མངལ་དུ་སྦྲུམས་ཆགས་ནས་ཟླ་བཅུའི་རིང་མ་ལ་སྡུག་བསྔལ་ཤིན་ཏུ་མང་པོ་མྱོང་བ་ཡིན་ཏེ། མའི་མངལ་དུ་གནས་དུས་ཀྱི་ཟླ་དང་པོ་ལ། རྩྭ་རྩེའི་ཟིལ་པ་ལ་ཉི་འོད་ཕོག་ན་ཞིག་པ་དང་འདྲ་བ་སྔ་དྲོ་འདུས་ཏེ་འོང་བ་ཉིན་གུང་གར་སོང་ཆ་མེད་དུ་འགྱུར་བའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་གཉིས་པ་ལ། འབྲི་མར་མཁྲང་བ་དང་འདྲ་བའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་གསུམ་པ་ལ། ཁྲག་འཁེངས་པ་དང་མཚུངས་པའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་བཞི་པ་ལ། མིའི་གཟུགས་དབྱིབས་ཙམ་དུ་གྲུབ་པའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་ལྔ་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུ་ལ་ཡན་ལག་ལྔ་ཀ་ཚང་བ་སྟེ། ལྔ་གང་ཞེ་ན། མགོ་ནི་ཡན་ལག་དང་པོ་དང༌། ལག་པ་གཉིས་དང་རྐང་པ་གཉིས་རེ་རེ་ནས་ཡན་ལག་རེར་བགྲང་པས་ཁྱོན་བསྡོམས་ཡན་ལག་ལྔའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་དྲུག་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུ་ལ་དབང་པོའི་གཟུགས་ཅན་དྭངས་མ་དྲུག་ཚང་བ་སྟེ། དྲུག་པོ་གང་ཞེ་ན། མིག་ནི་དྭངས་མ་དང་པོ་དང༌། རྣ་བ་ནི་དྭངས་མ་གཉིས་པ། སྣ་ནི་དྭངས་མ་གསུམ་པ། ཁ་ནི་དྭངས་མ་བཞི་པ། ལྕེ་ནི་དྭངས་མ་ལྔ་པ། ཡིད་ནི་དྭངས་མ་དྲུག་པའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་བདུན་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུ་ལ་རུས་དུམ་སུམ་བརྒྱ་དྲུག་ཅུ་དང་བ་སྤུ་བརྒྱད་ཁྲི་བཞི་སྟོང་སྐྱེས་པའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་བརྒྱད་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུ་ལ་ཡིད་ཤེས་སྐྱེས་ལ་བུ་ག་དགུ་པོའང་ཕྱེས་པའོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་དགུ་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུས་ཁམ་ཟས་སྟར་ཀ་དང༌། ལི་ཏོག །སྒོག་པ། ཤིང་འབྲས། འབྲུ་རིགས་སྣ་ལྔ་སོགས་ཀྱི་བཅུད་ལེན་པ་སྟེ། མའི་ལུས་ཀྱི་ནང་ཆ་དོན་གྱི་འོག་དང་སྣོད་ཀྱི་སྟེང་ན་གནས་པ་ནི་ས་གཞི་དང་འདྲ་ལ་རི་བོ་སུམ་བརྩེགས་དང་ཡང་མཚུངས་པ་སྟེ། དེའང་དང་པོ་ལ་རི་བོ་མཆོག་རབ་དང༌། གཉིས་པ་ལ་ལས་ཀྱི་རི། གསུམ་པ་ལ་ཁྲག་གི་རི་ཞེས་མིང་དུ་འབོད་དེ། འདི་ལ་རི་བོར་དཔེར་ལེན་པའི་རྒྱུ་མཚན་ནི་ཐེངས་ཤིག་ཉིལ་བ་ན་ཁྲག་གི་ཆུ་བོ་གཅིག་ཏུ་བཞུར་ཏེ་མངལ་གནས་བྱིས་པའི་བཟའ་བཏུང་གི་རྫས་སུ་འགྱུར་བས་སོ། །མའི་མངལ་དུ་གནས་དུས་ཀྱི་ཟླ་བཅུ་པ་ལ། མའི་ལྟོ་བར་ཡོད་པའི་ཕྲུ་གུའི་ལུས་རེ་རེ་ནས་ཡོངས་སུ་གྲུབ་སྟེ་བཙས་པ་ཡིན་ཏེ། ཕ་མར་སྲི་ཞུ་བྱ་བའི་ཕྲུ་གུ་ཞིག་ཡིན་ན་བཙའ་སྐབས་ལག་གཉིས་ཐལ་མོ་སྦྱར་ལ་བདེ་ལྷོད་དེའི་ངང་སྐྱེས་པས་མ་ལ་གཟེར་ཟུག་མེད་ཅིང་མི་གནོད་མོད་ཀྱི། །གལ་ཏེ་མཚམས་མེད་ལྔའི་ལས་ངན་བསགས་པའི་བུ་ཞིག་ཡིན་ན། མའི་མངལ་རལ་བ་དང་སྙིང་མཆིན་ལ་འཐེན་པ། མཚང་ར་ལ་རྡོག་ཐོ་བརྒྱབ་པས་གྲི་བརྒྱས་གཤོག་པ་དང་འདྲ་ལ་མདུང་སྟོང་གིས་བཙུགས་པ་དང་མཚུངས་སོ། །དེ་ལྟ་བུའི་སྡུག་བསྔལ་དཔག་མེད་མྱང་ནས་སྐྱེས་པའི་ཕྲུ་གུ་ལ་ཞིབ་གསལ་དབྱེ་ནས་བཤད་ན་དྲིན་བཅུར་བགྲང་དུ་ཡོད་དེ། དང་པོ་མངལ་སྲུང་བའི་དྲིན་དང༌། གཉིས་པ་བཙའ་དུས་སྡུག་བསྔལ་མྱོང་བའི་དྲིན། གསུམ་པ་བུ་སྐྱེས་པས་ན་ཚ་བརྗེད་པའི་དྲིན། བཞི་པ་བདེ་སྡུག་གཏོང་ལེན་གྱི་དྲིན། ལྔ་པ་སྐེམ་རློན་བརྗེ་རེས་ཀྱི་དྲིན། དྲུག་པ་ནུ་འོས་གསོ་སྐྱོང་གི་དྲིན། བདུན་པ་མི་གཙང་བ་བཀྲུ་ཕྱིས་ཀྱི་དྲིན། བརྒྱད་པ་རྒྱང་རིང་ཕྱིན་པར་དྲན་པའི་དྲིན། དགུ་བ་བརྩེ་སེམས་ཟབ་མོས་བཟུང་བའི་དྲིན། བཅུ་བ་གདུང་སེམས་མཐར་ཐུག་གི་དྲིན་བཅས་སོ། །དང་པོ་མངལ་སྲུང་བའི་དྲིན་གྱི་ཚིགས་སུ་བཅད་པ་ནི། བསྐལ་མང་བསགས་པའི་རྒྱུ་རྐྱེན་གྱིས། །ད་རེས་མ་ཡི་མངལ་དུ་ཞུགས། །ཟླ་བར་བརྒལ་ནས་དོན་ལྔ་སྐྱེ། །བདུན་བདུན་སོང་སྟེ་དབང་དྲུག་ཕྱེས། །ལུས་ལྗིད་རི་བོས་ནོན་དང་འདྲ། །སྒུལ་སྐྱོད་བསྐལ་པའི་རླུང་ལས་འཇིགས། །གོས་བཟང་གྱོན་འདོད་ཡིད་ལ་མེད། །རྒྱན་ཆ་མེ་ལོང་རྡུལ་གྱིས་གོས། །ཞེས་སོ། །གཉིས་པ་བཙའ་དུས་སྡུག་བསྔལ་མྱོང་བའི་དྲིན་གྱི་ཚིགས་སུ་བཅད་པ་ནི། མངལ་གནས་ཟླ་བ་བཅུ་འདས་ན། །བཙའ་དཀའི་སྡུག་བསྔལ་མྱོང་རན་ཏེ། །ཉིན་ལྟར་ནད་པ་ལྗིད་པོ་འདྲ། །བྱིང་རྨུགས་འཐིབ་པོས་ཀུན་ནས་ནོན། །འཇིགས་པའི་སྣང་བ་བརྗོད་ལས་འདས། །གདུང་ཡུས་གང་བས་མིག་ཆུ་འཛག །མཛའ་བཤེས་རྣམས་ལ་ཡང་ཡང་ལབ། །གཤིན་རྗེས་བུ་སྲོག་འཕྲོག་སྙམ་སྐྲག །ཅེས་སོ། །གསུམ་པ་བུ་སྐྱེས་པས་ན་ཚ་བརྗེད་པའི་དྲིན་གྱི་ཚིགས་སུ་བཅད་པ་ནི། བྱམས་པའི་མ་ལ་བུ་སྐྱེད་ཉིན། །དོན་ལྔ་དབྱེ་བར་འབྱེད་འདྲ་འམ། །ལུས་སེམས་ཁ་ལོག་བསྒྱུར་བཞིན་གཟེར། །ར་ལུག་གསོད་པའི་ཁྲག་ཙམ་ཟག །བཙས་ནས་བུ་ཁམས་བཟང་ཐོས་པས། །སྤྲོ་བ་བརྒྱ་འགྱུར་འཕེལ་བྱས་ཏེ། །སྡུག་བསྔལ་སྤྲོ་བས་ཟིལ་གྱིས་མནན། །ན་ཚ་སྐྱིད་པས་བརྗེད་པར་གྱུར། །ཅེས་སོ། །བཞི་པ་བདེ་སྡུག་གཏོང་ལེན་གྱི་དྲིན་གྱི་ཚིགས་སུ་བཅད་པ་ནི། །ཕ་མས་དྲིན་གྱིས་སྐྱོང་བའི་སྐབས། །བྱམས་སྐྱོང་གོ་སྐབས་ཤོར་དུས་མེད། །བདེ་བ་གཏོང་བར་ངང་འཐེན་མེད། །སྡུག་བསྔལ་ལེན་པར་སྨིན་མི་གཉེར། །བྱམས་སེམས་བཟོད་བློ་བྲལ་བས་གསོ། །བཀའ་དྲིན་བརྒྱ་འགྱུར་གྱིས་སྐྱོང་སྟེ། །དེ་རིང་བུ་འདི་ལྟོ་འགྲངས་ན། །ཨ་མ་ལྟོགས་ཀྱང་ཅི་མི་སྙམ། །ཞེས་སོ། །ལྔ་བ་སྐེམ་རློན་བརྗེ་རེས་ཀྱི་དྲིན་གྱི་ཚིགས་སུ་བཅད་པ་ནི། མ་ནི་རློན་སར་ཉལ་ནས་སུ། །བུ་ལུས་སྐེམ་སར་སྤོ་བར་བྱེད། །ནུ་འོ་མངར་མོས་བཀྲེས་སྐོམ་སེལ། །གོས་འཇམ་གཡོག་སྟེ་འཁྱགས་ལྷག་འགོག །དྲིན་གྱིས་སྐྱོང་སྐབས་ཟས་གཉིད་བརྗེད། །བྱམས་སྐྱོང་མང་ཙམ་བྱས་ན་སྤྲོ། །བུ་གཅིག་བདེ་ཞིང་བརྟན་པ་ན། །ཨ་མ་བདག་བདེའི་རེ་བ་མེད། །ཅེས་སོ། །དྲུག་པ་ནུ་འོས་གསོ་སྐྱོང་གི་དྲིན་གྱི་ཚིགས་སུ་བཅད་པ་ནི། བརྩེ་བའི་མ་ཡི་ས་གཞི་ལ། །བཙན་པོའི་ཕ་ཡི་གནམ་ཞིག་བསྡེབས། །བཀའ་དྲིན་ཆེ་བ་གནམ་ས་སྟེ། །ཕ་མའི་དྲིན་ཡང་དེ་བཞིན་ལགས། །ནམ་ཡང་མི་ཁྲོ་སྡང་མིག་མེད། །རྐང་ལག་ཞ་ཡང་སུན་མི་སྐྱེད། །ལྟོ་བ་ནས་འཁྲུངས་མ་ཡི་བུ། །ཉིན་གང་བརྩེ་ཡང་བློ་མི་ཚིམ། །ཞེས་སོ། །བདུན་པ་མི་གཙང་བ་བཀྲུ་ཕྱིས་ཀྱི་དྲིན་གྱི་ཚིགས་སུ་བཅད་པ་ནི། དང་པོ་ཆུ་སྐྱེས་མཛེས་ཉམས་ཅན། །བློ་རིག་གྲུང་ལ་ལུས་མཉེན་པ། །སྨིན་མ་ཕྲ་ཞིང་སྐྲ་ལོ་གནག །བཞིན་རས་པདྨ་དམར་པོར་མཚུངས། །དྲིན་གྱིས་སྐྱོང་བས་མཛེས་སྒེག་བཅོམ། །བཀྲུ་ཕྱིས་བྱས་པས་དཔལ་མཛངས་བརླགས། །བུ་དང་བུ་མོ་ཁོ་ནའི་ཆེད། །ཨ་མའི་མཛེས་སྡུག་ཉམས་པར་འགྱུར། །ཞེས་སོ། །བརྒྱད་པ་རྒྱང་རིང་ཕྱིན་པར་དྲན་པའི་དྲིན་གྱི་ཚིགས་སུ་བཅད་པ་ནི། ཤི་གྱེས་བྱུང་བར་བཟོད་དཀའ་ཞིང༌། །གསོན་འབྲལ་དེ་ཡང་སྙིང་ན་མོད། །བུ་དེ་རྒྱང་རིང་ཕྱིན་པ་ན། །ཨ་མས་མི་ཡུལ་དྲན་ཏེ་གླེང༌། །ཉིན་མཚན་སྣང་བ་འདི་མི་འབྲལ། །མིག་ཆུ་གྲངས་མེད་འཛག་པ་ནི། །སྤྲ་ཡིས་བུ་ཆེད་ངུ་བ་བཞིན། །དུས་ཀུན་རྒྱུ་མཆིན་གཅོད་དང་མཚུངས། །ཞེས་སོ། །དགུ་བ་བརྩེ་སེམས་ཟབ་པའི་དྲིན་གྱི་ཚིགས་སུ་བཅད་པ་ནི། ཕ་མའི་བཀའ་དྲིན་ཆེ་བས་ན། །དྲིན་ལན་གསོབ་ཐབས་དཀའ་བར་གདའ། །བུ་ སྡུག་དང་དུ་ལེན་པར་འདོད། །བུ་ངལ་མ་སེམས་བདེ་དུས་མེད། །རྒྱང་རིང་བསྐྱོད་པར་ཐོས་པའི་མོད། །བུ་ཡི་གནས་མལ་ལྟོགས་འཁྱགས་སེམས། །བུ་དང་བུ་མོ་ཅུང་དཀའ་ན། །ཨ་མའི་སེམས་སྡུག་ཡུན་རིང་མྱོང༌། །ཞེས་སོ། །བཅུ་བ་གདུང་སེམས་མཐར་ཐུག་གི་དྲིན་གྱི་ཚིགས་སུ་བཅད་པ་ནི། ཕ་མའི་བཀའ་དྲིན་ཤིན་ཏུ་ཆེ། །བྱམས་བརྩེའི་སེམས་པ་ཆད་མ་མྱོང༌། །འགྲོ་འདུག་གང་གི་སྐབས་ཀྱང་འགྲོགས། །ཉེ་རིང་ཀུན་ཏུ་འབྲལ་མེད་རྒྱུགས། །མ་ཚེ་དགུང་ལོ་བརྒྱ་བརྟན་ན། །བརྒྱད་ཅུའི་བུ་ཆེད་ཐུགས་ཁྲལ་དགོས། །བྱམས་བརྩེ་འབྲལ་དུས་ནམ་ཞེ་ན། །ཚེ་ཡི་འཕེན་པ་ཟད་དུས་སོ། །ཞེས་སོ། །སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། ངས་སེམས་ཅན་རྣམས་ལ་བརྟག་དཔྱད་ཞིབ་མོར་བྱེད་དུས་མི་ལུས་བླངས་ལ་རྒྱུད་འཛིན་གྲུང་པོར་རློམ་མོད། ནང་སེམས་བླུན་པའི་དབང་གིས་ཕ་མའི་དྲིན་མི་དྲན། བསྙེན་བསྐུར་བྱམས་བརྩེ་མི་བྱེད་པ་མ་ཟད་དྲིན་ལན་ལོག་འཇལ་བྱེད་པའང་མང་ངོ། །མས་མངལ་དུ་ཟླ་བཅུའི་རིང་བཟུང་དུས་ལངས་འདུག་གང་བྱས་ཀྱང་མི་བདེ་བ། ལུས་ལྗིད་པ་ཁུར་ཆེན་པོ་ཞིག་འཁུར་བ་དང་འདྲ་བ། བཟའ་བཏུང་གི་ཡི་གའང་འགགས་ཏེ་ཡུན་རིང་གི་ནད་པ་དང་གཉིས་སུ་མ་མཆིས་སོ། །ཟླ་བ་ཚང་ནས་བཙའ་སྐབས་སྡུག་བསྔལ་དུ་མ་མྱོང་ལ། ཡུད་ཙམ་གྱིས་སྐྱེས་དུས་བུའི་སྲོག་འཆི་བ་མི་རྟག་པའི་དབང་དུ་འཆོར་དོགས་ཀྱིས་སེམས་ཁྲལ་ཞེད་སྣང་ངང་དུ་ར་ཕག་གསོད་པ་བཞིན་ཁྲག་གིས་ས་གདན་གང་བའོ། །དེ་ལྟ་བུའི་སྡུག་བསྔལ་མྱོང་ནས་བུ་ཞིག་སྐྱེས་པ་ལ་བདེ་སྡུག་གཏོང་ལེན་དང་འཛིན་སྐྱོང་བསྐྱེད་བསྲིང་གནང་བ། མི་གཙང་བ་བཀྲུ་བར་དཀའ་ངལ་ལ་མི་འཛེམས་པ། འཁྱགས་ལྟོགས་ལ་མི་ཞེད་པ། བུ་སྐམ་སར་བསྙལ་ནས་མ་རློན་སར་ཉལ་བའོ། །ལོ་གསུམ་གྱི་རིང་ལ་མའི་ཁྲག་དཀར་པོ་ནུ་འོ་བསྣུན་ནས་བྱིས་པ་དེ་གཞོན་ནུ་དང་དེ་དར་མར་མ་གྱུར་བར་དུ་རིམ་བཞིན་བསྐྱེད་བསྲིང་བ། དེ་ནས་མི་ལུགས་བསླབས་པ་དང་བག་མ་ལེན་པའམ་མག་པ་གཏོང་བ། ཚོང་སོ་ནམ་གྱི་ལག་རྩལ་བསླབ་པ། ལས་དོན་འགན་འཁུར་གྱི་བདག་གཉེར་བསྐོ་བ། རྒྱུ་ནོར་ཤུལ་དུ་བཞག་པ་སོགས་དཀའ་སྡུག་ཅི་འདྲ་མང་པོ་མྱོང་ནའང་དེ་ལ་ལན་འཇལ་དགོས་ནམ་ཡང་མི་གླེང་པའོ། །བུ་བུ་མོར་ནད་ཀྱིས་བཏབ་ན་ཕ་མས་སྐྲག་སྣང་དང་སེམས་ཁྲལ་ཤིན་ཏུ་ཆེ་བར་བྱེད་པས་རང་ཉིད་ལའང་ནད་བསླང་པའི་རྐྱེན་དུ་འགྱུར། རང་གི་ནད་ལ་རྒྱུན་བབ་ཙམ་དུ་བལྟ། གལ་ཏེ་བུ་ནད་ལས་གྲོལ་ན་མའང་བདེ་ཐང་ཡོང་བའོ། །དེ་ལྟར་གསོ་སྐྱོང་བྱས་ནས་མྱུར་དུ་འཚར་ལོངས་ཡོང་བར་རེ་འདུན་འཆང་མོད་ཀྱི། ཆེ་ནས་བརྩི་བཀུར་མེད་པར་གྱུར་ལ་ཚིག་རྩུབ་སྨྲ་བ་དང་ཁ་ལ་མི་ཉན་པ་ངག་ལ་མི་འཁྲི་བ་མ་ཟད། མིག་ལོག་གམ་སྡང་མིག་གིས་བལྟ་བའོ། །ཁུ་ཞང་ལ་བཙན་དབང་དང་སྤུན་ཟླ་ལ་རྡུང་བརྡེག་གཏོང་བ། གཉན་ཉེ་བ་ལ་མཚང་འབྲུ་བ་དང་ཁྲེལ་མེད་བྱེད་པ། མི་ཆོས་ཀྱི་གུས་ལུགས་ལ་ཁྱད་བསད་གཏོང་བའོ། །དགེ་བའི་བཤེས་ལས་བསླབ་བྱ་ཐོས་མྱོང་ཡང་བརྩི་སྲུང་དང་ལེན་མི་བྱ་བ་དང་ཕ་མའི་བཀའ་བཞིན་མི་བསྒྲུབ་པ། སྤུན་ཟླ་གཅེན་གཅུང་རྣམས་ཀྱིས་བཤད་ནའང་ཡང་ཡང་འགལ་བས་དགྲ་ཟླར་འགྱུར་བའོ། །ཕྱི་ནང་འགྲོ་འདུག་སྐབས་སུའང་ཕ་མ་ལ་སྙན་གསེང་མི་ཞུ་བ། སྐད་ཆ་ཤོད་སྟངས་དང་སྤྱོད་ལམ་ལ་ང་རྒྱལ་ཁེངས་དྲེགས་ཆེན་པོ་སྟོན་པ་སོགས་རང་སྣང་གང་ཤར་གྱི་བྱ་བ་བྱེད་པའོ། །ཕ་མས་ཁ་ཏ་དང་ཁུ་ཞང་གིས་བསྒོ་བ་བྱེད་དུས་བྱིས་པ་ཆུང་ཆུང་སྙིང་བརྗེ་བར་སྣང་ནས་གོང་མེས་ཀྱིས་འགོག་སྲུང་བྱེད་མོད་ཀྱི། རིམ་གྱིས་ནར་སོན་ནས་གྱོང་པོ་རྩིང་སྤྱོད་ཅན་བཅོས་ཐབས་བྲལ་བར་གྱུར་ཏེ། རང་གི་ནོར་འཁྲུལ་ལ་ངོས་ལེན་མི་བྱེད་པ་མ་ཟད་སྐྱོན་བརྗོད་མཛུབ་ཚུགས་བྱས་ན་ཞེ་སྡང་ལང་ངོ། །རྐྱེན་དེས་གཉེན་བཤེས་རྣམས་དང་ཁ་བྲལ་ནས་གྲོགས་ངན་དང་འགྲོགས། སྤྱོད་པ་མ་རབས་ལ་རིང་དུ་གོམས་འདྲིས་བྱུང་སྟེ་ཡིན་མིན་གོ་ཟློག་ཏུ་འཇུག་གོ །ཡང་ན་མིས་མགོ་སྐོར་ཐེབས་ནས་མི་ཡུལ་དུ་ཕྱིན་ཏེ་ཕ་མའི་བཀའ་ལས་འགལ་ལ་མཛའ་བཤེས་གཉེན་ཉེ་དང་འབྲལ་བའོ། །ཡང་ན་ཚོང་གཉེར་བའམ་སྲིད་དོན་སྒྲུབ་པས་དེའི་ངང་དུ་དུས་ཡུན་རིང་པོར་འགྱངས། རང་གར་གཉེན་བསྒྲིགས་ཏེ་རང་ཡུལ་འགྲོ་བར་བཀག་ནས་རྒྱུན་རིང་པོར་ཁྱིམ་དུ་མི་ལོག་པའོ། །ཡང་ན་མི་ཡུལ་དུ་བག་མེད་སྤྱོད་ཅིང་བློ་རིག་བསྒྲིམས་མ་ནུས་པས་མི་གཞན་གྱི་གཡོ་ཐབས་ཀྱིས་གནོད་སྐྱེལ་བའམ་ལྐོག་ཏུ་གསོད་པ། ཆག་སྒོའི་སྣ་འདྲེན་པ། མ་ཉེས་ཁ་གཡོག་གིས་ཁྲིམས་གཅོད་ཕོག་པ་དང་བཙོན་རར་རྐང་ལྕགས་ལག་ལྕགས་ཀྱིས་བཟུང་བའོ། །ཡང་ན་ནད་ཀྱིས་བཏབ་ནས་རྐྱེན་ངན་པས་མི་གཏོང་བའམ། བཙོན་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་ནས་ལུས་རིད་ཅིང་ཉམ་ཐག་པར་གྱུར་ཀྱང་བལྟ་སྐོར་བྱེད་མཁན་མེད་པ། མི་གཞན་གྱིས་མ་རབས་ལུས་ངན་ཕན་མེད་དུ་མཐོང་ནས་གྲོང་མཐར་གཡུགས་པའོ། །དེར་བརྟེན་འཆི་བར་ཉེ་ཡང་ལྟ་སྐྱོབ་མཁན་སྨན་པའམ་ནད་གཡོག་མེད་པར་ལུས་སོ། །ཤི་རྗེས་ཀྱི་རོ་སྐྲང་སྦགས་རུལ་སུངས་གྱུར་ཅིང༌། ཉི་མས་དྲག་སྐེམ་མམ་རླུང་ནག་གིས་གཏོར་བཤིག་ཐེབས་ཏེ་རུས་དཀར་ཐར་ཐོར་དུ་གྱུར་ཏོ། །བླ་འཁྱམས་མི་ཡུལ་དུ་ལུས་པས་གཉེན་བཤེས་རིགས་དང་འདུ་འཛོམས་མི་འོང་བ་མ་ཟད་གཏན་དུ་ཁ་འབྲལ་བ་ཡིན་ལ་བཀའ་དྲིན་ཆེ་བའི་བརྩེ་ལྡན་ཕ་མའི་བཀའ་ལས་འགལ་བའོ། །རྒན་པ་གཉིས་པོས་ནི་ནམ་ཡང་བརྗེད་མ་མྱོང་སྟེ་ངུས་ངུས་ནས་མིག་ལོང་བའམ། སྡུག་བསྔལ་གྱིས་རླུང་བྱང་ཁོག་ཏུ་སོང་སྟེ་ནད་པར་གྱུར་པ། བུ་དྲན་དྲག་པས་རྐྱེན་གྱིས་ལུས་ཟུངས་ཉམས་ཏེ་ཤི་རྗེས་འདྲེ་རུ་གྱུར་ཀྱང་རྣམ་ཤེས་ཀྱིས་བུ་དྲན་པ་མི་སྐྱུར་བའོ། །ཡང་ན་བུས་སློབ་གཉེར་དང་ལས་དོན་མི་བསྒྲུབ་པ་གྲོགས་ངན་དང་འགྲོགས་ཏེ་ལྟ་སྤྱོད་ལོག་པ་འཆང་བས་གདུག་རྩུབ་ཅན་མི་འཁྱམས་གྱོང་པོ་ཕན་པ་མེད་པའི་རིགས་ལ་བསླབ་འདོད་སྐྱེད་པ། རྩོད་པ་དང་རྡུང་བཙོགས་ལ་དགའ་སྣང་འཆར་བ། མི་སེར་དམངས་ཁྲོད་ལ་འཕྲོག་བཅོམ་རྡུང་བརྡེག་གི་སྤྱོད་པ་སྤྱད་པ། ཆང་བཏུང་བ། ཤོ་རྩེད་པ། རྒྱན་པོ་འགྱེད་པ་དང་བཙན་གཡེམ་བྱེད་པ་སོགས་ལོག་པར་སྤྱོད་པའི་ནག་ཉེས་ཀྱིས་སྤུན་ཟླ་ལའང་གནོད་པ་སྐྱེལ་བའམ་ཕ་མའི་ཐུགས་དཀྲུགས་པའོ། །ནངས་སྔ་མོ་འགྲོ་ནས་དགུང་ཕྱི་པོའི་བར་མི་ལོག་པ། རྒན་རབས་ལ་སེམས་ཁུར་གྱིས་བྱ་སྤྱོད་མེད་པ་དང་འཁྱགས་ལྟོགས་ནམ་ཡང་མི་འདྲི་བ། ཟླ་བའི་སྟོད་སྨད་དམ་ཉིན་མཚན་གང་པོར་ཁྱིམ་དང་བྲལ་ནས་འཁྱམས་པས་ཞབས་ཕྱི་སྒྲུབ་པའི་དུས་མེད་པ། གཟིམ་ཁྲི་དང་དབུ་སྔས་སོགས་ལ་བདེའམ་ཞེས་འདྲི་ཙམ་ཡང་མེད་པ་མ་ཟད་བཟའ་བཏུང་ཐབ་ཆས་སོགས་ལའང་སེམས་ཁུར་གཏན་ནས་མེད་པའོ། །ཕ་མས་ནི་རྒས་ཤིང་འཁོགས་པའི་ལུས་ཟུངས་ཉམས་ལ་རིད་པས་མི་སྡུག་པའི་རྣམ་པ་ལ་མི་གཞན་གྱིས་བུ་རྒྱུད་ཀྱིས་མ་བཀུར་སྲི་ཞུ་མེད་ཅེས་འཕྱ་བར་དོགས་ཏེ་སྒོར་འབུད་ནས་མི་དང་འཕྲད་པར་འཛེམས་པའོ། །ཡང་ན་ཕ་ཕོ་ཡུགས་སམ་མ་མོ་ཡུགས་ལུས་པས་ཁྱིམ་སྟོང་བསྲུང་ནས་ཁེར་རྐྱང་འདུག་དགོས་བྱུང་བས། མགྲོན་པོ་ཞིག་མི་གཞན་གྱི་གནས་ཁང་དུ་བཅའ་སྡོད་བྱེད་པ་དང་འདྲ་བ་འཁྱགས་སམ་ལྟོགས་ནའང་འདྲི་མི་མེད་པའོ། །ཉིན་མཚན་ཀུན་ཏུ་ངུ་བཞིན་ཁེར་ལབ་ཀྱིས་ཀྱེ་མ་ཀྱི་ཧུད་ཅེས་སྨྲེ་སྔགས་འདོན་དགོས་བྱུང་བའོ། །རྒན་རབས་ལ་བཀུར་སྟི་དང་ཟས་བཅུད་རོ་བརྒྱ་ལྡན་པས་མཆོད་སྟོན་བྱ་བ་དེ་འོས་པ་ཞིག་ཡིན་ཡང་མི་བྱའོ། །རྒན་རབས་ཀྱིས་གལ་སྲིད་མི་གཞན་གྱིས་སྲི་ཞུ་མེད་པའི་དོན་འདི་ཤེས་སོང་ན་མིས་འཕྱ་ཡོང་ན་ངོ་ཚ་སྙམ་ནས་སྐྲག་གོ །ཡང་ན་རྒྱུ་ནོར་ཟས་རིགས་ཡོད་ཀྱང་བུ་དང་ཆུང་མར་བྱིན་ནས་དཀའ་སྡུག་ཀུན་བརྗེད་ལ་མི་གཞན་གྱིས་འཕྱ་བར་མི་འཛེམས། ཆུང་མའམ་དགའ་མས་གཅུན་པར་དོན་ཀུན་དེ་བཞིན་བསྒྲུབས། རྒན་རབས་གྱིས་བཀའ་བཀྱོན་ལ་བརྩི་འཇོག་དང་ཞེད་སྣང་མེད་དོ། །ཡང་ན་བུ་མོ་གནས་ལ་མ་སོང་གོང་དུ་ཕ་མར་གུས་བཀུར་དང་ལྡན་པ་ཞིག་ཡིན་ན་ཡང༌། གནས་མར་གྱུར་རྗེས་རིམ་གྱིས་ཕ་མར་མ་གུས་པར་འགྱུར་ཏེ། ཕ་མས་བཀའ་གསུང་ཅུང་ཟད་ལའང་ཁོང་ཁྲོ་ལངས། ཁྱོ་གའམ་མག་པས་རྡུང་བརྡེག་དང་གཤེ་བ་གང་ལྟར་བྱས་ཀྱང་བཟོད་བསྲན་ངང་དང་དུ་ལེན་པ་ནི་རིགས་མི་གཅིག་རུས་རྒྱུད་མི་འདྲ་བར་བརྩེ་སེམས་ཟབ་མོས་བཟུང༌། རང་ཁྱིམ་ཤ་ཁྲག་གཅིག་པར་བློས་བཏང་སྟེ་རིང་དུ་བསྐྱུར་བའོ། །ཡང་ན་ཁྱོ་ག་དང་བསྡེབས་ནས་ཕྱི་རོལ་མི་ཡུལ་དུ་ཆས་དེ་ཕ་མ་དང་འབྲལ་བ་མ་ཟད་རྗེས་སུའང་མི་དྲན། ཆ་འཕྲིན་གྱི་འབྲེལ་ཐག་བཅད་ནས་ཡི་གེའང་མི་གཏོང་མོད། ཕ་མས་རྒྱུན་དུ་དྲན་ནས་བློ་མི་བདེ་བ་ཁོ་ནས་དུས་འདའ་བ་ནི། མགོ་མཇུག་ཐུར་དུ་གཤོག་པ་དང་འདྲ་ལ། མཇལ་འཕྲད་ཀྱི་རེ་འདུན་ནི་སྐོམ་པས་ཆུ་ལྟར་དུ་འདོད་པ་སོགས་བྱམས་པའི་སེམས་ཀྱིས་དྲན་པའི་རྒྱུན་ནམ་ཡང་ཆད་མ་མྱོང་བའོ། །ཕ་མའི་བཀའ་དྲིན་ནི་ཚད་མེད་མུ་མཐའ་མེད་ལ་བུ་རྒྱུད་ངན་པའི་སྡིག་པའང་བཤད་པས་རྫོགས་མཐའ་མ་མཆིས་པའོ། །ཞེས་གསུངས་སོ། །དེའི་དུས་སུ་སངས་རྒྱས་ཀྱིས་ཕ་མའི་བཀའ་དྲིན་ཆེ་ཚུལ་གསུངས་པར་ཀུན་ཀྱིས་ཐོས་པས་ལུས་ས་ལ་བརྡབ། ལག་པས་བྲང་རྡུང༌། ལུས་ཀྱི་བ་སྤུ་བུ་ག་ནས་ཁྲག་འཛག །བརྒྱལ་ནས་ས་ལ་འགྱེལ་ཏེ་རྒྱུན་རིང་པོར་སོང༌། སླར་སངས་པ་ན་སྨྲེ་སྔགས་འདོན་པ་ནི། སྡུག་གོ། །སྡུག་གོ། །ནའོ། །ནའོ། །བདག་སོགས་དེ་རིང་བར་དུ་སྡིག་ཆེན་ཡིན་པ་མ་ངེས། ནམ་ཡང་མ་ཤེས། དེ་རིང་གཞི་ནས་མ་ལེགས་པ་མངོན་སུམ་དུ་རྟོགས་པས་སྙིང་གས་ལ་ཉེ། ད་ཐབས་གཅིག་པུར་བ་ནི་འཇིག་རྟེན་མགོན་པོས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་སྐྱབས་དང་མགོན་མཛད་དུ་གསོལ། གང་ལྟར་བྱས་ན་ཕ་མ་ལ་དྲིན་ལན་གསོབ་ནུས་གསུང་དུ་གསོལ་ཞེས་ཞུས་སོ། །དུས་དེའི་ཚེ་ཐུབ་པས་བཀའ་ཟབ་ལ་ལྕི་བ་གསུང་དབྱངས་ཡན་ལག་བརྒྱད་ལྡན་གྱིས་འཁོར་རྣམས་ལ་གསུང་པ། ཁྱོད་ཅག་ངེས་པར་གྱིས་ཤིག །ངས་དེ་རིང་ཁྱོད་རྣམས་ལ་དབྱེ་བ་ཞིབ་མོར་ཕྱེས་ནས་བཤད་ན། གལ་སྲིད་མི་ཞིག་གིས་ཕ་ཕྲག་པ་གཡས་སུ་འཁུར། མ་ཕྲག་པ་གཡོན་དུ་འཁུར་ཏེ་ལུས་ཀྱི་པགས་པ་བུག་ནས་རུས་པར་ཐུག །རུས་པ་རྐང་མར་ལ་ཐུག་གི་བར་དུ་དབུས་ཀྱི་རི་བོ་མཆོག་རབ་ལ་བསྐོར་ནས་བསྐལ་པ་བརྒྱ་ཕྲག་སྟོང་འདས། ཁྲག་ཟག་པས་རྐང་པའི་ལོང་ཚིགས་བར་དུ་ནུབ་ཀྱང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་མུ་གེའི་བསྐལ་པར་ཕ་མའི་ཆེད་དུ་རང་ལུས་ཟད་པའི་བར་དུ་རང་ཤ་དུམ་བུར་བཅད་དེ་རྡུལ་ཕྲན་ཙམ་རེ་བྱས་ནས་ཕུལ་བས་བསྐལ་བ་བརྒྱ་སྟོང་བར་དུ་སོང་ཡང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་ཕ་མའི་ཆེད་དུ་རལ་གྲི་རྣོན་པོས་མིག་བཏོན་ཏེ་ཐུབ་པ་ལ་ཕུལ། དེ་ལྟར་བྱས་ནས་བསྐལ་པ་བརྒྱ་སྟོང་འདས་ཀྱང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་ཕ་མའི་ཆེད་དུ་རལ་གྲི་བཟུང་ནས་རང་གི་སྙིང་མཆིན་བཅད་དེ་ཁྲག་གིས་ས་གཞིར་ཁྱབ་ཀྱང་ན་ཚ་ལ་མི་འཛེམ། དེ་ལྟར་བྱས་ནས་བསྐལ་པ་བརྒྱ་སྟོང་འདས་ཀྱང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་ཕ་མའི་ཆེད་དུ་མདུང་དང་གྲི་བརྒྱ་སྟོང་གིས་དུས་གཅིག་ཏུ་རང་ལུས་ལ་བཙུགས་ནས་གཡས་གཡོན་ཀུན་ཕུག་སྟེ་བསྐལ་པ་བརྒྱ་སྟོང་འདས་ཀྱང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་ཕ་མའི་ཆེད་དུ་རུས་པ་བཅག་སྟེ་རྐང་མར་ལེན་ནས་བསྐལ་པ་བརྒྱ་སྟོང་འདས་ཀྱང་ཕ་མ་ལ་དྲིན་ལན་མི་སོད། གལ་ཏེ་མི་ཞིག་གིས་ཕ་མའི་ཆེད་དུ་ལྕགས་སྲེག་གི་རིལ་བུ་མིད་ནས་བསྐལ་པ་བརྒྱ་སྟོང་འདས་ཏེ་ལུས་ཀུན་འཁུམ་ཞིང་ཚིག་ནའང་ཕ་མ་ལ་དྲིན་ལན་མི་སོད་དོ། །ཞེས་གསུངས་སོ། །དེའི་དུས་སུ་སངས་རྒྱས་ཀྱིས་གསུངས་པའི་ཕ་མར་བཀའ་དྲིན་གསོབ་ཐབས་མེད་ཚུལ་འཁོར་རྣམས་ཀྱིས་ཐོས་པས་མིག་ནས་ཆུ་འཛག །སྙིང་ལ་ན་ཟུག་རྒྱབ། ཐབས་གཅིག་ཀྱང་མི་དྲན་པ་དེར་ལུས་སོ། །དེ་ནས་འགྱོད་བཤགས་ཀྱི་ཚིག་སངས་རྒྱས་ལ་མཉམ་དུ་གསོལ་པ། འུ་ཅག་དེ་རིང་ད་གཟོད་སྡིག་པ་ཆེ་བའི་མི་ཉེས་ཅན་ཡིན་པ་གོ་བ་ཟབ་མོ་ལོན་བྱུང༌། ད་གང་ལྟར་བྱས་ནས་ཕ་མའི་དྲིན་ལྕི་མོ་དེར་ལན་གསོབ་ནུས་སམ་ཞེས་ཞུས་སོ། །སངས་རྒྱས་ཀྱིས་འཁོར་རྣམས་ལ་བཀའ་བསྩལ་པ། དྲིན་ལན་འཇལ་བསམ་ན་ཕ་མའི་ཆེད་དུ་མདོ་འདི་ཡི་གེར་བྲིས་ཤིག །ཕ་མའི་ཆེད་དུ་མདོ་འདི་ཐོན་ལ་དོན་ཡིད་ལ་ཟུངས་ཤིག །ཕ་མའི་ཆེད་དུ་སྡིག་སྦྱངས་འགྱོད་བཤགས་གྱིས་ཤིག །ཕ་མའི་ཆེད་དུ་མཆོག་གསུམ་ལ་མཆོད་པ་གྱིས་ཤིག །ཕ་མའི་ཆེད་དུ་སྨྱུང་བར་གནས་པའི་སྡོམ་པ་ལོངས་ཤིག །ཕ་མའི་ཆེད་དུ་སྦྱིན་པ་བཏང་ནས་བསོད་ནམས་སོགས་ཤིག །དེ་བཞིན་དུ་བྱས་ན་རྒན་རབས་ལ་བསྙེན་བསྐུར་བྱེད་ཤེས་པའི་བུ་བརྒྱུད་ཅེས་སྲི་ཞུ་ཅན་གྱི་མིང་དུ་འདོགས་པ་ཡིན་གྱི། དེ་བཞིན་དུ་མ་བྱས་ན་དམྱལ་བའི་སེམས་ཅན་དུ་འགྱུར་ངེས་པ་ཡིན་ནོ། །ཞེས་གསུངས་སོ། །ཡང་སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་བསྩལ་པ། སྲི་ཞུ་མི་བྱེད་པའི་མི་དེ་ཚེ་ལུས་ཀྱི་ཚད་རྫོགས་ནས་ཤི་བ་དང་དུས་མཉམ་པར་དམྱལ་བ་མནར་མེད་དུ་སྐྱེས་པའོ། །དམྱལ་བ་འདི་ལ་རྒྱ་ཁྱོན་དཔག་ཚད་ཁྲི་བརྒྱད་བརྒྱ་ཡོད་ལ་ཕྱོགས་བཞིར་ལྕགས་ཀྱི་ཁང་པས་སྐོར་ཞིང་ཁོར་ཡུག་ཀུན་ཏུ་དྲ་རྒྱས་སྦྲེལ་ནས་འགོག་པའོ། །ལྕགས་སྲེག་གི་ས་གཞིར་མེ་དྲག་ཏུ་འབར་བ། བར་སྣང་གང་ལའང་འབྲུག་གྲགས་པ་དང་ཐོག་དྲག་ཏུ་འབེབ་པ། ཁྲོ་ཆུ་ཁོལ་མ་སྡིག་ཅན་གྱི་ཁར་བླུག་པ། ཟངས་ཁྱི་དང་ལྕགས་སྦྲུལ་གྱི་ཁ་ནས་མེ་དུད་ཆད་མེད་དུ་འཕྱུར་བ། སྲེག་པ་དང་གསུར་བའི་ཤ་ཚིལ་རབ་ཏུ་འབར་བས་ན་ཚའི་སྡུག་བསྔལ་བཟོད་མི་ནུས་པའི་སྨྲེ་སྔགས་ཀྱི་ཧུད་ཀྱི་ཧུད་ཅེས་འབོད་པ། ལྕགས་ཀྱུ་དང་མདུང་རིང་རལ་གྲི་ཐོ་བ་དགྲ་སྟ་སྤུ་གྲི་འཁོར་ལོ་སོགས་བར་སྣང་ནས་ཆར་སྤྲིན་ལྟར་འབབ་པ། ཡང་ན་གཏུབ་ཡང་ན་ཕུག་སྟེ་སྡིག་ཅན་ལ་བསྐལ་པའི་བར་དུ་རྒྱུན་ཆད་པར་མེད་པའི་སྡུག་བསྔལ་མྱོང་བའོ། །དེ་ནས་དམྱལ་བ་གཞན་དུ་ལྟུང་སྟེ་མགོ་ལ་མེ་ཐབ་བསྐོན་བ། ལྕགས་ཀྱི་ཤིང་རྟ་འཁོར་ལོས་ལུས་སྟེང་ནས་ཕྲེད་གཞུང་དུ་རྒྱུག་པས་ཕོ་བ་དང་རྒྱུ་མ་དབྲལ་ལ་ཤ་རུས་འབྱེད་པ་སོགས་ཉིན་གཅིག་ལ་སྐྱེ་འཆི་ཁྲི་སྟོང་བྱེད་པའོ། །དེ་ལྟ་བུའི་སྡུག་བསྔལ་མྱོང་བའི་རྒྱུ་ནི་སྐྱེ་བ་སྔོན་མར་མཚམས་མེད་ལྔ་བྱས་པའམ་སྲི་ཞུ་མ་བགྱིས་པའི་རྣམ་སྨིན་གྱི་འབྲས་བུའོ། །ཞེས་གསུངས་སོ། །དུས་དེའི་ཚེ་སངས་རྒྱས་ཀྱིས་ཕ་མའི་བཀའ་དྲིན་ཆེ་ཚུལ་གསུངས་པར་འཁོར་རྣམས་ཀྱིས་ཐོས་པས་ངུ་བཞིན་ཐུབ་པ་ལ་གསོལ་པ། འུ་ཅག་ལ་ཕ་མའི་དྲིན་ལན་གསོབ་པའི་ཐབས་གསུང་དུ་གསོལ་ཞེས་ཞུས་སོ། །སངས་རྒྱས་ཀྱིས་འཁོར་རྣམས་ལ་བཀའ་བསྩལ་པ། དྲིན་ལན་གསོབ་པར་འདོད་ན་ཕ་མའི་ཆེད་དུ་མདོ་འདི་བཞེངས་ན་ཕ་མར་དྲིན་ལན་སོད་པ་ཡིན་ཏེ། དེའང་དུམ་པ་གཅིག་བསྐྲུན་ན་སངས་རྒྱས་གཅིག་གི་ཞལ་མཇལ་བའོ། །དུམ་པ་བཅུ་བསྐྲུན་ན་སངས་རྒྱས་བཅུའི་ཞལ་མཇལ་བའོ། །དུམ་པ་བརྒྱ་བསྐྲུན་ན་སངས་རྒྱས་བརྒྱའི་ཞལ་མཇལ་བའོ། །དུམ་པ་སྟོང་བསྐྲུན་ན་སངས་རྒྱས་སྟོང་གི་ཞལ་མཇལ་བའོ། །དུམ་པ་ཁྲི་བསྐྲུན་ན་སངས་རྒྱས་ཁྲིའི་ཞལ་མཇལ་བའོ། །དེ་ལྟ་བུའི་མི་དེ་ལ་དགེ་བ་ཅན་གྱི་མི་ཞེས་བྱ་སྟེ། མདོ་བསྐྲུན་པར་འབད་པས་སངས་རྒྱས་ཐམས་ཅད་ཀྱིས་རྒྱུན་དུ་ཐུགས་བརྩེ་བས་བསྲུང་པ་ཡིན་ནོ། །མི་དེ་ལ་ལུས་སྟེར་མཁན་རྩ་བའི་ཕ་མའང་ལྷ་ཡུལ་དུ་སྐྱེས་ནས་བདེ་བ་དང་ལྡན་པར་འགྱུར་གྱི་དམྱལ་བའི་སྡུག་བསྔལ་དང་འབྲལ་བའོ། །དུས་དེའི་ཚེ་ཀུན་དགའ་བོ་དང་འཁོར་དེ་དག་དང་མི་དང་ལྷ་དང། ཀླུུ་དང༌། གནོད་སྦྱིན། དྲི་ཟ། ལྷ་མ་ཡིན། ནམ་མཁའ་ལྡིང། མིའམ་ཅི། ལྟོ་འཕྱེ་ཆེན་པོ་སོགས་ཀྱི་རྒྱལ་པོ་དེ་དག་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་བཅས་པའི་འཁོར་རྣམས་ཀྱིས་སངས་རྒྱས་ཀྱི་གསུང་ཐོས་ནས་ལུས་བ་སྤུ་གཡོ། མིག་མཆི་མས་གང་ནས་རང་རང་སོ་སོས་སྨོན་ལམ་བཏབ་པ་ནི། བདག་ཅག་དུས་འདི་ནས་བཟུང་སྟེ་ཇི་སྲིད་གནས་པའི་མཐའ་ལ་མ་ཐུག་གི་བར་དུ་ལུས་འདི་དུམ་བུར་བཅད་དེ་རྡུལ་ཕྲན་ཙམ་དུ་བྱས་ནས་བསྐལ་པ་བརྒྱ་ཕྲག་སྟོང་དུ་འདས་ནའང་ཐུབ་པའི་བཀའ་ལས་མི་འདའ་འོ། །ལྕགས་ཀྱུས་བདག་གི་ལྕེ་དཔག་ཚད་ཙམ་དུ་འཐེན་ནས་དེ་ལ་ལྕགས་ཀྱི་ཐོང་གཤོལ་གྱིས་རྨོས་ཏེ་ཁྲག་གི་ཆུ་བོ་བཞུར་ནས་བསྐལ་པ་བརྒྱ་སྟོང་འདས་ནའང་ཐུབ་པའི་བཀའ་ལས་མི་འདའ་འོ། །ཞེས་ཞུས་སོ། །དུས་དེའི་ཚེ་ཀུན་དགའ་བོ་སྟན་ལས་ལངས་ཏེ་སངས་རྒྱས་ལ་གསོལ་པ། འཇིག་རྟེན་མགོན་པོ་མདོ་འདིའི་མིང་གང་ལགས། རི་མོར་ཇི་ལྟར་བགྱི། ལག་ཏུ་གང་ལྟར་ལེན་གསུང་དུ་གསོལ་ཞེས་ཞུས་སོ། །སྟོན་པས་ཀུན་དགའ་བོ་ལ་བཀའ་བསྩལ་པ། མདོ་འདིའི་མིང་ལ་ཕ་མའི་དྲིན་ལྕི་ལན་གསོབ་དཀའ་ཞེས་གསོལ་ཏེ་ཁྱོད་ཅག་གིས་ཡིད་ལ་ཟུངས་ལ་དེ་དེ་བཞིན་དུ་གྱིས་ཤིག་ཅེས་གསུངས་སོ། །དུས་དེའི་ཚེ་འཁོར་དེ་དག་དང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟ་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱི་གསུང་པར་མངོན་པར་བསྟོད་ཅིང་གུས་པས་ཕྱག་བྱས་ཏེ་ཕྱིར་གྱེས་སོ།།  །།ཞེས་པའང་མི་ལོ་ཆིག་སྟོང་ལྔ་བརྒྱ་ཙམ་གྱི་སྔོན་ནས་ཡའོ་ཆིན་རྒྱལ་རབས་ཀྱི་སྡེ་སྣོད་གསུམ་པ་མཁན་པོ་ཀུ་མཱ་ར་ཛི་བ་Kuma raji va སྟེ་གཞོན་ནུ་ཚེ་རིང་གིས་རྒྱལ་པོའི་བཀའ་བཞིན་སཾསྐྲིཏའི་སྐད་ལས་རྒྱ་ནག་སྐད་དུ་བསྒྱུར་བ་དེ་དེང་གི་བྱིས་པའི་བལྟ་དེབ་དཔེ་རིས་དང་བཅས་པའི་དེབ་ཆུང་ཞིག་བཟོས་འདུག་པ།  དེབ་དེ་མེ་ཕག་ལོར་ཁོ་བོ་ཅག་གི་ལག་ཏུ་སོན་བྱུང་བས་མཇལ་བའི་སྐབས། བདག་གི་ཚ་བུ་བཙུན་ཆུང་ན་ཚོད་བཅུ་ཡིན་པའི་འཇམ་དབྱངས་དཔལ་ལྡན་ལགས་ཀྱིས་མདོ་འདི་བོད་སྐད་དུ་བསྒྱུར་རོགས་གནང་དང༌། བདག་དང་བདག་འདྲ་བ་བོད་ཡིག་ལས་རྒྱ་ཡིག་མི་ཤེས་པའི་བྱིས་པ་རྣམས་ལ་ཕན་པ་ཆེན་པོ་ཡོད། འགྲེམ་སྤེལ་བགྱི་བའི་ཕྱིར་བདག་གིས་དངུལ་སིལ་མ་བསགས་ནས་དཔེ་བསྐྲུན་ཞུ་ངེས་ཡིན་ཞེས་ཐུགས་བསྐྱེད་ཆེན་པོས་ཡང་ཡང་བསྐུལ་མ་གནང་བྱུང༌། དེ་དུས་ཕྲན་ནས་བསྒྱུར་ཤེས་མིན་བལྟ་ཞེས་ལན་ཞུས་མོད། དོན་ལ་མདོ་འདིའི་བོད་ཡིག་འགྱུར་མ་ཡོད་ན་དེ་རང་དགའ་སྙམ་ནས་བཀའ་འགྱུར་དཀར་ཆག་ཏུ་བཙལ་ཀྱང་མ་རྙེད། འགའ་ལ་དྲིས་པས་དྲིན་ལན་བསབ་བའི་མདོ་ཡིན་ནམ་གསུང་བྱུང་ཡང་མཇལ་སྐབས་དེ་རེད་མི་འདུག །དེས་ན་རང་གིས་འགྱུར་བར་བྱ་ནུས་སམ་སྙམ་པ་བློ་སོམ་ཉི་ཅན་དང༌། སྐབས་དེར་སྔ་འགྱུར་བཀའ་མའི་དཔེ་བསྡུར་ལ་བྲེལ་བའི་སྒང་ཡིན་པས་རེ་ཞིག་ལུས་སོང༌། རྒྱ་ནག་གི་ལོ་རྒྱུས་ཐོག་མདོ་འདི་ལ་དོགས་གནས་ཅན་གྱི་གྲས་སུ་བགྲང་མྱོང་ཡང༌། དོན་ལ་ཐེག་ཆེན་པའི་ལམ་དང་མི་འགལ་བ་མ་ཟད་དུས་ངན་འདི་འདྲ་བ་ཕ་ལ་ཕར་མི་བརྩི། མ་ལ་མར་མི་བརྩི་བའི་མི་ཆོས་ཤིན་ཏུ་ཉམས་པར་བློས་མ་བཟོད་པས་བོད་རབ་བྱུང་བཅུ་བདུན་པ་མེ་གླང་ལོའི་དབྱར་ཁར་བཀའ་མའི་ལས་ཀ་མཇུག་སྒྲིལ་ལ་ཉེ་སྟེ་དེ་ཙམ་བྲེལ་བ་མི་ཆེ་བས་ཕྲན་ཚ་གདུང་གཡོལ་ཕྱིར་ཁྲེང་ཏུའུ་ནས་ལྷ་སར་ཕྱིན་ཏེ་འདུག་སྐབས། གྲོགས་པོ་ཚེ་མགོན་སོགས་གྱིས་སྒྱུར་ཅིག་ཅེས་སྐུལ་མ་གནང་བས་རྐྱེན་བྱས་ཏེ་ཕྲན་ཐུབ་བསྟན་ལེགས་བཤད་བྱང་ཆུབ་རྒྱ་མཚོའམ་ཚེ་རིང་རྒྱ་མཚོས་ལྷ་ས་གྲོང་ཁྱེར་གྱི་བྱང་ཤར་མཚམས་རྣམ་སྲས་ལྡུམ་རའི་ཁང་མིག་འོད་གསལ་སྦུག་ཏུ་རྒྱ་ནག་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་སླར་མཁན་སློབ་ཆོས་གསུམ་གྱིས་བཞེངས་པའི་བོད་ཀྱི་དགོན་པ་དང་པོ་བསམ་ཡས་སྒྲ་སྒྱུར་ལོ་ཙཱ་གླིང་དུ་བཻ་རོ་ཙ་ན་དང་སྐ་ཅོག་ཞང་གསུམ་སོགས་ལ་གསོལ་བ་འདེབས་བཞིན་དབེན་པའི་གནས་མཆོག་མཆིམས་ཕུར་ཡང་བསྐྱར་ཞུས་ཏེ་སྤེལ་བའི་དམིགས་ཡུལ་ནི་སྐུལ་བ་པོའི་རེ་བ་བསྐང་བ་དང༌། བདག་དུས་ཀྱི་མཐར་ཡང་རྒྱལ་བའི་བཀའ་ལ་བག་ཆགས་ཕྲན་བུ་རེ་གཞག་པ། ང་དང་ང་འདྲ་བའི་ཕ་མར་སྲི་ཞུ་དང་བསྙེན་བཀུར་མ་འགྲུབ་པའི་སྡིག་རྒན་རྣམས་ཀྱི་སྡིག་བཤགས། རང་རེ་བོད་ཀྱི་བྱིས་པ་གསར་སྐྱེས་རྣམས་ལ་བསླབ་བྱའི་ཆེད་དུ་འབུལ་ན་ཕན་པ་ཅུང་ཟད་རེ་འགྱུར་སྲིད་སྙམ་ནས་པར་སྐྲུན་ཞུས་ཏེ་ཁྲི་ཚར་ཙམ་བཀྲམ་པ་དགེའོ།། །།
 
·གསར་འགྱུར་གོང་མ:༼ལམ་བཟང་ཚགས་པར༽གསར་སྤེལ་ལེགས་གྲུབ་བྱུང་འདུག
·གསར་འགྱུར་འོག་མ:བོད་ཀྱི་བྱིས་སྒྲུང་བརྙན་འཕྲིན་ཟློས་གར་ཞིག
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/5 22:32:46 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/22 23:39:59 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 0:05:19 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 71 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།21.48MS