ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཚོང་ལམ
  གསར་འགྱུར་ཀློག་པ།

འབྲོག་མོ་ཞིག་གི་མི་ཚེའི་སྦྱོང་བརྡར།

[རྩོམ་པ་པོ:སྨིན་དབུས་པོ།  ཡོང་ཁུངས:མཚོ་སྔོན་པོ་ཟིན་བྲིས།  དུས་ཚོད:2010/11/27 19:16:28  བཀླགས་ཐེངས:1416][ཡིག་གཟུགས:ཡིག་གཟུགས་མདོག]
  
 
 
འབྲོག་མོ་ཞིག་གི་མི་ཚེའི་སྦྱོང་བརྡར།
སྨིན་དབུས་པོ།
 
    ཕ་ཡུལ་ཨ་མདོ་རྔ་བ་ཁུལ་ཁྱུང་མཆུ་རྫོང་རྨེ་བ་གསེར་རྡེའུ་ཡུལ་ཚོ་ནས་ཡིན་པའི་རྣམ་རྒྱལ་དབང་མོ་ནི། སྤྱི་ལོ༡༩༨༡ལོར་སྐྱེས། དུས་རབས་གཉིས་ཀྱི་དཀྱོགས་མཚམས་དེའི་གནས་བབ་དང་། ཕ་མའི་དཀའ་ངལ། ཁོར་ཡུག་གི་གནས་སྟངས་སོགས་འགལ་རྐྱེན་དུ་མའི་དབང་གིས་མི་ཚེའི་མཛེས་སྡུག་སློབ་གྲྭའི་དགའ་ཚལ་ལ་ཕྱོགས་ཏེ་དབྱངས་གསལ་གྱི་བྱིས་གླུ་སྙན་པོ་ལེན་པའི་སྐལ་བ་མ་ཐོབ་པའི་འབྲོག་མོ་ཡིག་རྨོངས་པ་ཞིག་ཡིན་འདུག  སྤྱིར་མི་སུ་དང་སུ་ཞིག་ཡིན་ཡང་མི་ཚེའི་བརྒྱུད་རིམ་ཁྲོད་དགའ་དང་སྐྱོ་བའི་གནས་ཚུལ་རབ་དང་རིམ་པ་ཞིག་བརྒྱུད་དགོས་པ་ཆོས་ཉིད་ཡིན་པ་བཞིན་མོ་ཡང་དེ་ལས་མ་འདས་པར་མོའི་མི་ཚེའི་སྟེང་བརྒྱུད་རིམ་མི་ཉུང་བ་ཞིག་ཡོད་པ་བཤད་མི་དགོས་མོད། འདིར་གཙོ་བོ་མོ་རང་འབྲོག་མོ་ཡིག་རྨོངས་པ་ཞིག་ཡིན་པ་དང་། དཔལ་འབྱོར་གྱི་མ་རྩ་མེད་ས་ནས་ཡར་ལངས་སྟེ་ངལ་རྩོལ་གྱི་ལས་རིགས་དུ་མ་བརྒྱུད་པའི་ཁྲོད་ནས་རང་གི་དགའ་ཕྱོགས་ཀྱི་ཆེད་ལས་ཤིག་དང་དུ་བླངས་ཏེ་ད་ལྟ་རང་གི་འཚོ་བར་ཐག་ཆོད་འོས་མཚམས་ཤིག་ཐུབ་ཡོད་པར་མ་ཟད་མ་འོངས་པར་རང་གི་ཆེད་ལས་ལ་བརྟེན་ཏེ་སྤྱི་ཚོགས་སྟེང་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཐུབ་པའི་ཡིད་ཆེས་དང་སྤོབས་པའི་ཁེངས་པ་ཞིག་ཏུ་ཇི་ལྟར་གྱུར་བའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་གླེང་ན། དང་ཐོག་མོ་རང་ལོ་ངོ་བཅུ་བཞི་ཙམ་གྱི་དུས་རི་སྒང་ནས་ལྕི་སྐམ་རྒུམ་སྟེ་ཁོར་ཡུག་གི་གྲོང་ནང་དུ་བཙོང་བའི་རིན་བབ་སྒོར་བཅུ་ཕྲག་ཁ་ཤས་ཀྱིས་ཤིང་ཏོག་ཚ་ལུ་མ་སྨྱུག་མའི་སླེ་བོ་གང་ཉོས་ནས་ཕར་བཙོང་བའི་ལས་ཀ་དེ་ནི་བྱིས་བློ་དང་འཚམས་པའི་ཁེ་ཚོང་བཟང་བོ་ཞིག་གི་སྣང་བ་བྱུང་མོད།  མ་རྩ་དེས་ཀུ་ཤུ་རྒྱ་མ་ཉིས་བརྒྱ་ཉོས་ཏེ་ཕར་བཙོང་བའི་སྐབས་མཐོ་སྒང་གི་གནམ་གཤིས་གྲང་བའི་དབང་གིས་ཀུ་ཤུ་དག་གློ་བུར་དུ་ལད་པོར་གྱུར་ཏེ་མ་རྩ་བརྡིབས་ཏེ་ཡིད་ཕམ་པའི་ལས་ཤིག་ཐོབ་པ་ནི་སྐབས་དེར་མཚོན་ན་རང་གི་བྱ་བའི་སྟེང་ཆེས་གྱོང་གུད་ཆེན་པོ་ཐེབ་པའི་སྣང་བ་ཞིག་སྐྱེས་ཟེར། ཡིན་ན་ཡང་མོའི་བསམ་བློའི་ནང་རང་ཉིད་ཀྱིས་དཀའ་སྡུག་ཅི་ལྟར་མྱོང་དགོས་ཀྱང་དྲིན་ཆེན་ཕ་མ་གཉིས་ལ་ལག་པ་བཟེད་མི་དགོས་པའི་ཐབས་ལམ་ཞིག་རང་སྟོབས་ཀྱིས་བཙལ་ཏེ་མ་འོངས་པ་ན་རང་གི་འཚོ་བ་རང་གིས་ཐག་གཅོད་ཐུབ་པར་མ་ཟད་ཕ་མ་གཉིས་ཀྱི་འཚོ་བར་ཞབས་ཞུ་སྒྲུབ་ཐུབ་པར་བྱེད་རྒྱུ་ནི་རང་གི་མི་ཚེ་འདིའི་སྟེང་གི་འོས་འགན་རེད་སྙམ་པའི་ཆོད་སེམས་རྒྱུན་ལྡན་དུ་སྐྱེས་མོད།  སྐབས་དེར་མོ་ལ་སྤྱི་ཚོགས་སྟེང་ནས་རང་སྐྱ་ཐུབ་པའི་ནུས་པ་དང་ཉམས་མྱོང་ཅི་ཡང་ཐོབ་མེད་ཕྱིར། འདི་བྱེད་སྙམ་པའི་ལས་གནས་ཚུགས་ཐུབ་པ་ཞིག་མི་འདུག་པས་ཡར་མར་ལ་བསམ་བློ་བཏང་མཐར། ཕ་ཡུལ་གྱི་ བུ་མོ་གཞན་པ་འགའ་ལ་མིག་དཔེ་བླངས་ཏེ་ཟས་ཁང་ཆུང་ཆུང་ཞིག་གཉེར་ན་ཨེ་དྲག་སྙམ་པའི་འདུན་པ་སྐྱེས། འོན་ཀྱང་ཟས་གཡོ་སྐོལ་གྱི་ཐད་ནས་ལག་རྩལ་དང་ཉམས་མྱོང་ཅུང་མེད་ན་མི་འཁྱོངས་བར་དམིགས་ནས།  དང་པོ་རྫོང་མཁར་དུ་ཕྱིན་ཏེ་ཁ་ཆེ་བའི་ཟས་ཁང་ཞིག་ལ་རིན་མེད་ཞབས་ཞུ་ལ་བསྡད་དེ་ཟས་གཡོ་སྐོལ་གྱི་ཉམས་མྱོང་ལ་རེ་བ་བྱེད་སྐབས། རང་གི་ན་ཟླ་དང་ཡུལ་མི་ཚོས་གཡོག་མོ་བྱེད་ཀི་འདུག་ཅེས་ངོ་ཚ་དང་ལ་རྒྱ་མེད་པའི་ལས་རིགས་ཤིག་ཏུ་བརྩིས་ཏེ་རེ་བ་ལ་འབུར་འཇོམས་བྱས། གང་ལྟར་རང་ཉིད་ཀྱིས་འབད་བརྩོན་བྱེད་དགོས་སྙམ་པའི་འདུན་པ་མ་ལྷོད་པར་ཕ་ཡུལ་དུ་ཟས་ཁང་ཆུང་ཆུང་ཞིག་ཕྱེས་ཏེ་ནངས་སྔ་ལངས་དང་མཚན་འཕྱི་ཉལ་གྱིས་འབད་ན་ཡང་ཕུགས་ཐུབ་པའི་ལས་ཀ་ཞིག་ཏུ་ཆགས་མ་ཐུབ། ཡང་རྫོང་མཁར་སོགས་སུ་ཕྱིན་ཏེ་ཀོ་བ་ཉོ་བཙོང་གི་ལས་ཀ་གཉེར་ཏེ་སྡུག་འབད་བྱས་སྐབས་ཕ་ཡུལ་ནས་ཀོ་ཉོ་ཞི་མོ་ཞེས་ཟུར་ཟ་འཕྱ་སྨོད་ཀྱི་མིང་ཞིག་ཀྱང་རིམ་གྱིས་ཐོབ།  བུ་མོའི་དཀའ་སྡུག་ལ་དྲིན་ཆེན་ཕ་ལགས་ཀྱིས་ཐུགས་ཁུར་བྱས་པའི་འོག་ནས་ཁྱུང་མཆུ་རྫོང་འོ་བཟོ་ཁང་དུ་ལས་ཀ་བཙལ་ཏེ་དེར་བྱ་བ་གཉེར་བ་དང་ཟླ་རེར་གླ་ཆ་སྒོར༤༠༠འདུག་མོད།  སྐབས་འདི་ཙམ་ནས་མ་བུ་མོ་ཞིག་གི་འཚོ་བའི་ཁྲོད་ཆེས་སྤྱིར་བཏང་ཡིན་པའི་གནས་ཚུལ་དུ་མ་ཞིག་ཀྱང་རིམ་པ་བཞིན་བརྒྱུད་དགོས་ཐུག་པ་སོགས་ཤུགས་རྐྱེན་མི་ཉུང་བ་ཞིག་གི་འོག་ནས་འོ་བཟོ་ཁང་དུ་བྱ་བ་གཉེར་མ་མོས། ལྷག་པར་རང་རྐྱ་ཐུབ་པའི་བྱ་བ་ཞིག་ལ་དུས་རྒྱུན་བསམ་བློ་བཏང་བའི་དབང་གིས་རྒྱ་ནག་ཁྲིན་ཏུའུ་རུ་ཕྱིན་ཏེ། རྒྱ་ནག་གི་ཟས་ཁང་ཞིག་ཏུ་ཞབས་ཞུའི་ལས་ཀ་བཙལ་མོད། སློབ་སྦྱོང་གི་གོ་སྐབས་མ་ཐོབ་ཅིང་ཕ་ཡུལ་དང་ཁ་འབྲལ་མ་མྱོངབསདབང་གིས་སྐད་རིགས་དང་འཚོ་བའི་གོམས་གཤིས་སོགས་ཀྱི་ཉམས་མྱོང་གཞི་ནས་མེད་པས། ཚོང་བདག་དང་ལས་བཟོ་བ་ཕལ་ཆེར་གྱིས་སྤྱིར་བོད་རིགས་ཀྱི་བུ་མོ་ཐམས་ཅད་དེ་འདྲ་རེད་སྙམ་པའི་ལྟ་ཚུལ་གྱིས་ཆེས་མཐོངཆུང་དང་དམན་ལྟས་ཐོབ། དོན་དངོས་ཐོག་ནས་ཀྱང་མགྲོན་པོ་ལ་བརྡ་ལེགས་པོ་ཙམ་ཡང་མི་འཕྲོད་པ་སོགས་ཀྱིས་ཟས་ཁང་དེ་ན་ཞོག་ཁོག་གི་ཕྱི་ཤུན་བཤུ་བ་དང་སྡེར་མ་ཟ་ཐུར་བཀྲུ་བཤལ་ཙམ་མ་གཏོགས་འཁྱོངས་པའི་བྱ་བ་གང་ཡང་མེད་པའི་ཚད་རེད་ཟེར། དེ་ལྟའི་གནས་ཚུལ་གྱི་ཐོག་གནམ་གཤིས་དྲོ་གྲང་ལོབ་མེད་པའི་དཀའ་ངལ་དང་། ཐ་ན་ཁོ་མོ་དང་ཞབས་ཞུ་བུ་མོ་རེ་འགའི་མལ་ས་ཡང་ཁྱིམ་བདག་དེ་ལ་རྒྱ་ཁྱི་ཞིག་ཡོད་པ་དང་ཁང་བ་གཅིག་ཡིན་སྟབས་དྲི་མི་ཞིམ་པ་བྲོ་བ་དང་།འབུ་སྦྲང་ལྷག་པར་དུ་འཁོར་བ་སོགས་ལ་བསམ་གྱིན་རང་ཉིད་ད་དུང་ཁྱི་གྲལ་ན་ཡོད་པའི་ཚོར་སྣང་དེ་དང་ཕ་མ་དྲན་པ་སོགས་ཀྱི་སྐྱོ་སྡུག་བརྒྱུད་དགོས་ཐུག་ན་ཡང་ཟླ་རེར་གླ་ཆ་སྒོར༥༠༠ཡོད་པར་བལྟས་ཏེ་སྤོབས་པ་བསྐྱེད། མཚམས་ཤིག་ནས་རྒྱུན་བཀོལ་གྱི་རྒྱ་སྐད་རེ་འགའ་ཡང་རྣ་བྱང་ཁ་བྱང་དུ་བྱུང་སྟབས་ཡར་མར་ལ་འབྲེལ་ལམ་བརྒྱུད།  རྒྱ་མིའི་གྱོན་པ་རིགས་སྡེབ་འཚོང་ཁང་ཞིག་ཏུ་ལས་ཀ་སྤོར་ཐབས་བྱས་ཏེ་ཞབས་ཞུ་གཉེར་སྐབས་སྔར་དང་བསྡུར་ན་ཁོར་ཡུག་གི་གོམས་གཤིས་ཀྱང་ཅུང་ལོབ་ཡོད་པ་དང་། གླ་ཆ་ཡང་སྒོར(༡༢༠༠)རུ་འཕར་བ་དང་ཚོང་བདག་ལས་བཟོ་རྣམས་ཀྱི་ཡིད་ལ་ཅུང་འབབ་པ། སྔར་གྱི་ཟས་དང་བསྡུར་ནས་བལྟས་ན་ལས་ཀ་ལམ་འགྲོ་བྱུང་ཕྱིར་རང་གིས་རང་ལ་ཡིད་ཆེས་ཅུང་ཐོབ། ཡིན་ན་ཡང་གྲོང་ཁྱེར་དུ་འཚོ་སྡོད་དགོས་པའི་ངོས་ནས་རང་གི་ཁ་རྒྱབ་ལ་དཀའ་ངལ་མེད་པ་ཙམ་ལས་ཅི་ཡང་མིན་ཕྱིར་དེས་ཀྱང་བློ་ཡིད་མ་ཚིམས་པར་ལོ་ཕྱེད་ཙམ་གྱི་རྗེས་ཚོང་བདག་ལ་གནང་བ་ཞུས་ཏེ་ཕྱིར་ཕ་ཡུལ་ཏུ་ལོག་ནས། མོ་རང་བྱིས་པའི་དུས་ནས་གཅེས་མཁན་གྱི་རུ་སྐོར་ཨ་ཡེ་རིག་འཛིན་སྐྱིད་ཟེར་བའི་ལག་ནས་སྒོར(༢༠༠༠༠)བུན་ཆུང་ཆུང་བྱས་ནས་བླངས་ཏེ།  རྒྱ་བོད་གཉིས་ཀྱི་གྱོན་པའི་རིགས་ཀྱི་འཚོང་ཁང་ཆུང་ཆུང་ཞིག་ཕྱེས་ནས་ལོ་ངོ་གསུམ་ཙམ་ལ་ཨུ་ཚུགས་ཀྱིས་འབད་འབུངས་བྱས། སྐབས་དེར་ཁོར་ཡུག་གི་མིག་ནང་ན་ངོ་ཐང་དང་ནུས་པ་ཅི་ཡང་མེད་པའི་བུ་མོ་བདག་ལ་མཚོན་ན་ཨ་ཡེ་རིག་འཛིན་སྐྱིད་ཀྱིས་ཁ་དྲིན་ཤེ་འཁྱེར་མེད་པར་མ་རྩའི་སྒོར(༢༠༠༠༠)བུན་ཆུང་དུ་བཞག་གནང་བྱས་པ་ནི་ཆེས་བཀའ་དྲིན་ཆེན་པོ་ཡིན་པ་བཤད་ག་ལ་དགོས་ཟེར། ཡང་རྒྱུ་རྐྱེན་དུ་མ་ཞིག་གི་གནོན་ཤུགས་འོག་ནས་མོ་ལ་དྲན་སྣང་གསར་བ་ཞིག་དང་འགྱུར་ལྡོག་གསར་བ་བྱུང་སྟེ། འདི་ལྟར་གྱོན་གོས་བཙོང་སའི་འཚོང་ཁང་ཆུང་ཆུང་ཞིག་ལ་འཐམ་ནས་ཕ་ཡུལ་ལུང་བར་ཉལ་བས་མི་འོང་བར་ཆེད་ལས་གཞན་ཞིག་ལ་འབད་པ་དང་སྤྱི་ཚོགས་ཁྲོད་ནསཉམས་མྱོང་མང་ཙམ་ལ་གདོང་གཏུགས་དགོས་སྙམ་པ་བྱུང་ནས། འོས་འཚམས་ཀྱི་ལས་རིགས་དུ་མ་ལ་བློས་བསླངས་རྒྱུས་ལོན་བྱས་མཐར་རང་ཉིད་ཆེས་དགའ་ཕྱོགས་དང་ཡིད་ཆེས་ཡོད་ས་ནི། རས་གོས་བཟོ་འཚེམ་ལ་བརྟེན་པའི་ལས་རིགས་ཤིག་གཉེར་རྒྱུ་ཐག་བཅད་ནས་འབྲེལ་ལམ་བརྒྱུད་སི་ཁྲོན་གྱི་མངའ་ཁོངས(内江)གྲོང་དུ་འབོད་སར་ཕྱིན་ཏེ་འཚེམ་འཕྲུལ་ཆེད་མཁས་པའི་རྒྱ་མོ་དགེ་རྒན་ཞིག་བསྟེན་ཏེ་རྐང་འཁོར་འཚེམ་འཕྲུལ་གྱིས་བཟོ་སྟངས་ལོ་ཕྱེད་ཙམ་ལ་སྦྱང་བ་བྱས་རྗེས་ཁྲིན་ཏུའུ་བོད་ཁྲོམ་དུ་ལོག་ནས་དང་ཐོག་རིན་མེད་དུ་རས་བཟོའི་ལས་ཀ་ཙག་ཙིག་ཚོད་ལྟ་བྱེད་ཞོར། ཕྱོགས་ཡར་མར་ལ་རས་བཟོའི་ལས་ཀ་དགོས་མིན་གྱིས་འབྲེལ་གཏུག་བྱས་མོད་སྐབས་དེར་ངོ་ཤེས་དང་གྲོགས་པོ་མེད་པའི་བུད་མེད་ཁེར་འགྲོས་ཡིན་ཕྱིར་མི་མང་ཆེ་བས་གློ་ཐུབ་ཡིད་ཆེས་མེད་པར་འབྲེལ་གཏུག་དང་ཁ་ཡ་མ་བྱས་པའི་དཀའ་ལས་ཡུན་རིང་བརྒྱུད། རིམ་གྱིས་ཕྱོགས་ཡར་མར་གྱི་མགྲོན་པོ་རེ་འགའ་ལ་ཐང་སྐུའི་མཐའ་རྒྱན་རིན་གོང་སླ་མོ་དང་ཞིབ་ཆ་ནན་མོ་བྱས་ཏེ་བཟོས་རྐྱེན་འབྲེལ་གཏུག་བྱེད་མཁན་ཅུང་མང་དུ་སོང་ཞིང་། ཐང་སྐུའི་མཐའ་རྒྱན་དྲ་གཅོད་དང་བཟོ་གྲུབ་ཀྱི་ལག་རྩལ་ཀྱང་ཅུང་ཟད་གོང་འཕེལ་བྱུང་སྐབས། ལས་རིགས་འདི་ལ་མོས་པ་ཡོད་པའི་ལས་བཟོ་བ་མི་གྲངས་བདུན་བརྒྱད་ཅིག་བཙལ་ཏེ་རྒྱ་གར་དང་བལ་བོ་ནས་ཐོན་པའི་གོས་ཆེན་རྒྱུ་སྤུས་ཅན་གྱི་རིགས་གཙོ་བོ་ཡིན་པའི་མཐའ་རྒྱན་རྒྱུ་ཆ་རང་གིས་ཉོ་སྒྲུབ་བྱས་ཏེ་ཐང་སྐུའི་མཐའ་རྒྱན་སྤྲོད་སའི་ཆེད་ལས་ཁང་ཞིག་གཉེར།  ལས་ཀ་འདིའི་བརྒྱུད་རིམ་ཁྲོད་ནས་བོད་ཀྱི་ལྷ་རིས་སྒྱུ་རྩལ་ཆེད་མཁས་པ་དག་དང་།  ཕ་ཡུལ་རྔ་བའི་ཨ་མཆོག་མཚན་ཉིད་དགོན་ཆེན་གཙོ་བོ་ཡིན་པའི་བོད་མདོ་ཁམས་གཉིས་ཀྱི་དགོན་སྡེ་དང་བླ་མ་སྤྲུལ་སྐུ་མང་པོའི་འདོད་བློ་ལྟར་བོད་ཀྱི་རི་མོའི་སྒྱུ་རྩལ་ལས་ཐོན་པའི་གསོན་ཉམས་ཅན་གྱི་གསེར་བྲིས་དང་ཚོན་བྲིས་ཀྱི་ཐང་སྐུ་རྩ་ཆེན་ཕལ་ཆེར་ལྔ་བརྒྱ་ལྷག་ལ་མཐའ་རྒྱན་མཛེས་སྤྲས་བྱས་པའི་མཚམས་ནས་བཟུང་ལས་གཉེར་བདག་པོ་མི་ཉུང་བ་དང་བོད་ཞིང་ལྗོངས་སོ་སོའི་ཐང་སྐུ་ཉོ་བསླུ་བ་དག་གིས་དགའ་བསུ་རིམ་པ་བཞིན་ཐོབ་རྐྱེན་བུ་མོ་རང་གི་ཆེད་ལས་ལ་སྤྲོ་སྣང་དང་ཡིད་ཆེས་ཆེར་ཕྱིན་པ་དང་། སྐབས་འགར་རང་གི་དྲིན་ཆེན་ཕ་མ་གཉིས་ཀྱང་གྲོང་ཁྱེར་ཁྲིན་ཏུའུ་རུ་བསུས་ཏེ་ངལ་གསོ་བྱེད་ཆོག་པའི་ཆ་རྐྱེན་ལ་དཀའ་ངལ་མེད་པའི་ཚད་ཙམ་འཁྱོངས་སོང་བ་ནི་མོ་རང་གི་སེམས་ལ་འཇིག་རྟེན་འདི་ནས་ཆེས་སྐྱེས་མ་མྱོང་བའི་དགའ་སྤྲོ་ཞིག་གི་ཚད་དུ་འཇོག་གིན་ཡོད་ཟེར། དེ་མིན་སྔ་རྗེས་སུ་མཚོ་སྔོན་རེབ་གོང་སོགས་སུ་ཆེད་དུ་ཐང་སྐུའི་མཐའ་རྒྱན་གྱི་མཛེས་བཀོད་ལ་རྒྱུས་ལོན་བྱེད་དུ་ཕྱིན་ནས་ཉམས་མྱོང་མང་པོ་ཞིག་ཚུལ་ལེན་བྱས་ཤིང་། ལས་ཞོར་དུ་བོད་རྒྱ་དབྱིན་གསུམ་གྱི་སྐད་ཡིག་ལ་ཡང་རང་སྦྱོང་གི་གོམ་པ་ཀྱར་ཀྱོར་ལེན་མུས་སུ། རང་གི་ཆེད་ལས་ཀྱི་གཞི་རྒྱ་ཡང་སྔར་ལས་ཅུང་ཇེ་ཆེར་བརྒྱ་བསྐྱེད་བཞིན་ཡོད་ན་ཡང་སྔར་གྱི་བརྒྱུད་རིམ་དག་དང་བསྡུར་འོང་ན་ད་ལྟ་མ་རྩ་དང་ཉམས་མྱོང་སོགས་ཕྱོགས་གང་གི་ཆ་ནས་ཀྱང་སྤོབས་པ་མི་དམན་པའི་ཚད་ཡིན་ཟེར་ཆོག་ཆོག་ཏུ་འདུག་པས།  རྗེས་མར་མུ་མཐུད་དུ་འབད་བརྩོན་གྱིས་རང་གི་ལས་རིགས་འཐུས་སྒོ་ཆེ་ཚང་དུ་གཏོང་བ་དང་རང་ནུས་ཡོད་དགུས་མི་གཞན་ལ་རོགས་སྐྱོར་བྱེད་ཐུབ་པའི་སེམས་འདུན་དང་དེ་ལྟར་མངོན་འགྱུར་འོང་ཐུབ་པའི་ཡིད་ཆེས་ཀྱང་ཡོད་ཟེར་རོ། ། སྤྱིར་བཤད་ན་ཚོང་ལས་ཙག་ཙིག་དང་རས་བཟོའི་ལས་ཀ་འདི་འདྲ་ཞིག་གཉེར་ནུས་པའི་བོད་མི་ཕོ་མོ་མི་ཉུང་བ་ཡོད་སྲིད་ན་འདི་ལྟ་བུ་ཅང་ཡིན་རྒྱུ་མ་རེད་མོད།  དུས་རབས་ཉི་ཤུའི་ནང་གི་བོད་འབྲོག་ཁུལ་ཚོང་ལས་དང་དཔལ་འབྱོར་གྱི་འདུ་ཤེས་གཞི་ནས་སད་ཐུབ་མེད་པ་དང་། མི་ཞིག་ཡིན་ན་རང་ཉིད་རང་གིས་ཐག་གཅོད་ཐུབ་དགོས་པའི་བསམ་བློ་དེ་བག་ལ་ཉལ་བའི་ཁོར་ཡུག་ཅིག་ནས། སློབ་གྲྭའི་སྒོ་ཐེམ་མིག་གིས་མཐོང་མ་མྱོང་བའི་བོད་མོ་ཡིག་རྨོངས་པ་ཞིག་གིས་ལས་རིགས་སྣ་ཚོགས་པའི་དཀའ་ངལ་གདོང་གིས་གཤགས་ནས་ཉམས་མྱོང་དུ་མ་བརྒྱུད་མཐར་རང་བློ་དང་འཚམས་པའི་ཆེད་ལས་ཤིག་དམིགས་ཀྱིས་འདེམས་ཏེ། ད་ལྟ་རང་གི་ཆེད་ལས་ལ་ཡིད་ཆེས་དང་སྤོབས་པ་ཡོད་པའི་ཚད་དུ་སླེབས་ཡོད་པ་འདིས་འུ་ཚོ་བོད་རོང་འབྲོག་གི་ན་གཞོན་སློབ་ལོ་རན་དུས་ནས་སློབ་གྲྭའི་རྒྱུག་འབྲས་ལ་འཐམ་མཁན་དག་གི་སེམས་ནང་ན། རྒྱལ་ཁབ་ཀྱི་ལས་གནས་ཤིག་སྤྲད་མ་འོང་ཚེ་འཇིག་རྟེན་འདི་ནས་འཚོ་བ་རོལ་ཐབས་ཟད་སོང་བ་རེད་སྙམ་པའི་གཞན་རྟེན་རིང་ལུགས་ཀྱི་འདུ་ཤེས་ཅན་ཚོར་འདྲི་གཞི་གསར་བ་ཞིག་དང་། ཡང་ན་བློ་སྤོབས་གསར་བ་ཞིག་གིས་རང་ཉིད་ཀྱི་འཚོ་བ་རང་གིས་ཐག་གཅོད་ཐུབ་དགོས་པའི་འབོད་སྐུལ་ཞིག་དང་སློབ་གསོ་ཞིག་རེད་སྙམ་ཏེ་འདིར་ཟིན་བྲིས་སུ་བཀོད་པ་ཡིན།
 
མོའི་ལས་གཞིའི་སྐོར་གྱི་འདྲ་པར་འགའ།
 
 
 
 
 
 
རྩོམ་ཡིག་འདི་གཤམ་གྱི་ཟིན་བདག་གིས་ལེགས་འདེམས་བྱས་ཟིན།
  •  
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 15:33:02 | By: སྐུ་མགྲོན་G30Nf6(སྐུ་མགྲོན།) ]
 
སྐུ་མགྲོན་G30Nf6(སྐུ་མགྲོན།)བླ་རྒན་ལ་དམིགས་ཡུལ་གཞན་པ་མེད་ན། བོད་རོང་འབྲོག་བུ་མོ་ཚོའི་རང་མགོ་ཐོན་དགོས་ཚུལ་དང་གོམ་པ་ལེན་ཚུལ་ངོ་སྤྲོད་བྱས་ཡོད་ཁི
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 15:43:02 | By: wubao ]
 
wubaoདམིགས་ཡུལ་ནི་ང་དང་ཁ་ཐག་ཉེ་སའི་སྤུན་སྲིང་མང་པོ་ཞིག་སློབ་གྲྭ་ནས་རྒྱུག་མ་འཕྲོད་ཚེ། མི་ཚེ་འདིར་འཚོ་བ་རོལ་བའི་སྐལ་བ་ཆད་སོང་ནི་རེད་སྙམ་ཏེ་ཁོ་ཐག་ཆད་བཞིན་ཡོད། གནས་ཚུལ་འདི་རིགས་བརྒྱུད་བསྒྲོགས་བྱས་ན་ཁོ་ཚོའི་ཞེ་ལ་གལ་སྲིད་རྒྱལ་ཁབ་ཀྱི་ལས་བྱེད་ཀྱི་རྐུབ་སྟེགས་ཤིག་མ་ཐོབ་ཀྱང་ད་ལྟའི་དུས་རབས་འདིར་འཚོ་བ་རོལ་ཚུལ་འདང་རྒྱག་ས་ཡོད་ཀི་འདོད་ཐུབ་པའི་བསམ་བློ་གཏོང་ཡུལ་ཡིན།
མཚན་མེད་ཀློག་མཁན་ལ་སྣེ་ལེན་ཞུ།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 17:01:34 | By: woaini ]
 
woainiབླ་རྒན་ཁྱོད་ཀྱིས་སྐུ་ཚེགས་མྱོང་གི་འདུག་ཨང་། བུ་མོ་དེའི་མོ་སྒོ་ཡང་མི་ཆོག་རྒྱུ་མི་འདུག ཧ་ཧ ཨ་ལ་ཀུ་རེ་ཡིནJ
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 18:39:13 | By: wubao ]
 
wubaoགྲོགས་མ་ཎི་བས་བླ་རྒན་ལ་ཤ་ཚ་བའི་གཏམ་དེ་བདེན་པ་རེད།
དེའི་ཕྱོགས་ནས་ཁས་ལེན།
ཁྱེད་ཀྱིས་མོའི་མོ་སྒོ་ལ་གཞིག་པ་མ་གཏོགས་མོའི་བྱ་བའི་རྒྱུད་རིམ་གྱི་ཐད་ནས་བསམ་འཆར་མེད་པ་ནི་ཡིད་ཅུང་ཕངས།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 18:56:47 | By: jxcrbk ]
 
jxcrbkངོ་སྤྲོད་བྱས་པར་ཐུགས་རྗེ་ཆེ། འདང་རྒྱག་ས་ཞིག་བྱིན་ཐལ།
སྨིན་ཐང་བུ་མོའི་དགའ་རོགས་ཁྱེད་ཚང་ལ་ཐོན་ཡོད།
དམག་པར་བཟང་བཟང་ལོས་བྱེད། ཧེ་ཧེ
གཤམ་དུ་སྨིན་དབུས་པོ།་ལགས་ཀྱིས་ལན་སློག་པ་ནི་
མགོ་ལོག་འཇིགས་བྱེད་ཚེ་རིང་ཕེབས་པར་སྣེ་ལེན་ཡོད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 19:10:14 | By: gang ]
 
gangརེ་བ་ཞིག་ཡིན་ན་ཐང་གི
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 20:33:47 | By: huazan ]
 
huazanརང་དཔེ་གཞན་འགེབས་ཀྱི་ལས་དེ་ཚོ་ལ་ཁ་ཡ་མི་དགོས།མི་འདི་འདྲ་ནི་བསྔགས་པར་འོས་པ་རེད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-26 21:54:40 | By: སྐུ་མགྲོན་NRIt48(སྐུ་མགྲོན།) ]
 
སྐུ་མགྲོན་NRIt48(སྐུ་མགྲོན།)མགོ་ལོག་རྒད་པོ་འཇིགས་བྱེད་ཚེ་རིང་སྨིན་ཐང་སང་ལ་འགྲོ་ས་མ་རྙེད་རུང་གྲྭ་རྒན་ཞིག་བར་ལ་བཀུག་ན་མཛའ་མོ་ཡིན་ནི་མ་རེད།

དེང་གི་བོད་པའི་ན་གཞོན་ཚོས་རོ་ཁ་གནམ་ཟེད་མི་བྱ་བར་རང་རང་གིས་བྱ་བ་རེ་གཉེར་ཐུབ་ན་ཤིན་ཏུ་ལེགས་འདུག་པ་ལ།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 0:27:47 | By: zhaxi ]
 
zhaxiམི་འདི་འདྲ་ནི་བསྔགས་པར་འོས་པ་རེད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 11:02:29 | By: wubao ]
 
wubaoདྲྭ་གྲོགས་ཞོགས་འོད་ལགས་སོགས་ཕེབས་ཏེ་དགོངས་ཆར་གནང་བར་དགའ་བསུ་ཞུ་བཞིན་ཡོད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 14:38:24 | By: སྐུ་མགྲོན་w06Euh(སྐུ་མགྲོན།) ]
 
སྐུ་མགྲོན་w06Euh(སྐུ་མགྲོན།)འབྲོག་མོ་ཞིག་ལ་མི་འདྲ་དེང་རབས་ཀྱི་རྒྱ་མོ་ཉིན་རེ་ལ་མཛེས་བཟོ་འོར་ཐེངས་གསུམ་རེ་བྱེད་མཁན་ཞིག་ལ་རིག་གིm
གྲྭ་རྒན་ལ་དཀའ་ལས་ཡིན་ས་རེད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 17:35:33 | By: wubao ]
 
wubaoདུས་རབས་དང་མཐུན་པའི་གཙང་སྦྲ་འོས་འཚམས་ཤིག་བྱས་ན་མི་ལེགས་རྒྱུ་མི་འདུག་གི་སྙམ་ཡོད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 18:03:11 | By: yiji ]
 
yijiཨ་ཁུས་གནས་ཚུལ་འདི་བརྒྱུད་བསྒྲགས་བྱས་པས་ད་ལྟའི་གཞན་རྟེན་གྱི་བསམ་བློ་རྐྱང་རྐྱང་ཅན་ཚོར་ཚ་འདྲི་བྱས་སོང་ལ། ལ་ལར་འདི་ལྟ་བུའི་སྙིང་སྟོབས་ཤིག་ང་ལ་ཡོད་ན་ཅི་མ་རུང་སྙམ་པའི་ཚོར་བའང་སྟེར་ཡོད་ཚོད་རེད། ལྷིང་འཇགས་མུན་ཀློང་གི་གྲུ་ཞིག་སྒུལ་ཙམ་བྱས་པར་བུ་མོ་ངས་ཐུགས་རྗེ་ཆེ་ཞུ།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 18:21:24 | By: wubao ]
 
wubaoཁྱེད་ཕེབས་ནས་བཀླགས་པར་སྣེ་ལེན་བྱེད་པ་དང་ཆབས་གཅིག།
ཕ་ཡུལ་མགོ་ལོག་གི་ཕྱོགས་ན་ཟིན་བྲིས་འབྲི་ཐུབ་པའི་བུ་མོ་ཞིག་ཡོད་པ་སྣང་བ་ལ་ཤར་གི་མེད་ས་ནས་གློ་བུར་དུ་ཁྱེད་ཀྱི་ཟིན་བྲིས་ངོས་ན་ཕ་ཡུལ་མགོ་ལོག ཅེས་པ་དེས་ཕ་ཡུལ་རྩིས་ཐང་ཞིག་བསྣན་སོང་། གུས་འདུད་ཞུ།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 18:26:16 | By: སྐུ་མགྲོན་typ0Sf(སྐུ་མགྲོན།) ]
 
སྐུ་མགྲོན་typ0Sf(སྐུ་མགྲོན།)ཁྱེད་ཀྱི་ཟིན་བྲིས་ལེགས་པོ་འདི་མཐོང་བས་ང་རང་ཧ་ཅང་དགའ་པོ་བྱུང་། ལས་ལ་བརྩོན་ཞིང་ཕུགས་བསམ་བརྟན་པའི་ཁྱུང་ཆུའི་བུ་མོ་དེ་ལ་མངོན་པར་བསྟོད། ངོ་མ་ཀུན་གྱིས་བསྟོད་བསྔགས་འོས་པ་ཞིག་རེད། རོང་འབྲོག་བུ་མོས་ཐབས་སྡུག་པོའི་ངང་མི་སྡོད་པར་འདི་ལྟ་བུའི་སྤོབས་སེམས་བསྐྱེད་དེ་རང་མགོ་རང་ཐོན་གྱི་བྱ་བ་གཉེར་རོགས་བྱས་ན་རང་གཞན་ཚང་མར་ཕན་ཐོགས་ཆེན་པོ་ཡོད། ང་ཚོས་དངོས་ཤུགས་བརྒྱུད་གསུམ་དང་ཐབས་ཤེས་གང་དྲག་གིས་འདི་དང་འདིའི་གྲས་ལ་བློ་འདོན་དང་། རྒྱབ་སྐྱོར་རོགས་རམ་གང་ཐུབ་བྱེད་དགོས་ངེས་ཡིན་ཞིང་། འདིའི་རིགས་གང་མང་མང་ཡོང་ཐབས་ལ་འབད་དགོས་ངེས་ཡིན། དགེ་བུས།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 18:34:22 | By: སྐུ་མགྲོན་typ0Sf(སྐུ་མགྲོན།) ]
 
སྐུ་མགྲོན་typ0Sf(སྐུ་མགྲོན།)དེ་དང་ཆབས་ཅིག་མཚོ་སྔོན་པོ་ཟིན་བྲིས་བདག་དང་ཁྱེད་ལ། བྲིས་རྩོམ་འདི་ཚངས་དབྱངས་དྲ་བར་བརྒྱུད་འགོད་བྱེད་ཆོག་པའི་རེ་བ་ཞུ་གི་ཡིན། དགེ་བུ་ནས།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 18:46:59 | By: wubao ]
 
wubaoགྲོགས་པོ་དགེ་བུ་ལགས་ཀྱིས་མཐོང་གཟིགས་གནང་བ་བཀའ་དྲིན་ཆེ།
སྤྱིར་འཇིག་རྟེན་བསྟོད་སྔ་མི་ཉན་པའི་རིགས་མང་པོ་འདུག་པའི་ལེགས་བཤད་ལྟར་ན།
ཕྲན་ལ་ཡང་མོའི་མི་ཚེའི་ནང་གི་དོན་མང་པོ་ཞིག་ལ་ཆ་རྒྱུས་ཅུང་ཙམ་ཡང་མེད་མོད།
མོའི་མི་ཚེའི་ནང་མ་རྩ་མེད་ས་ནས་ཡར་ལངས་ཏེ་ད་ལྟ་རང་གི་འཚོ་བར་ཐག་བཅོད་ཅུང་ཐུབ་ཡོད་པ་ནི་དངོས་གནས་ཡིན་འདུག
འདིས་ནི་འུ་ཚོ་བོད་ཀྱི་ན་གཞོན་འགུལ་དཀའ་ཟ་སླ་ལ་མོས་པ་ཚོར་སྐུལ་ལྕག་རེ་ཨེ་ཐུབ་སྙམ་པ་ཡིན། ཉིད་ཀྱི་ཟིན་བྲིས་སུ་ཁྱེར་ན་མོས་འདུན་ཡོད།
 
 
Re:འབྲོག་མོ་ཞིག་གི་མི་ཚེའི་སྦྱོར་བརྡར།
[ 2010-11-27 19:07:06 | By: སྐུ་མགྲོན་typ0Sf(སྐུ་མགྲོན།) ]
 
སྐུ་མགྲོན་typ0Sf(སྐུ་མགྲོན།)ང་ཚོ་བོད་ཀྱི་ས་ཆ་གང་སར་ན་གཞོན་ཚོའི་སེམས་ནང་ན་རྒྱལ་ཁབ་ཀྱི་ལས་གནས་ཤིག་མ་ལོན་དུས་མི་ཚེ་འདིར་ཁ་གསོ་ཐབས་མེད་སོང་བ་རེད་སྙམ་པའི་གོམས་གཤིས་སམ་བློ་ངན་པ་ཞིག་ཡོད་པ་དེ་རིགས་ལ་གོ་བརྡ་རེ་ཨེ་འཕྲོད་སྙམ་ནས་བྲིས་པའི་ཁྱེད་ཀྱི་རྩོམ་འདི་ལ་རིན་ཐང་ཆེན་པོ་འདུག དེ་ལྟ་བུའི་བསམ་བློ་དང་གོམས་གཤིས་ངན་པ་དེ་རིགས་འགྱུར་ལྡོག་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། འདི་འདྲའི་གནས་ཚུལ་བཀོད་པའི་རྩོམ་ཡིག་མང་པོ་བྱུང་ན་རང་རིགས་ཀྱི་བློ་སྒོ་ཕྱེ་རྒྱུར་ངོ་མ་ཕན་ཐོགས་ཆེན་པོ་ཡོང་ས་རེད། རེད་དེ་ཞིང་འབྲོག་ཁུལ་གྱི་མང་ཚོགས་མང་པོ་ཞིག་གིས་རྩོམ་ཡིག་དང་དྲ་བ་བལྟ་རྒྱུའི་སྐལ་པ་མི་ལྡན་པས།ང་ཚོ་ཕྲན་བུ་ཤེས་མཁན་དག་གིས་འདི་ནས་འདི་འདྲ་བཤད་ཀྱི་འདུག་ཅེས་སོགས་ཕན་ཚུན་ངོ་སྤྲོད་དང་བརྒྱུད་བསྒྲགས་བྱ་རྒྱུའང་གལ་ཆེ་བར་མཐོང་ངོ༌། དགེ་བུས།

·གསར་འགྱུར་གོང་མ:ལྷ་སའི་སློབ་གྲྭ་ཆེ་འབྲིང་གི་རྩོམ་ཡིག་འགྲན་བསྡུར་བྱ་དགའ།
·གསར་འགྱུར་འོག་མ:བོད་ཀྱི་བསྟན་རྩིས་ཀུན་གསལ་ལོ་རྒྱུས་དེབ་པར་བསྐྲུན་བྱས་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·བོད་རིགས་ཀྱི་ཚོང་ལས་གནས་བབས། 2014/7/20 13:36:59
·བོད་པ་རྣམས་ཅིའི་ཕྱིར་དབུལ་ཕོངས་རེད། 2013/7/7 20:06:50
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 15:48:22 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:12:13 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:26:54 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 45 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།19.53MS