ཡུལ་མི་རྣམས་ལ་གཏམ་དུ་བྱ་བ་བཞུགས།
འཇུ་མི་ཕམ།
༈ བླ་མ་འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །རང་ཕྱོགས་ཡུལ་མི་རྣམས་ལ་གྲོས་ཞིག་འདེབས། །
ལུགས་ཀྱི་ཆོས་ལས་རྒྱ་ཆེར་བཤད་ན་ཡང༌། །དམན་པས་གོ་དཀའ་འདི་ཙམ་འཕྲལ་དུ་ཕན། །
ཡུལ་མི་ཐམས་ཅད་སྐྱིད་ཡ་སྡུག་རོགས་ཡིན། །ཁེ་ཕམ་རྒྱལ་ཁ་བརྩད་ཀྱང་དོན་སྒོ་ཆུང༌། །
འཐབ་རྩོད་ཉུང་ལ་ཕན་ཐོགས་མང་བར་གྱིས། །དེ་ལྟར་བྱས་ན་རང་སྐྱིད་རོགས་ཀྱང་སྐྱིད། །
བཟའ་ཚང་མི་རྣམས་སྐྱིད་སྡུག་མཉམ་ཁུར་ཡིན། །བློ་སེམས་མཐུན་ན་རང་བདེ་རོགས་ཀྱང་སྐྱིད། །
ཁ་འཐབ་མང་ན་རང་སྡུག་རོགས་ཀྱང་སྡུག །ཡུད་ཙམ་འདུས་ཚེ་ཅི་དགའ་ཅི་སྐྱིད་བྱ། །
ཡུལ་མི་མཐུ་བསྡོང་རང་ཕྱོགས་བསྲུང་དགོས་པས། །འཐེན་ཁྱེར་མ་མང་བློ་སེམས་གཅིག་ཏུ་བསྟུན། །
རང་རྐྱ་ཁེར་ཕེར་སུས་ཀྱང་མི་འོང་བས། །རང་དོན་རོགས་དོན་མཉམ་སྲུང་བྱས་ན་ལེགས། །
ཕན་པ་བྱེད་ལ་འོས་ཚོད་དྲིན་གཟོ་གྱིས། །བཟང་ངོ་མེད་ན་སུས་ཀྱང་ཕན་མི་འདོགས། །
མི་སྲུན་བླུན་པོ་ཅི་ལྟར་འོས་པས་འདུལ། །ངན་པ་རང་དབང་ཆེ་ན་ཡུལ་དེ་རྒུད། །
ཅུང་ཟད་ཙམ་གྱིས་དགའ་སྡུག་མི་སྐྱེན་པར། །སེམས་ཕུག་འཇམ་ན་ཐམས་ཅད་མཛའ་བཞིན་དགའ། །
བུད་མེད་ངན་མ་བཞིན་དུ་དབྱེན་གྱི་ཁར། །མ་ཉན་བློ་རྒྱུད་བརྟན་ན་དུས་ཀུན་བདེ། །
ཡོད་པོས་མེད་ལ་གཡར་པོ་ཁུང་བཟང་གྱིས། །དེ་ལྟར་བྱས་ན་ཡོད་པོ་ཀུན་གྱིས་བརྩི། །
མེད་པོས་ཡོད་ལ་རོགས་དང་མངགས་གཞུག་གྱིས། །དེ་ལྟར་བྱས་ན་མེད་ཀྱང་གཡར་ཁུང་རྙེད། །
རང་ཤེས་རོགས་ཤེས་བསམ་དཔྱོད་མེད་པ་ཡི། །རང་འདོད་ཆེ་བའི་ཡུལ་དེར་བག་མི་ཕེབས། །
བསམ་བཟང་ཤེས་པ་ཅན་གྱི་མི་མང་ན། །ཡུལ་དེ་བདེ་ཞིང་དམ་པའི་སྐྱེ་བོས་བསྟེན། །
ཤེས་ཅན་ཡོན་ཏན་ཡོད་པ་ཀུན་གྱིས་བཀུར། །ཤེས་མེད་བསམ་རྒྱ་ཆུང་བ་གྱི་ནར་ཞོག །
སྟོན་པའི་རྗེས་འཇུག་ཇི་ལྟར་ཞན་ཀྱང་མཆོད། །གཉོམ་ཆུང་མ་ནུས་པ་ལ་ཅི་ཕན་བྱོས། །
བཟང་ཕྱུག་སུ་བྱུང་རང་ཡུལ་བསོད་ནམས་ཡིན། །དེ་ལ་ཕྲག་དོག་བྱས་ན་རང་ཡུལ་བརླག །
ངན་དབུལ་སུ་བྱུང་ལས་ཀྱི་བསྐོས་ཐང་ཡིན། །དེ་ལ་དམན་སྡང་བྱེད་ན་ཐ་ཤལ་རྟགས། །
མཉམ་དུ་འགྲོགས་ན་རེད་དང་མ་རེད་བརྒྱ། །སུ་ལའང་འབྱུང་ཕྱིར་ཡུལ་མི་བཟའ་ཚང་ལ། །
ཉེས་པ་ཅུང་ཟད་ཙམ་ལ་མི་འཐབ་པར། །བྱམས་པར་བསྐྱང་ན་སླར་ཡང་མཛའ་བར་འགྱུར། །
རྗེ་བོ་འཁུར་ཞིང་ཡུལ་མི་བློ་མཐུན་ལ། །དཀོན་མཆོག་གསུམ་ལ་བཀུར་སྟི་ཆེ་བ་དང༌། །
ཡ་རབ་བྱ་བར་དགའ་ཞིང་བསམ་དཀར་ཅན། །གང་དུ་མང་བའི་ཡུལ་དེ་དར་བར་འགྱུར། །
རྐུ་ཁྲམ་རྫུན་གསུམ་སྤངས་བ་ཀུན་ཡིད་ཆེས། །བརྩི་འཚོ་སྐྱོང་གསུམ་མཁས་ན་ཀུན་དང་མཐུན། །
བསགས་གཏོང་ཚོང་གསུམ་ཤེས་ན་འབྱོར་པ་འཕེལ། །དཔའ་གཉེན་ཚོད་གསུམ་ལྡན་ན་ཀུན་གྱིས་བརྩི།།
རང་རྒྱུད་དྲང་ན་ནམ་མཁའི་ལྷ་ཡང་མགུ། །མི་གཞི་བཟང་ན་ཐམས་ཅད་གཉེན་ལྟར་འདུན། །
བསམ་པ་བཟང་ན་རང་གི་ལས་ལམ་དགེ །ཤེས་པ་ཡོད་ན་རང་ལ་ཕུན་སུམ་ཚོགས། །
བློ་ཁོག་ཡངས་ན་འཐབ་རྩོད་ཉུང་ཞིང་སྐྱིད། །གཞན་ལ་གང་ཕན་བྱས་ན་རང་ཉིད་བདེ། །
དཀོན་མཆོག་གསུམ་ལ་དད་ན་འདི་ཕྱིར་ལེགས། །བསོད་ནམས་ཚོགས་བསགས་བྱས་ན་བསམ་པ་འགྲུབ། །
ཅིས་ཀྱང་འཆི་ངེས་ལས་འབྲས་བསླུ་མེད་པས། །རང་མཁོས་གང་ཡོད་དགེ་སྒྲུབ་སྡིག་སྤོང་གིས། །
བླང་དོར་འབྱེད་པ་དམ་ཆོས་ཐོས་ལས་འབྱུང༌། །དམ་པ་བསྟེན་ཞིང་དམ་ཆོས་ཉན་ན་དགེ །
དེ་བས་དེ་ལྟར་བཤད་པ་ཇི་བཞིན་དུ། །སེམས་ལ་བླང་ན་ཕན་དང་བདེ་བ་འཕེལ། །
ཡུལ་གྱི་བདེ་ཐབས་ཅི་ཞིག་དགོས་ཞེས་སུ། །འདྲི་བ་དེ་ལ་འདི་ལྟར་སྟོན་པར་གྱིས། །
མེ་སྤྲེལ་ཟླ་༢ཚེས་༢༠ལ་མི་ཕམ་པས་བྲིས་པ་དགེ་ལེགས་འཕེལ།།