ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> དམངས་སྲོལ
  གསར་འགྱུར་ཀློག་པ།

ལྷ་སའི་ནང་མ་སྤྲོ་སྐྱིད་ཁང༌།

[རྩོམ་པ་པོ:ཕུན་ཚོགས་བཀྲ་ཤིས།  ཡོང་ཁུངས:དྲ་ཐོག  དུས་ཚོད:2011/2/4 18:28:07  བཀླགས་ཐེངས:2008][ཡིག་གཟུགས:ཡིག་གཟུགས་མདོག]

 

ལྷ་སའི་ནང་མ་སྤྲོ་སྐྱིད་ཁང༌།
 
ཕུན་ཚོགས་བཀྲ་ཤིས།
 
     བོད་ཟླ་དང་པོའི་ཚེས་བཅུ་གྲངས་ལ་སླེབས་ཟིན་ཡང་ལོ་གསར་གྱི་སྤྲོ་སྣང་ད་དུང་ཡལ་མི་འདུགཁྲོམ་གཞུང་སྟེང་དུ་ད་དུང་གཟབ་མཆོར་སྤྲས་པའི་མི་གཉིས་ཙམ་གསུམ་ཙམ་སྐུ་མགྲོན་ལ་བཞུགས་ནས་ལོག་འགྲོ་བ་མཐོང་རྒྱུ་འདུགའདིའི་དུས་སུ་ལས་ཁུངས་ཀྱི་མོ་ཊ་འགྲོ་འོང་བྱེད་པ་ཉུང་ཉུང་ཡིན་ཞིང༌།གདལ་གླ་རྒྱུགས་མཁན་གྱི་མོ་ཊ་ནི་རྩྭ་ཐང་སྟེང་དུ་ཕར་རྒྱུགས་ཚུར་རྒྱུགས་བྱེད་པའི་ཙི་ཙི་དང་འདྲ་བར་རྒྱ་ལམ་སྟེང་དུ་འགྲན་རྒྱུགས་བྱེད་པ་དང༌།མི་ཚོས་མོ་ཊ་སྡོད་འདོད་ཡོད་མེད་ལ་མ་བལྟོས་པར་ལམ་ཟུར་དུ་ཡོད་པའི་མི་ལ་མོ་ཊའི་དུང་སྒྲ་སྒྲོག་པས་མོ་ཊ་སྡོད་མི་དགོས་པ་ཚོས་མགོ་བོ་གཡུག་ནས་སོ་སོའི་རྣ་བར་སྐྱོན་མེད་པའི་ལམ་སྤྲོད་པ་ལྟར་བྱེད་ཅིང༌།ཡང་ཁྱ་རེ་ཁྱོ་རེར་སྐྱོད་མཁན་ར་བཟི་བ་དེ་ཚོས་མོ་ཊས་རང་ཉིད་ལ་གུས་ཚུལ་བྱེད་པར་སྙམ་ནས་ལག་པ་གཡུག་སྟེ་གུས་ལན་སློག་བཞིན་འདུགའདི་ནི་ལྷ་སའི་ལོ་གསར་རིང་གི་ས་སྲོས་དུས་ཀྱི་རྣམ་པ་རེད།
    བདག་ཚོ་གྲོགས་པོ་འགའ་ཤས་མཉམ་དུ་བཅམས་ནས་ནང་མ་གླུ་གར་སྤྲོ་སྐྱིད་ཁང་དུ་སོང་བ་ཡིན།ལོ་གསར་གྱི་ནང་མ་སྤྲོ་སྐྱིད་ཁང་ནི་དུས་རྒྱུན་ལས་འཁྲུག་ཆ་དོད་དུ་ཞེ་དྲགས་ཕྱིན་འདུགམི་ཚོ་པ་གཅིག་འཛུལ་ཡོང་བ་དང་ཟོག་སྒྲོམ་མདུན་དུ་ལངས་བསྡད་པའི་སྦྱིན་བདག་མའི་གདོང་ལས་རྣམ་འགྱུར་ཐེངས་གཅིག་བཙིར་ཡོང་བ་དང༌།སྡེང་ཆའི་སྟེང་དུ་བསྡད་པའི་རོལ་ཆ་དཀྲོལ་མཁན་ཚོའི་འདྲེན་བྱེད་ཀྱིས་གསར་དུ་སླེབས་པའི་སྐུ་མགྲོན་ལ་ལྟ་བཞིན་ཕལ་ཆེར་རོལ་དབྱངས་དང་རང་ཉིད་འབྲེལ་བ་མེད་པ་ལྟར་དུ་མཐོང༌།གཅིག་གྱུར་གྱི་བོད་ཆས་དཔེ་གསར་གྱོན་པའི་ཞབས་ཞུ་བ་བུ་མོ་དེ་ཚོས་ཤ་ཚ་ཆེ་མདོག་གིས་སྐུ་མགྲོན་བཞུགས་གནས་སུ་བསུས་ནས་བཞུགས་བཅུག་པ་དང་ཆབས་ཅིག་སྐུ་མགྲོན་གྱི་རེ་བ་ལྟར་སྦི་རག་སོགས་འཐུང་བྱ་སྐུ་མགྲོན་གྱི་མདུན་དུ་བསྐྱལ་ཡོང་གི་འདུག
  ང་རང་ཐེངས་དང་པོར་ནང་མ་ཁང་དུ་སྐྱོད་པ་དེ་ཡང་ལོ་གསར་ཚེས་བཅུ་གྲངས་ཤིག་ལ་ཡིན།དེ་དུས་ལྷ་སར་ནང་མ་ཁང་གཅིག་རང་ལས་མི་འདུགང་ཚོས་དེང་རབས་ཀྱི་འཚོ་བའི་ནང་རྒྱུན་རིང་དུ་ཐོས་རྒྱུ་མེད་པའི་ནང་མ་ཞེས་པའི་མིང་ཚིག་དེ་གོ་སྐབས་ཁྱད་མཚར་པོའི་སྣང་བ་བཅང་བཞིན་སྐྱོད་པ་ཡིན།ཐེངས་དང་པོ་སོང་གཤིས་ནང་མའི་སྤྲོ་སྐྱིད་ཁང་ནང་གི་ཁོར་ཡུག་དང་སྒྲིག་ཆས་ལ་དེ་བས་སྣང་འཇོག་ཆེན་པོ་བྱུང་བ་སྟེ་ཕྱི་སྒོའི་སྟེང་དུ་མི་རིགས་ཀྱི་རིག་གནས་དར་སྤེལ་བཏང་སྟེ་རིག་རྩལ་གྱི་བྱ་གཞག་འཕེལ་རྒྱས་གཏོང་དགོས་ཟེར་བའི་སྦྱར་བྱང་ཡང་སྦྱར་འདུག  ངའི་སེམས་ནང་དུ་གད་མོ་ཤོར་བ་ལ་རྒྱུ་དངོས་ལ་ཆགས་ཞེན་ཆེས་ཆེར་བྱེད་པའི་ལོ་ཟླ་འདིའི་ནང་ཚོང་པས་རང་ཉིད་ཀྱི་དངུལ་ལོར་དར་སྤེལ་བཏང་བ་ལས་མིརིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུ་དྲན་ནམ།དེ་ནི་ཚོང་པ་ཚོའི་དངུལ་བསགས་བྱེད་ཀྱི་ཐབས་ཤེས་གསར་པ་ཞིག་རང་རེད་སྙམ་བྱུང༌།ལོ་འགའ་ཤས་ཕྱིན་རྗེས་སུ་ལྷ་སའི་ནང་མ་ཁང་འཁྲུག་ཏུ་འཁྲུག་ཏུ་དང་རྒྱས་རྒྱས་སུ་འགྲོ་བ་མ་ཟད།རིམ་པ་ཡང་མཐོ་རུ་མཐོ་རུ་ཕྱིན་ནས་མང་དུས་སུ་ནང་མ་ཁང་བདུན་ཅུ་དོན་གྲངས་སུ་འཕེལ་མྱོང་ཡོད།དེ་རྗེས་ཁྲོམ་རའི་སྙིང་རྗེ་མེད་པའི་ལེགས་རྒྱས་ཉེས་ཉམས་དང༌།འཛད་སྤྱོད་པའི་ཨ་གསར་སོགས་ཀྱི་རྐྱེན་པས་མཐར་ནང་མ་ཁང་བཅུ་གྲངས་ཤིག་གནས་ཐུབ་པ་བྱུང་འདུགམིག་སྔར་ལྷ་སར་ནང་མ་ཁང་ལ་ད་དུང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཅིང༌།ནང་མ་ཁང་འདི་བཞིན་ལྷ་སར་བཞུགས་པའི་མི་ཚོའི་མཚན་མོའི་རོལ་རྩེད་བྱེད་ཡུལ་དགའ་ཤོས་ཤིག་ཏུ་གྱུར་ཟིན།
  ནང་མ་ཞེས་པ་ནི་དོན་དངོས་ཐོག་བོད་རིགས་ཀྱི་ཞབས་བྲོའི་རིགས་ཤིག་གི་ཐ་སྙད་ཡིན་ཞིང༌།དེ་དང་སྟོད་གཞས་ནི་མཚེས་མའི་ཞབས་བྲོའི་རིགས་ཤིག་རེད་ཅེས་བརྗོད་ན་འགྲིགགང་དུ་ནང་མ་འཁྲབ་ན་དེ་གར་སྟོད་གཞས་འཁྲབ་ཀྱི་ཡོད་ཅིང༌།དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་ཞབས་བྲོ་རིགས་གཉིས་རེད།ནང་མ་ཞེས་པའི་ཐ་སྙད་འདི་ནི་ནང་ཁུལ་གྱི་དོན་ཡིན་ཞིང༌།མི་འགའ་རེས་བཞེད་པར་ཐོག་མར་ནང་མ་ནི་རོལ་དབྱངས་ལ་དགའ་བའི་དམངས་ཁྲོད་སྐྱིད་སྡུག་གིས་གླུ་ལེན་གར་འཁྲབ་བྱེད་པ་དང༌།སྔ་མོ་ཟློས་གར་འཁྲབ་མཁན་སྐྱིད་སྡུག་ཚོགས་པ་དེ་ཚོས་མི་ཚང་ཕྱུག་པོའི་རྟེན་འབྲེལ་དང་ཐུགས་སྤྲོ་སོགས་ལ་གླུ་ལེན་གར་འཁྲབ་བྱས་ནས་གསོལ་རས་བྱུང་བ་དེ་རྣམས་འཁྲབ་མཁན་ནང་ཁུལ་བགོ་བཤའ་བརྒྱབ་པས་ནང་མ་ཞེས་པའི་ཐ་སྙད་འདི་ཐོབ་པ་རེད་ཅེས་དང༌།ཡང་མི་ཁག་གཅིག་གིས་ནང་མ་ནི་བོད་ཀྱི་གནའ་རབས་ཕོ་བྲང་ནང་གི་རོལ་མོ་ཞིག་ཡིན་ཞིང༌།ཕོ་བྲང་ནང་དུ་འཁྲབ་གཏོང་བྱས་པས་ནང་མ་ཞེས་པའི་ཐ་སྙད་འདི་ཐོབ་པ་རེད་ཅེས་བཞེད།ནང་མ་དང་མཚེས་མར་གྱུར་བའི་སྟོད་གཞས་ནི་སྟོད་ཀྱི་གཞས་ཀྱི་དོན་ཡིན་པ་དང༌།སྟོད་ནི་གཞིས་ཀ་རྩེའི་ནུབ་རྒྱུད་ཀྱི་ལྷ་རྩེ་དང་ངམ་རིང༌།མངའ་རིས་ཁུལ་དུ་བརྗོད་པ་ཡིན།དེང་སང་ལྷ་ས་དང་གཞིས་ཀ་རྩེའི་རྒྱུད་དུ་འཁྲབ་པའི་སྟོད་གཞས་ནི་སྔ་མོའི་སྟོད་གཞས་ཀྱི་རྨང་གཞིའི་སྟེང་གསར་གཏོད་བྱས་པའི་འཁྲུག་ཆ་དོད་པའི་ཞབས་བྲོ་ཞིག་རེད།
  ནང་མ་ལ་གཞས་གཏོང་ཡས་ཡོད་པ་དང༌།ཞབས་བྲོ་འཁྲབ་ཡས་ཡོད་པ།རྟ་དབྱངས་རིང་ལ་འགྱུར་ཁུག་སྙན་འཇེབས་ལྡན་པ།གར་སྟབས་འདེགས་འཇོག་ཉམས་འགྱུར་ལྡན་པ་བཅས་ཡོད་ཅིང༌།སྲོལ་རྒྱུན་གྱི་ནང་མའི་ལེ་ཚན་རིགས་ལྔ་བཅུ་ལྷག་ཙམ་ཡོད།ལྷ་སའི་སྟོད་གཞས་ལའང་གླུ་ལེན་གར་འཁྲབ་བྱེད་ཡས་ཡོད་ཅིང༌།དེའི་རྟ་དབྱངས་དུམ་བུ་གཉིས་སུ་དབྱེ་བ་སྟེ།དུམ་བུ་དང་པོ་ནི་རྒྱང་གཞས་དང་དུམ་བུ་གཉིས་པ་འཁྲུག་གཞས་ཡིན།ཞབས་བྲོའི་གར་སྟབས་ཤུགས་ཉམས་ཡོད་ལ་སྤྲོ་སྣང་ལྡན་པ་ཡོད་ཅིང༌།རྒྱུན་སྲོལ་གྱི་སྟོད་གཞས་སྣེ་གྲངས་བརྒྱ་ལྷག་ཙམ་ཡོད།ནང་མ་དང་སྟོད་གཞས་ཀྱི་གཞས་ག་ནང་དོན་མང་ཆེ་བ་ནི་ཕོ་མོའི་བརྩེ་དུང་མངོན་པ་དང༌།བཀྲ་ཤིས་རྟེན་འབྲེལ་ཞུ་བ།ཡང་ན་རི་ཀླུང་ཡུལ་ལྗོངས་མཚོན་པ་བཅས་ཡིན།ཉམས་གདངས་ཆེས་ཆེར་ལྡན་ཞིང་རྟ་དབྱངས་དང་གར་སྟབས་གང་ཐད་ནས་གནའ་བོའི་མཛེས་ཆོས་ཚད་གཞི་ནན་པོ་ལྡན་ཡོད།བོད་ཀྱི་ཉེ་རབས་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ནང་མ་སྟོད་གཞས་འཁྲབ་གཏོང་བྱེད་མཁན་ཨ་ཅོ་རྣམ་རྒྱལ་དང༌།རྡོ་རྗེ།བསོད་ནམས་སྐྱིད་འཛོམས།པད་མ།ཚེ་རིང་པད་མོ།ཨབ་ཏུ་ར་མེ།ཨ་མལ་རི།ཡེ་ཛ།ཧ་ཕི་བུ།ས་སྐྱ་བ།ཨ་ནན།ནོར་བུ་ཆོས་སྒྲོན།གཅུང་བུ་ཁྲིད་སོགས་ཡོད།གཅུང་བུ་ཁྲིད་སོགས་ནས་སྒྲ་བཅུག་བྱས་ཏེ་བཞག་པའི་སྐད་པར་ནས་ང་ཚོས་ནང་མ་སྟོད་གཞས་ཀྱི་ཚད་ལྡན་གྱི་བྲོ་བ་མྱོང་ཚོར་བྱེད་ཐུབ་ཀྱི་འདུག
  ཀླད་པ་ཞོ་ལྟར་དཀྲུག་པའི་ཚོང་པ་ཚོས་དད་དགའ་རྒྱུན་པར་བརྗེས་འགྲོ་བའི་དེང་རབས་སྐྱེ་བོ་ཚོའི་རྙིང་དྲན་གྱི་བསམ་པའི་རེ་བ་གསབ་ཆེད་དེང་རབས་ཀྱི་ཞབས་བྲོ་དང་ཏི་སི་ཁོའོ་ཡིས་ཁུ་སིམ་དུ་ཡུན་རིང་བཞག་པའི་ནང་མ་ཞེས་པའི་ཞབས་བྲོ་དེའི་མིང་དེ་སྒྲུག་ནས་ཞབས་བྲོ་ཁང་ལ་བཏགས་པ་རེད།མིང་འདིར་གཟིགས་པས་མཁྱེན་གསལ་ལ་འདིའི་ནང་དུ་ནང་མ་འཁྲབ་ཀྱི་ཡོད་པ་ཤག་ཤག་རེད།དེང་སང་ནང་མ་ཞབས་བྲོ་ཁང་ནང་འཁྲབ་པའི་ནང་མ་དང་སྟོད་གཞས་རིགས་བཅུ་གྲངས་ཤིག་ཡོད་ཅིང༌།གཞས་དང་ཞབས་བྲོའི་ཉམས་འགྱུར་གང་ཐད་ནས་བལྟས་ཀྱང་དེང་རབས་ཀྱི་ཤན་ཞུགས་ཡོད་པས་ཚད་ལྡན་གྱི་གཞས་དང་ཞབས་བྲོ་ཞིག་གཟིགས་ཐུབ་པ་དཀའ་ཙམ་རེད།ཞབས་བྲོ་ཁང་ལ་ནང་མའི་ཐ་སྙད་བཏགས་ཡོད་ཀྱང་ནང་ལོག་ཏུ་ཆེད་མངགས་ཀྱིས་འཁྲབ་སྟོན་བྱེད་མཁན་དང༌།ཡང་ན་སྐུ་མགྲོན་ཁྲོད་ནས་རྒན་གོག་དང་དར་མ་རེ་ཟུང་ནས་ཡར་ལངས་ཏེ་ནང་མ་སྟོད་གཞས་འཁྲབ་གཏོང་བྱེད་པ་ཕུད་མང་ཆེ་བའི་ན་གཞོན་ཚོ་ནི་རྒྱུན་སྲོལ་གྱི་ནང་མ་སྟོད་གཞས་བལྟས་ནས་སྡོད་པ་ལས་འཁྲབ་མི་ཤེས།དེར་བརྟེན་ནང་མ་སྤྲོ་སྐྱིད་ཁང་གིས་སྐུ་མགྲོན་རིགས་མི་འདྲ་བ་ཚང་མའི་རེ་བ་སྐོང་ཕྱིར་སྤྲོ་སྐྱིད་ཁང་ནང་དར་ཁྱབ་གླུ་གཞས་གཏོང་རྒྱུ་དང༌།མཛའ་གྲོགས་ཞབས་བྲོ་རྒྱག་རྒྱུ།ཐ་ན་འུར་ཟིང་སྐད་སྒྲས་རྣ་བ་རྟོལ་བར་ཉེ་བའི་ཏི་སི་ཁོའོ་ཞབས་བྲོ་ཡང་བཀོད་སྒྲིག་བྱེད་ཀྱི་ཡོད།ཚད་མཐོ་བའི་ནང་མ་ཁང་དེ་ཚོར་ཆེད་མངགས་ཀྱི་དམངས་ཁྲོད་རོལ་དབྱངས་དཀྲོལ་གཏོང་བྱེད་མཁན་དང༌།གློག་གི་རོལ་མོ་དཀྲོལ་གཏོང་བྱེད་མཁན་ཡོད་ལ།ཡང་སྒྲ་འཇུག་རམ་འདེགས་རོལ་ཆ་ཡང་གཏོང་གི་ཡོད།
 ནང་མ་འགོ་ཚུགས་སོང༌།གླིང་བུ་དང་སྒྲ་སྙན།ཡང་ཆིན།པི་ཝང༌།གཡེར་ཀ་བཅས་ཀྱི་གནའ་ཉམས་ཀྱིས་ཕྱུག་པའི་རོལ་དབྱངས་མཉམ་དཀྲོལ་བྱས་སོང་བས་ངས་རང་བཞིན་ངང་དམངས་ཁྲོད་རོལ་དབྱངས་འདི་རྣམས་མཉམ་དཀྲོལ་བྱེད་སྟངས་གསར་གཏོད་གནང་མཁན་སྔོན་བྱོན་དམ་པ་རྡོ་རིང་པཎ་ཊི་ཏ་ཡིད་ངོར་དྲན་བྱུང༌།ཁོང་གི་ལེགས་སྐྱེས་ལ་བརྟེན་ནས་ནང་མ་དང་སྟོད་གཞས་ལ་དེ་རིང་གི་ཆ་ཡོངས་སུ་ཚང་བའི་སྒྱུ་རྩལ་གྱི་རྣམ་པ་ལྡན་པ་བྱུང་བ་རེད།ཕལ་ཆེར་དེ་རིང་གི་སྤྲོ་བ་མྱོང་མཁན་སྐྱེ་བོ་ཕལ་མོ་ཆེས་ཁོང་གི་སྐོར་ཐོས་མྱོང་མེད་ཤས་ཆེ།རྡོ་རིང་པཎ་ཊི་ཏའི་མཚན་དངོས་ལ་རྡོ་རིང་བསྟན་འཛིན་དཔལ་འབྱོར་ཞུ་བ་དང༌།པཎ་ཊི་ཏ་ནི་མཁས་པ་ཆེན་པོའི་ཞེ་ས་རེད།ཁོང་ནི་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཀྱི་བ་དན་ཕྱོགས་བཅུར་གཡོ་བའི་རྒྱ་བོད་ཡིག་རིགས་གཉིས་བྱང་གི་མཁས་པ་ཡིན།སྟོད་གཞས་《རྡོ་རིང་སྲས་ཆུང་སྐུ་ཞབས་》ཞེས་པའི་ནང་འདི་ལྟར་བཏང་བ་ལ་ཕྱི་དེ་གོས་ཆེན་ལྗང་ནགནང་དེ་ལུག་གུའི་ཚ་ལུ།དེ་འདྲའི་ན་བཟའ་བཞེས་མཁན།རྡོ་རིང་སྲས་ཆུང་སྐུ་ཞབས།རྒྱ་ཡིག་བཏང་སྟེ་ཡོང་ཡོད།བོད་ཡིག་བཏང་སྟེ་ཡོང་ཡོད།སྨྱུག་གུ་དྭངས་བཟང་དབང་པོ།ལྕང་ལོའི་གསེབ་ལ་གཟེར་ཡོད། གཞས་ཚིག་འདི་འདྲའི་ནང་ནས་ཁོང་གི་སྟེར་བཟོ་དང་ཉམས་བཟང་མངོན་ཡོང་གི་འདུགཁོང་ནི་ལོ་རྒྱུས་དང༌།ཆོས་ལུགས།སྙན་ངགརྩོམ་རིག་བཅས་བྱང་ཆུབ་པའི་མཁས་པ་ཡིན་པ་དང༌།ལྷག་པར་དུ་བོད་ཀྱི་རོལ་མོ་དང་གླུ་གཞས་ལ་བྱང་ཆུབ་པ་ཞིག་རེད།ཁོང་གི་རང་རྣམ་《རྡོ་རིང་པཎ་ཊི་ཏའི་རྣམ་ཐར་》ནང་འཁོད་པར་ཁོང་དགུང་ལོ་བཅུ་ནས་འགོ་བཙུགས་ཏེ་སྐབས་དེའི་རོལ་མོ་མཁས་པ་བརྟེན་ཏེ་གོ་རིམ་ལྡན་པའི་ངང་གར་གླུ་དང༌།ཆང་གཞས།གཞས་ཆེན།བྲོ་དང་ཞབས་བྲོ་སློབ་སྦྱོང་གནང་བ་དང༌།སྒྲ་སྙན།པི་ཝང༌།གླིང་བུ་སོགས་ཀྱི་རོལ་མོ་འབུད་གཏོང་སྦྱངས་པ་རེད།༡༧༩༡ལོར་གོར་གས་བོད་ལ་བཙན་འཛུལ་བྱས་རྐྱེན་གྱིས་སྐབས་དེའི་ཆིང་སྲིད་གཞུང་གིས་ཁོང་པེ་ཅིང་དུ་སྐོང་ཞིང་པེ་ཅིང་དུ་བཞུགས་རིང་ཁོང་གིས་སེམས་བརྣལ་ལ་ཕབ་ནས་རྒྱ་ཡུལ་གྱི་རོལ་མོ་ཡང་ཆིན་སློབ་སྦྱོང་གནང་བ་དང་བོད་དུ་ཕྱིར་ལོག་རྗེས་ཁོང་གིས་བོད་ཡུལ་གྱི་རོལ་ཆ་སྒྲ་སྙན་དང་གླིང་བུ།པི་ཝང༌།གཡེར་ཀ་སོགས་དང་ཡང་ཆིན་མཉམ་དཀྲོལ་བྱེད་པའི་སྲོལ་གསར་གཏོད་གནང་བས་དུས་དེ་ནས་བཟུང་བོད་ཀྱི་དམངས་ཁྲོད་རོལ་མོ་ཕུན་སུམ་ཚོགས་སུ་ཕྱིན་པ་རེད།ལོ་ངོ་ཉིས་བརྒྱ་ལྷག་གི་དུས་ཚོད་འདས་ཟིན་ཡང་ཁོང་གིས་གསར་གཏོད་གནང་བའི་རོལ་ཆ་མཉམ་དཀྲོལ་བྱེད་ལུགས་དེ་གཏན་འཇགས་སུ་གྱུར་བ་དང༌།གལ་སྲིད་དེའི་ཁར་རོལ་ཆ་གཞན་བསྣན་ཚེ་དེ་ནི་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཁུངས་བཙན་མིན་པར་ཆགས།
  ནང་མ་ཁང་གི་དམིགས་བསལ་ཁྱད་ཆོས་ནི་ཆེད་མངགས་ཀྱི་གླུ་གཞས་གཏོང་མཁན་དང༌།ཞབས་བྲོ་འཁྲབ་མཁན་གྱིས་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད།སྐུ་མགྲོན་ཚོས་གཤམ་གྱི་བཞུགས་གྲལ་ཁྲོད་དུ་མཆོད་ཆང་བཏེགས་རེས་དང༌།གཏམ་གླེང་དང་ཞལ་གད་ལ་རོལ་སྐབས་ཆེད་མངགས་གདན་ཞུ་བྱས་པའི་འཁྲབ་མི་ཚོས་གཞས་བཏང་གར་འཁྲབ་ཧུར་ཐག་བྱས་ནས་ཚོགས་ཁང་ཁུ་སིམ་མེར་མི་གནས་པ་བྱེད་དགོས་ཀྱི་ཡོད།གལ་སྲིད་སྐུ་མགྲོན་ཁྲོད་ནས་སུ་འདྲ་ཞིག་སྤྲོ་སྣང་འཕེལ་ནས་སྡེང་ཆར་འཛེགས་ཏེ་གཞས་གཏོང་བའམ་ཞབས་བྲོ་འཁྲབ་ཚེ་རོལ་མོ་བ་ཚོས་འཕྲལ་མར་ཁོང་ལ་རོལ་དབྱངས་དཀྲོལ་གཏོང་གིས་རམ་སྐྱོར་བྱེད་ཀྱི་ཡོད།ནང་མ་ཁང་ནང་ནམ་རྒྱུན་ཚད་ལྡན་གྱི་གར་སྟེགས་དང་བརྙན་འཕྲིན་ཁོ་ནར་མཐོང་ཐུབ་པའི་འཁྲབ་མི་དེ་ཚོས་མི་སེར་དཀྱུས་མ་དང་གར་སྟེགས་གཅིག་གི་སྟེང་དུ་ཞབས་བྲོ་འཁྲབ་པ་དང༌།རྒྱུན་དུ་མེ་ཏོག་ཆུན་པོ་དང་ཐལ་མོའི་རྡེབ་སྒྲའི་ཁྲོད་དུ་གནས་པའི་རོལ་མོ་དཀྲོལ་གཏོང་བ་ཚོས་ཁྱེད་ལ་རོལ་མོ་དཀྲོལ་གཏོང་བྱེད་ཀྱང་རེད།དེའི་དུས་སུ་ཁྱེད་ཉིད་སྐད་གདངས་མི་མཉམ་བ་དང༌།གར་སྟབས་མི་འགྲིག་པ་གང་འདྲ་ཡིན་རུང༌།ཁོང་ཚོས་དབུ་སྐོར་ཞུ་རྐྱང་ལས་གཡབ་ཆུང་བྱེད་མི་ནུས།གར་སྟེགས་འོག་གི་ཐལ་མོའི་རྡེབ་སྒྲ་དང༌།འུར་སྒྲས་ཁྱེད་ཉིད་སྤྲོ་སྣང་རབ་ཏུ་རྒྱས་པ་བཟོ་ཡི་ཡོད།ནང་མ་སྤྲོ་སྐྱིད་ཁང་གི་ནང་འཛད་སྤྱོད་པས་གར་སྟེགས་ཐོག་ཏུ་འཛེགས་པའི་བྲོ་བ་གཟབ་མོ་ཞིག་མྱོང་ཐུབ་པ་དང༌།གར་འཁྲབ་གཞས་གཏོང་བྱེད་མཁན་མཁས་པའི་བྱེད་ལུགས་ཐེངས་གཅིག་མྱོང་བ་བྱེད་ཐུབ་པ་ཡོང་ཐུབ།
  ནང་མ་སྤྲོ་སྐྱིད་ཁང་ནང་ནང་མ་སྟོད་གཞས་འཁྲབ་མཁན་ཡོད་པ་དང༌།དར་ཁྱབ་ཆེ་བའི་གླུ་གཞས་གཏོང་མཁན་ཡོད་པ།ཡང་ཕྱི་རྒྱལ་གྱི་གླུ་གཞས་གཏོང་མཁན་ཡོད་པ།དེ་མིན་གཞན་གྱི་ལེ་ཚན་འཁྲབ་སྟོན་བྱེད་མཁན་ཡང་ཡོད།འཁྲབ་མི་འདི་ཚོའི་ནང་ནས་ཕྱེད་ཀ་ཙམ་ནི་ལས་ཞོར་གྱི་འཁྲབ་སྟོན་པ་ཡིན་ཞིང༌།ཁོ་ཚོའི་ནང་ནས་ཁག་ཅིག་གིས་ནང་མའི་ནང་དུ་འཁྲབ་སྟོན་བྱེད་པ་དེ་ལས་ཀ་རང་དུ་བཞག་པ་དང༌།ཡང་ཁག་ཅིག་གིས་ནང་མའི་ནང་དུ་འཁྲབ་སྟོན་བྱེད་རྒྱུ་དེ་ལས་རིགས་གཉིས་པར་འཇོག་གི་ཡོད།ནང་མ་སྤྲོ་སྐྱིད་ཁང་ནང་དུ་མི་ཚོའི་མིག་དབང་འདྲེན་ཡུལ་གཙོ་བོ་ནི་ཆེད་ལས་ཀྱི་འཁྲབ་སྟོན་པ་དང་གཞས་པ་གཞས་མ་ཁག་ཅིག་རེད།ཁོ་ཚོའི་ངོས་ནས་བརྗོད་ན་ནང་མའི་ནང་དུ་འཁྲབ་སྟོན་བྱེད་པར་ཡོང་རྒྱུ་ནི་ཐོག་མར་འཁྲབ་སྟོན་གྱི་དོན་དུ་ཡིན་པ་དང༌།དེ་རྗེས་ནི་སྤྲོ་གསེང་གྱི་ཆེད་དུ་རེད།
  འཁྲབ་སྟོན་པའི་སྐོར་བརྗོད་ན་ཁོ་ཚོའི་ལས་རིགས་འདི་བོད་དུ་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཤིག་ཆགས་མྱོང་ཡོད།ལོ་རབས་དྲུག་ཅུའི་བར་དཀྱིལ་དང་ལོ་རབས་བདུན་ཅུའི་བར་དཀྱིལ་བར་དུ་བོད་དུ་མོ་ཊ་གཏོང་མཁན་ཁ་ལོ་བ་ནི་ཡིད་སྨོན་ཆེ་ཤོས་བྱེད་པའི་ལས་རིགས་ཤིག་རེད།དེའི་དུས་ཀྱི་ཁ་ལོ་བ་ཚོས་མ་ཙང་ནས་མང་པོ་མེད་པའི་ལས་ཁུངས་ཀྱི་མོ་ཊ་གཏོང་བཞིན་ལྟ་བ་མཐོ་པོའི་ངང་ནས་ལྷོ་སྐྱོད་བྱང་སྐྱོད་བྱེད་པ་དང༌།བུ་མོ་རྩེ་གྲ་རྣམས་ཀྱིས་ཁོ་ཚོར་རེ་བ་བྱེད་ཅིང༌།དམངས་གཞས་ལ་ཡང་འདི་ལྟར་གཏོང་བ་སྟེ་ཨ་མའི་བུ་མོས་འཁྲུས་ཤིག་བརྒྱབ།མོ་ཊའི་ཏུད་དང་པོར་སིར་ཡཱ།ཁ་ལོ་གཡས་ལ་གཅུས་ནས་པཱ་ལགས་ལ་རྡོ་ཐ་ཁྱེར་ཤོགཁ་ལོ་གཡོན་ལ་གཅུས་ནས་ཨ་མ་ལགས་ལ་མགོ་རས་ཁྱེར་ཤོག་ དེའི་དུས་སུ་མི་ཚོས་ཞལ་ཞོབ་ལའང་སི་ཅིའི་ཡིན་ན་འབར་ཚགས་མི་དགོས་རྙང་ཚགས་ཡིན་ནའི་ཡིན་ཞེས་བརྗོད།གལ་སྲིད་སུའི་ཁྱིམ་ཚང་ལ་ཁ་ལོ་བ་མག་པ་བྱུང་ཚེ་ཁྱིམ་ཚང་དེར་དེ་དུས་ཁྲོམ་ནས་ཉོ་མི་ཐུབ་པའི་དཀོན་ཟོག་ཡོང་རྒྱུ་རང་རེད།ལོ་རབས་བདུན་ཅུའི་དུས་མཇུག་དང་ལོ་རབས་བརྒྱད་ཅུའི་དུས་མགོར་གཟི་འོད་དེ་འཁྲབ་སྟོན་ཚན་པ་ཁག་གི་འཁྲབ་མི་ཚོར་འཕྲོས་པ་རེད།དེ་དུས་བརྙན་འཕྲིན་ཐོན་མེད་པས་རིག་གནས་འཚོ་བ་དཀོན་པའི་མི་ཚོའི་འདྲེན་བྱེད་སྡེང་ཆའི་སྟེང་གི་འཁྲབ་མི་ཚོའི་ཐོག་ཏུ་ཕབ་པ་ཆགས།ཁོ་པ་ཚོ་རྟག་ཏུ་མེས་རྒྱལ་ནང་ཁུལ་དུ་སྐྱོད་ནས་མཐོང་རྒྱ་ཐོས་རྒྱ་ཆེ་བ་དང༌།དུག་ལོག་གྱོན་བཟོ་དང་འགྲོ་སྟངས།སྡོད་སྟངས་གང་ཐད་ནས་གཞན་དང་མི་འདྲ་བའི་སྒྱུ་རྩལ་མི་སྣའི་དབྱིངས་ཞིག་མཚོན་ཐུབ་ཀྱི་ཡོད།སྒྱུར་བཅོས་སྒོ་དབྱེའི་རྗེས་དེ་མ་ཉིད་དུ་རྣམ་པར་འགྱུར་ལྡོག་བྱུང་སྟེ་ཀྲུང་གོ་བ་ཚོའི་དུག་ལོག་ཚོས་མདོག་རྣམ་པར་བཀྲ་ལ་བཟོ་དབྱིབས་འདྲ་མིན་སྣ་ཚོགས་སུ་གྱུར་ཞིང༌།སྲང་ལམ་སྟེང་གི་སྤྲང་པོས་ཡང་དུང་གཟུགས་གུ་ཐུང་དང༌།ཉིའུ་ཙིའི་གུ་ཐུང་གྱོན་པ་དང༌།མགོ་བོར་ཕི་ཏ་བཏགས་པས་འཁྲབ་མི་ཚོའི་གཞན་དང་མི་འདྲ་བའི་ཁྱད་ཆོས་དེ་སྙིང་རྗེ་མེད་པར་རྨེག་མེད་དུ་བཏང་བ་རེད།གཞན་ཡང་དངུལ་ཁང་དང༌།བཟོ་ཚོང་ཚན་པ་སོགས་ཡོང་འབབ་མཐོ་བའི་ལས་རིགས་རྣམས་ལ་གཙིགས་མཐོང་ཆེ་བར་གྱུར་བས་འཁྲབ་སྟོན་པར་མི་ཚོས་ཡིད་སྨོན་བྱེད་པའི་དུས་ཚོད་དེ་སྔར་སོང་གི་གཏམ་གླེང་དུ་གྱུར།ཁྲོམ་རྭའི་དཔལ་འབྱོར་གྱིས་ཁོ་ཚོ་མཐོ་པོར་གནས་པའི་གར་སྟེགས་ལས་འབབས་ཏེ་དམངས་ཁྲོད་དུ་འཐེན།ནང་མ་སྤྲོ་སྐྱིད་ཁང་ནང་དུ་འཁྲབ་སྟོན་པ་ཚོས་ལས་ཀ་ཆུ་ཚོད་བཞི་ལྔ་བྱེད་དགོས་པ་དང༌།གལ་སྲིད་སྐུ་མགྲོན་ཚོའི་ཁྲོད་ནས་རང་མོས་ངང་གར་འཁྲབ་གཞས་གཏོང་བྱེད་མཁན་མ་བྱུང་ཚེ་ཁོ་ཚོས་འཁྲབ་སྟོན་བྱེད་དགོས་པའི་དུས་ཚོད་འདི་ལས་ད་དུང་རིང་བ་ཡོད།འཁྲབ་སྟོན་པ་དེ་ཚོའི་ངོས་ནས་བརྗོད་ན་མཚན་མོ་རེ་ལ་སྒོར་བརྒྱ་གཡས་གཡོན་གྱི་འཁྲབ་གླ་དེ་འཐེན་ཤུགས་ཆེ་ཤོས་ཡིན་པ་ཕུད་ད་དུང་སོ་སོ་རང་ཉིད་སྤྲོ་སྣང་མྱོང་ཐུབ་པ་ཡོང་གི་ཡོད།ངའི་གྲོགས་པོ་འཁྲབ་སྟོན་པ་ཞིག་གིས་ནང་མ་ཁང་ནང་དུ་ཡོང་རྒྱུ་དེ་གོམས་གཤིས་སུ་གྱུར་ནས་ད་ལྟ་མཚན་མོ་ཁྱིམ་ནང་དུ་སྡོད་མི་འདོད་པ་ཆགས་འདུགའདིར་ཡོང་ན་གཅིག་ནས་ཡོང་བབས་ཡོད་པ་དང༌།ད་དུང་རྩེད་མོ་རྩེད་ཡས་ཡོད་པས་དུས་ཚོད་འཁྱོལ་མགྱོགས་པ་འདུག་ཅེས་བརྗོད་ཀྱི་འདུགཡོང་འབབ་ཕུད་འཁྲབ་མི་ཚོར་འཐེན་ཤུགས་ཆེ་ཤོས་ཤིག་ནི་ནང་མ་ཁང་ནང་དུ་འཁྲབ་རྩལ་ངོམ་ཐུབ་པ་དེ་རེད།དེང་སྐབས་འཁྲབ་སྟོན་ཚན་པ་ཁག་ཏུ་འཁྲབ་སྟོན་བྱེད་པའི་གོ་སྐབས་ཉུང་ལ་འཁྲབ་མི་མང་བ་ཡོད་ཅིང༌།རྒྱུན་དུ་འཁྲབ་སྟོན་གྱི་གོ་སྐབས་ཉུང་བས་རང་ཉིད་ཀྱི་ཕྱོགས་ཡོངས་ཀྱི་འཁྲབ་རྩལ་ངོམ་ས་མེད་པའི་ཆེད་ལས་འཁྲབ་སྟོན་པའི་ངོས་ནས་བརྗོད་ན་ནང་མ་ཁང་ནི་ཉ་མོ་ཆུ་མོའི་ནང་དུ་འཁྱུག་ས་རང་རེད།
ནང་མ་ཁང་ནང་འཁྲབ་སྟོན་བྱེད་རྒྱུ་དེས་ཡང་འཁྲབ་སྟོན་པ་ཚོར་འགྲན་སྡུར་གྱི་སེམས་པ་དང་ངར་ཤུགས་ཆེན་པོ་སྐྱེས་ཀྱི་ཡོད།སྐུ་མགྲོན་ཚོས་འཁྲབ་མི་ཚོར་དགའ་ཞེན་བྱེད་ལུགས་ནི་ཐད་ཤུགས་ཧ་ཅང་ཆེ་བ་ཞིག་རེད།གལ་ཏེ་སྐུ་མགྲོན་སུས་འཁྲབ་མི་ག་གེ་མོ་ལ་དགའ་ཞེན་བྱས་ཚེ་ལམ་སེང་ཞབས་ཞུ་བ་འབོད་དེ་ཁ་བཏགས་གཅིག་ཉོས་ནས་འཁྲབ་མི་དེར་མགྲོན་གྱི་ཡོད།དེ་ལྟར་བྱས་པས་དགའ་བསུ་ཆེན་པོ་ཐོབ་མཁན་གྱི་འཁྲབ་མི་ཚོའི་མཇིང་པའི་སྟེང་དུ་ཁ་བཏགས་དཔུང་དཔུང་དུ་ཁེངས་བ་ཡིན།ཁ་བཏགས་རེ་ལ་ནང་མ་ཁང་ནང་དུ་སྒོར་ལྔ་རེ་བྱེད་ཅིང་སྦྱིན་བདག་ལ་ཚོང་བྱུང་བ་དང༌།འཁྲབ་སྟོན་པ་ལའང་བགོ་བཤའ་ཡོད་པས་ནང་མ་ཁང་གང་གི་ནང་དུ་དགའ་བསུ་ཆེན་པོ་འཐོབ་པའི་འཁྲབ་སྟོན་པ་ཡོད་ཚེ་ནང་མ་ཁང་འདིའི་ནང་དུ་འཛད་སྤྱོད་བྱེད་པར་ཡོང་མཁན་ཡང་མང་བ་ཡོད།དེར་བརྟེན་ནང་མ་ཁང་དབར་ལ་འཁྲབ་སྟོན་པ་དྲགས་གྲས་ལ་ཧབ་ཐོབ་རྒྱབ་པ་རེད།འགྲོ་རྒྱུགས་ཆེ་བའི་འཁྲབ་མི་འགའ་ཤས་མཚན་མོ་གཅིག་རང་ལ་ནང་མ་ཁང་ཁ་ཤས་ནང་འགྲོ་འོང་བྱེད་པས་དངོས་ནས་ཤུགས་ཟད་སྐད་འཛེར་དང༌།རྐང་འཁྲབ་ལག་འཁྲབ་བྱེད་པ་རང་རེད།ནང་མ་ཁང་ནང་ལས་ཞོར་གྱི་གཞས་པ་དང་འཁྲབ་སྟོན་པ་འཚོལ་རྙེད་དང་གསོ་སྐྱོང་བྱེད་ཐུབ་ཀྱི་ཡོད།ལས་ཞོར་པ་དེ་ཚོའི་ངོས་ནས་བརྗོད་ན་ནང་མ་ཁང་ནི་སོ་སོའི་ཁྱད་ཆོས་ངོམ་ས་དང༌།ལས་ཀ་བྱེད་ཡུལ་ཞིག་རང་རེད།

  ནང་མ་སྤྲོ་སྐྱིད་ཁང་ནང་ཕེབས་མཁན་སྐུ་མགྲོན་ནི་འདྲ་མིན་སྣ་ཚོགས་ཡོད།སྐྱེས་པ་ཡོད་ལ་བུད་མེད་ཡོད།རྒན་གྲས་ཡོད་ལ་གཞོན་གྲས་ཡང་ཡོད།གྲོགས་པོ་གྲོགས་མོ་ཁྱུ་ཚོགས་བྱས་ནས་ཕྱིན་ཆོག་ལ་སློབ་གྲོགས་དང་ལས་རོགས་དཔུང་ཚོགས་བྱས་ནས་སྐྱོད་ཀྱང་འཐུས་པ་དང༌།ཡང་ཕ་མ་དང་གཅེན་གཅུང་སྤུན་མཆེད་མཉམ་དུ་རོལ་རྩེད་བྱེད་པར་སྐྱོད་ཀྱང་འགྲིག་པ་ཡིན།བོད་རིགས་ནི་ངོ་ཚ་ཤིན་ཏུ་བརྩི་མཁན་ཞིག་ཡིན་པས་ཕ་མ་དང་ཕྲུ་གུ་མཉམ་དུ་དང༌།ཕོ་མོ་སྤུན་མཆེད་མཉམ་དུ་འདོད་ཆགས་ཀྱི་སྤྱོད་ཚུལ་ཡོད་པའི( དུད་འགྲོའི་སྤྱོད་པའང) ལྟད་མོའི་རིགས་མི་ལྟ་བ་མ་ཟད།ཐ་ན་སྤུན་མཆེད་མཉམ་དུ་ཆགས་སྲེད་ཀྱི་གཏམ་གླེང་ཡང་རྩ་བ་ནས་བྱེད་མི་སྲིད།ནང་མ་སྤྲོ་སྐྱིད་ཁང་ནང་དུ་གློག་བཞུ་རབ་རིབ་འོག་གི་གདོང་འབྱར་ཞབས་བྲོ་མེད་པ་དང༌།དམར་ཧྲེང་ཆགས་སྲེད་ཀྱི་འཁྲབ་སྟོན་མེད་པས་ན་ནང་མི་ཕོ་མོ་རྒན་གཞོན་ཚང་མ་མཉམ་དུ་རོལ་རྩེད་དུ་ཕེབས་བདེ་པོ་ཡོད།དེར་བརྟེན་ཁྱིམ་ནང་དུ་དགའ་སྟོན་དང་སྤྲོ་འཛོམས་རིགས་འཕྲད་ཚེ་ནང་མི་ཚང་འཛོམས་ཀྱིས་མཚན་མོ་ནང་མ་ཁང་ནང་དུ་སྐྱོད་རྒྱུར་མཉེས་པོ་གནང་བ་དང༌།ཞབས་བཞེས་དང་གསུངས་གཞས་ལ་རོལ་མཁན་ཡང་མང་པོ་ཡོད།
  གྲོགས་པོའམ་ལས་རོགས་མཉམ་འཛོམས་བྱེད་དུས་རྟག་ཏུ་སྔོན་ལ་ཟ་ཁང་ནང་དུ་རྒྱས་ཟས་ཐེངས་གཅིག་གནང་བ་དང༌།དེ་རྗེས་སྤྲོ་བ་ཆེར་འཕེལ་ངང་ནང་མ་ཁང་དུ་སྤྲོ་སྐྱིད་ལ་ཕེབས་པ་མང༌།སྐུ་མགྲོན་ནང་ནས་ཁྱུ་ཚོགས་གཅིག་ནི་ལོ་བཞི་བཅུ་ནས་ལྔ་བཅུའི་བར་དུ་སླེབས་པའི་གྲས་ཡིན་པ་དང༌།ཁོ་ཚོ་ནི་སེམས་ཁམས་གཞོན་ཤ་ལྡན་པ་ཁྱུ་གཅིག་རེད།ཁོ་ཚོས་ནང་མའི་ནང་དུ་ནང་མ་སྟོད་གཞས་གཅིག་གཉིས་འཁྲབ་ནས་རང་ཉིད་རྒྱུན་སྲོལ་གྱི་ཞབས་བྲོའི་ཐད་ཕྱུག་པ་མེད་པ་གསལ་བཤད་བྱེད་པ་དང༌།ཡང་གང་ཙམ་ནས་དར་ཁྱབ་གླུ་གཞས་རེ་ཟུང་བཏང་སྟེ་སོ་སོ་དུས་རབས་ཀྱིས་བསྐྱུར་མེད་པ་ར་སྤྲོད་བྱེད་ཀྱི་ཡོད།སྐུ་མགྲོན་འདི་རིགས་ནི་སེམས་ཁམས་ད་དུང་རྒས་མེད་པའི་གྲས་དེ་ཡིན་པ་དང༌།མཛའ་གྲོགས་ཞབས་བྲོའི་ནང་དུ་ཁོ་ཚོ་ནི་འཁྲུག་ཆ་དོད་ཤོས་རེད།
  ནང་མ་སྤྲོ་སྐྱིད་ཁང་ནང་དུ་རྟག་ཏུ་ལོ་སུམ་ཅུ་སོ་གྲངས་ནས་བཞི་བཅུ་ཞེ་གྲངས་བར་གྱི་བུད་མེད་སྐུ་མགྲོན་ཁག་ཅིག་ཡོང་གི་ཡོད།སྤྱིར་ན་ཁོ་ཚོ་མི་གསུམ་བཞི་ཙམ་རུབ་ནས་ཡོང་བ་ལས་སྐྱེས་པ་མཉམ་དུ་ཁྲིད་ཡོང་གི་མེད།
  མི་ཚོས་ཀུ་རེའི་ངང་ཁོ་ཚོར་མ་སྐྱིད་པ་ནག་མོ་ཁང་ཞེས་བརྗོད།དེའི་བརྗོད་དོན་ནི་མ་སྐྱིད་པ་ནག་མོ་ཁང་པ་གང་ཞེས་པ་རེད།ཁོ་ཚོར་མ་སྐྱིད་པ་བརྗོད་པ་ནི་ཁྱིམ་ནང་དུ་ཁྱོ་ཀ་དང་མི་འཆམ་པ་དང༌།ཁྱོ་ཀས་ཕྱི་ལོག་ཏུ་དགའ་མ་གཞན་ལ་ཞེན་ཆགས་བྱེད་པ་ཁོ་ཚོའི་སེམས་ནང་གསལ་པོ་ཤེས་བཞིན་ཁྱིམ་ཚང་དབྱུག་ནས་ཕྱི་ལོག་ཏུ་འཁྱམ་འཁྱུར་བྱེད་པ་འདི་ནི་ཁྱོ་ཀ་ལ་འཁོན་ལན་སློག་པའི་བྱ་སྤྱོད་རང་རེད།ཁོ་ཚོ་མང་ཆེ་བས་ཆང་རག་བཏུང་ཞིང༌།ར་རོས་སྨྱོས་འགོ་ཚུགས་པ་དང་མིག་གང་སར་བལྟས་ཏེ།ངོ་ཤེས་པ་དང་མ་ཤེས་པ་ཚང་མར་ཆང་ཕོར་འཐུག་ནས་སྒྲུང་གཏམ་གསར་པ་ཞིག་བརྩམས་འགོ་བཙུགས་པ་ཡིན།དེར་བརྟེན་མི་གཞན་གྱིས་ཀུ་རེའི་ངངནང་མ་ཁང་ནི་ཟུར་བཟའ་གསོ་སྐྱོང་ལྟེ་གནས་རེད་ཅེས་བརྗོད།
  ན་སོ་སླེབས་པའི་མི་ཚོ་ནང་མ་ཁང་དུ་ཕེབས་པ་ནི་གཟིགས་མོ་གཟིགས་པའི་ཆེད་དུ་རང་རེད།ལྷ་སར་ཆེད་ལས་རིག་རྩལ་ཚོགས་པས་གཉེར་བའི་ནང་མ་སྤྲོ་སྐྱིད་ཁང་གཉིས་ཡོད།ནང་མ་སྤྲོ་སྐྱིད་ཁང་འདི་གཉིས་ནང་ནང་མ་སྟོད་གཞས་འཁྲབ་སྟོན་བྱས་པ་ཕུད་ད་དུང་གཞས་གཏོང་བ་དང༌།དགོད་བྲོའི་གཏམ་གླེང༌།གཏམ་བརྗོད་ཐུང་གྲས་སོགས་ལེ་ཚན་འཁྲབ་སྟོན་བྱེད་ཀྱི་ཡོད་ཅིང༌།ལོ་ན་རྒན་གྲས་ཁག་ཅིག་ནི་དེ་འདྲའི་ལེ་ཚན་གྱིས་ནང་དུ་འདྲེན་པ་རེད།ན་གཞོན་ཚོའི་ངོས་ནས་བརྗོད་ན་ཁོ་ཚོས་ནང་མ་སྟོད་གཞས་ཀྱི་འཁྲབ་སྟོན་ལ་སྣང་འཇོག་མི་བྱེད་པར་ཆང་ཁོ་ན་འཐུང་བཞིན་སྡོད་པ་དང༌།སྤྲོ་བ་འཕེལ་དུས་སུ་ཡར་ལངས་ནས་དར་ཁྱབ་ཆེ་བའི་གླུ་གཞས་རེ་ཟུང་གཏོང་གི་ཡོད།ཏི་སི་ཁོའོ་ཞབས་བྲོའི་རོལ་མོ་བཏང་ཚེ་ཁོ་ཚོ་ནི་སྲབ་སློད་པའི་རྟ་རྒོད་བཞིན་དུ་ཟང་ཟིང་ངང་དུ་ཞབས་བྲོ་བརྒྱབ་ནས་སྡོད་ཀྱི་འདུགནང་མ་སྤྲོ་སྐྱིད་ཁང་ནི་སྣེ་ཤན་པ་ཚོས་ཡུལ་སྐོར་བ་ཁྲིད་ནས་བོད་ཀྱི་རིག་གནས་ལ་མྱོང་བ་བྱེད་སའི་གནས་ཡག་པོ་ཞིག་རེད།དབྱར་དུས་སུ་བོད་དུ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་རྒྱལ་ཕྱི་དང་རྒྱལ་ནང་གི་སྐུ་མགྲོན་ཁྱུ་དང་ཁྱུ་བྱས་ནང་མ་སྤྲོ་སྐྱིད་ཁང་ནང་འཛོམ་པ་དང༌།ཁོ་ཚོས་འདིར་བོད་རིགས་ཀྱི་རིག་གནས་འཚོ་བ་ཐད་ཀར་མཐོང་མྱོང་བྱེད་ཐུབ་ཀྱི་ཡོད།
  ནང་མ་སྤྲོ་སྐྱིད་ཁང་ནི་དངོས་གནས་ལྷ་སར་ཚོང་ཡག་ཤོས་ཀྱི་སྤྲོ་སྐྱིད་ལྟེ་གནས་ཤིག་རེད།དར་བཟོ་ཆེ་བའི་དུས་ལ་སྒྲིག་ཆས་སྤུས་ལེགས་པ་དང༌།འཁྲབ་སྟོན་ལྟད་མོ་ཆེ་བའི་ནང་མ་ཁང་ནང་དུ་རྟག་ཏུ་སྐུ་མགྲོན་གྱིས་ཁེངས་པ་མ་ཟད།འགའ་ཤས་ལ་སྔོན་ལ་སྡོད་ས་མངགས་ནས་མ་བཞག་ན་མཚན་མོར་སྡོད་ས་མི་ཐོབ་པ་བྱེད་ཀྱི་ཡོད།
 ནང་མ་སྤྲོ་སྐྱིད་ཁང་ཚང་མ་ནི་མཚན་མོར་འགོ་ཚུགས་པ་དང༌།འགོ་ཚུགས་པའི་དུས་ཚོད་ཀྱང་ཧ་ཅང་ཕྱི་པོ་རེད།སྐུ་མགྲོན་ཕེབས་པའི་དུས་ཚོད་འཁྲུག་ས་ནི་མཚན་མོའི་ཆུ་ཚོད་བཅུ་པ་ནས་བཅུ་གཉིས་བར་ལ་ཡིན་ཞིང༌།དེའི་དུས་ལ་སྐུ་མགྲོན་རྣམས་གཞུང་དངུལ་ལམ་སྒེར་དངུལ་གང་ཡིན་གྱིས་ཁ་ལག་ཐེངས་གཅིག་བཟས་ཚར་རྗེས་ནང་མ་ཁང་དུ་སྤྲོ་སྐྱིད་ལ་ཡོང་གི་ཡོད།ལྷ་སར་ནང་མ་ཁང་དགོས་མཁོ་ལས་བརྒལ་བ་ཡོད་པས་འདམས་སྒྲུག་ཚ་བའི་སྐུ་མགྲོན་དེ་ཚོས་རྟག་ཏུ་ནང་མ་ཁང་གཅིག་ནང་འཁྲུག་ཆར་བལྟ་ཙམ་བྱེད་པ་དང༌།གལ་སྲིད་འདོད་བློ་མ་ཁེངས་ཚེ་སླར་ཡང་གཞན་གྱི་ནང་མ་ཁང་འཚོལ་བར་འགྲོ་ཀྱང་བྱེད་པས་སྦྱིན་བདག་ལ་རྟག་པར་རེ་བ་སྟོང་པ་ཞིག་སྟེར།སྐུ་མགྲོན་བསྟན་དུ་བཞུགས་པ་དང་ཞབས་ཞུ་བ་ཚོས་སྐུ་མགྲོན་གྱིས་མངགས་པ་ལྟར་སྦི་རག་དང་འཐུང་བྱ་ལྕགས་དཀྲོལ་ནང་ཁྱེར་ཡོང་ཞིང༌།དེ་རྗེས་ཞབས་ཞུ་བ་བུ་མོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་བཞུགས་གྲལ་ཁྲོད་འགྲོ་བ་དང༌།ཡང་སྐོར་བསྐྱར་སྐོར་ངང་ཆང་བླུགས་བཞིན་སྦི་རག་ལྕགས་དམ་རེ་རེ་ལག་པར་ལེན་ནས་སྐུ་མགྲོན་གྱི་ཁའི་ནང་བླུགས་རྒྱུ་བྱུང་ན་ཅི་མ་རུང་སྙམ་པ་ལྟར་བྱེད་པས་ངོ་མ་སྐབས་འགར་སྐུ་མགྲོན་ཚོ་འདི་ལྟར་གྱི་ཤ་ཚ་ཆེ་བར་ཁོང་ཁྲོ་ཡང་སྐྱེས་ཀྱི་ཡོད།དེ་ནི་ཞབས་ཞུ་བ་བུ་མོ་ཚོའི་སྐྱོན་ཅི་ལ་ཡིན།ནང་མ་སྤྲོ་སྐྱིད་ཁང་གི་ཡོང་སྒོ་ཙོ་བོ་ནི་སྐུ་མགྲོན་ཚོའི་ཆང་གི་འཐུང་ཤུགས་ལ་བརྟེན་པ་ཡིན་པས་ཁྱེད་ཀྱིས་དེར་བསྡད་པ་ཙམ་ལས་མི་འཐུང་ན་བྱ་མོས་སྒོང་ང་མི་གཏོང་བ་དང་ཁྱད་ཅི་ཡོད།
  སྦི་རག་ནི་བོད་དུ་དར་ནས་ལོ་བཅོ་ལྔ་བཅུ་དྲུག་ཙལ་གྱི་དུས་ཚོད་ལས་མ་འདས།འདིའི་གོང་ལ་ཆེས་མང་ཆེ་བའིབོད་ཀྱི་སྐྱེ་བོ་ཚོས་སྦི་རག་ཟེར་བ་ནི་དངོས་པོ་གང་ཞིག་ཡིན་མིན་ཡང་ཧ་མི་གོ་བ་ཡིན།ཧ་ལམ་འདིའི་སྐབས་ཀྱི་དུས་ཤིག་ཏུ་ངའི་ཡུལ་གྲོགས་ཤིག་གིས་གད་མོ་ཞིག་བསླངས་བ་སྟེ་ཡུལ་གྲོགས་དེས་སྦི་རག་ཅེས་པའི་ཆང་རིགས་ཤིག་ཡོད་པ་དེ་ཧ་ཅང་ཞིམ་པོ་ཡོད་པ་གོ་ཐོས་བྱུང་མྱོང་ཡོད་པས་སེམས་ནང་དུ་བྲོ་བ་ཞིག་ལྟ་འདོད་ཀྱི་འདུན་པ་འཆང་བཞིན་ཡོད།ཉིན་ཞིག་གཞུང་གཉེར་ཚོང་ཁང་ནང་དུ་ཆང་རིགས་འདི་འདྲ་འཚོང་གི་ཡོད་པ་མཐོང༌།ཁོང་གིས་ཤེལ་དམ་ཁ་ཤས་ཉོས་ནས་འཐུང་བས་དངོས་གནས་ར་སྦིར་ཙམ་བཟི་བའི་སྣང་བ་བྱུང༌།དེ་རྗེས་ཁོང་གི་ནང་ལ་ཡོང་མཁན་རྒྱ་ཡིག་ཤེས་པ་ཞིག་གིས་ཁོང་གིས་འཐུང་ཚར་བའི་ཤེལ་དམ་ལ་བལྟ་དུས།གཞི་ནས་ཧ་གོ་བར་ཁོང་གིས་འཐུང་བའི་སྤི་རག་དེ་པག་ནད་བཅོས་བྱེད་ཀྱི་སྨན་རག་ཅིག་ཡིན་པ་ལས་སྦི་རག་མིན་ཞིང༌།རྒྱ་སྐད་ནས་སྒྲ་མཚུངས་ཀྱི་མིང་ཡིན་པས་འཁྲུལ་བ་ཤེས།དེ་ནི་ཐོས་རྒྱ་ཆུང་བའི་ཚོང་པ་ཚོས་གསར་དུ་འབྱོར་བའི་དངོས་རྫས་གསར་པ་སྨན་རག་དེ་བཟའ་ཆའི་ཟོག་སྒྲོམ་སྟེང་བསྒྲིགས་བཞག་པ་ཡིན་པ་རང་ལས།ངའི་ཡུལ་གྲོགས་ཀྱིས་སྨན་རག་བཏུང་ནས་ར་བཟི་བའི་བཞད་གད་སློང་བར་ལེ་ཁག་ཅི་ཡང་མེད།
  བོད་ཀྱི་སྐྱེ་བོ་ཕོན་ཆེན་ཞིག་སྦི་རག་ལ་ཤིན་ཏུ་སྲེད་པ་ཡིན།སྦི་རག་ཚོང་པ་ཚོས་ཁྲོམ་ར་ཆེན་པོ་དེ་བཟུང་ནས་ཞིང་ཆེན་གཞན་གྱི་སྦི་རག་དང༌།ཕྱི་རྒྱལ་གྱི་སྦི་རག་གཅིག་མཇུག་གཉིས་མཐུད་དུ་བོད་ཀྱི་ཁྲོམ་ར་ཡོད་ཚད་དུ་སྐྱེལ་ཞིང༌།ཐ་ན་འགྲིམ་འགྲུལ་ཆེས་མི་བདེ་བའི་ས་ཆ་མངའ་རིས་ཀྱི་གྲོང་གསེབ་དུའང་ཟ་ཁང་གི་སྒོ་ཁར་ཤེལ་དམ་གྱི་རྩིག་པ་བརྩེགས་བཞག་འདུགགྲོང་ཁྱེར་ནང་དུ་ཆང་པ་མང་ཆེ་བས་ཆང་ཕོར་དབྱུག་ནས་སྦི་རག་ཤེལ་དམ་ལེན་པ་མ་ཟད།ར་བཟི་བ་འགའ་ཤས་ཤིག་གིས་སྦི་རག་ནི་ལྟོ་ཆས་ལས་སྣང་ཆེ་བར་བརྩི།ངས་བྲིས་པའི་དགོད་བྲོའི་གཏམ་གླེང་《བོད་ཀྱི་ཨང་དང་པོ་》ཞེས་པའི་ནང་སྐྱེ་བོ་ག་གེ་མོ་ཞིག་གིས་སྦི་རག་ཤོག་སྒམ་ལ་ཤེལ་དམ་ཉི་ཤུ་རྩ་བཞི་ཡོད་པ་གང་བཏུང་རྗེས་གཅིན་པ་ཐེངས་གཅིག་ཀྱང་མ་བཏང་བར་སྦག་སྦག་བཞོན་ནས་ཁྱིམ་དུ་ལོག་ཕྱིན་པ་རེད་ཟེར་གྱི་འདུགགལ་སྲིད་དགོད་གཏམ་འདི་དངོས་གནས་ཡིན་ན་སྐྱེ་བོ་དེ་ལྒང་བུག་ཆེ་ཤོས་ཀྱི་ཅི་ཉི་སིའི་ཟིན་ཐོར་བརྩོན་ལེན་བྱེད་ཆོགཅེས་བརྗོད།བཤད་སྲོལ་འདི་འུད་ཤོབ་ཆེ་གྲགས་པའི་དབང་དུ་བཏང་ན་དེ་ནས་ཕྱེད་ཀ་འཕྲི་ནས་རྩིས་རྒྱབ་ན་ནང་མ་སྤྲོ་སྐྱིད་ཁང་ནང་དུ་ཡོང་མཁན་སྐྱེ་བོ་ཁ་ཤས་ཀྱིས་ཤེལ་དམ་བཅུ་གཉིས་ཡོད་པའི་སྒམ་རེ་བཏུང་ནའང་ནང་མ་ཁང་གི་ཚོང་ནི་ཡག་པོ་ཡོད་པ་དང༌།ད་དུང་དེང་སང་མི་མང་ཆེ་བས་ལྕགས་ཀྲིན་ནང་གི་སྦི་རག་བཏུང་བ་མ་ཟད།ད་དུང་མི་མི་ཉུང་བས་པད་ཝེའེ་དང༌།ཞི་ལི་སོགས་སྦི་རག་རྩེ་གྲ་རྣམས་འཐུང་བ་ཡིན།ནང་མ་ཁང་ནང་དུ་སྦི་རག་ལ་སྒོར་བཅུ་ཡན་གྱི་གོང་ཚད་ཡིན་པས་ནང་མ་ཁང་གི་ཚོང་ནི་མི་དམན་པ་ཡིན་པ་འདི་ལས་ཤེས།དངུལ་ལོར་བསྡུ་བར་མཆོག་པའི་སྦི་རག་གི་ཚོང་ཕུད་ནང་མ་སྤྲོ་སྐྱིད་ཁང་ནང་དུ་ད་དུང་ཡོང་བབས་ཞིག་ཡོད་པ་ནི་ཁ་བཏགས་གི་ཚོང་རེད།སྐུ་མགྲོན་ཚོས་སོ་སོས་དགའ་བའི་འཁྲབ་སྟོན་པ་ལ་ཁ་བཏགས་མགྲོན་པ་ཕུད་ད་དུང་གཞས་གཏོང་གར་འཁྲབ་བྱེད་མཁན་གྱི་སོ་སོའི་གྲོགས་པོ་གྲོགས་མོ་ཚོར་ཁ་བཏགས་མགྲོན་གྱི་ཡོད།འདི་ལྟར་གྱི་ཁ་བཏགས་ཡང་ཡང་གཡོག་པ་ནི་ཁ་བཏགས་གིས་ཐོག་མའི་དྭངས་གཙང་སེམས་པ་མཚོན་པ་དང༌།བཀྲ་ཤིས་སྨོན་འདུན་ཞུ་བའི་ནང་དོན་སྦག་བཙོག་ཏུ་སོང་ཡང་སྦྱིན་བདག་ངོས་ནས་བརྗོད་ན་ག་ཚོད་མང་བ་གཡོག་ཀྱང་དེ་ཚོད་ཀྱིས་ཡག་པ་རང་རེད།
  ལྷ་སའི་ནང་མ་སྤྲོ་སྐྱིད་ཁང་ནི་སྐབས་གཅིག་རིང་སྐུ་མགྲོན་ཚོས་འཚང་ཁ་ཤིག་ཤིག་ངང་འགྲོ་སའི་གནས་ཤིག་ཡིན་ཞིང༌།དངོས་གནས་ནང་མ་སྤྲོ་སྐྱིད་ཁང་གིས་སྐྱེ་བོ་རྣམས་ཀྱི་དད་དགའ་འཛིན་ཐུབ་པ་རང་རེད།འོན་ཀྱང་མིག་སྔར་འཛད་སྤྱོད་པའི་ངོས་ནས་བརྗོད་ན་ནང་མ་སྤྲོ་སྐྱིད་ཁང་ནི་ཤིན་ཏུ་ཞིབ་བརྒྱུད་ཆེ་བ་ཆགས་པ་དང༌།དེར་དཔེ་གསར་གྱི་རྣམ་པ་སྟོན་ནས་སྐུ་མགྲོན་གྱི་བློ་བཀུག་ཐུབ་པའི་ནུས་པ་མེད་པ་ཆགས་ཟིན།རྒྱུ་མཚན་གཙོ་བོ་ནི་འཁྲབ་སྟོན་ལེ་ཚན་འཆར་ཅན་ཆགས་ནས་དཔེ་གསར་མེད་པ་དང༌།ནང་མའི་ནང་གི་ལས་ཀ་བྱེད་མཁན་ཚོའི་བྱང་ཚད་གོང་མཐོར་གཏོང་མི་ཐུབ་པ།ལྷག་པར་དུ་གཙོ་སྐྱོང་པ་ནི་ལེའུ་ཤོད་མཁན་ཙམ་ལས་ཤེས་བྱ་ཁྱབ་གདལ་དང༌།འཁྲུག་པོ་བཟོ་ཐུབ་པ།བསྟན་བཤིག་སློང་ཐུབ་པ་སོགས་ཀྱི་ནུས་པ་ཐོན་མི་ཐུབ།ནང་མ་སྤྲོ་སྐྱིད་ཁང་གི་རིག་གནས་ཀྱི་འདིང་ཤུགས་ཧ་ཅང་ཆེ་བར་གནས།གལ་སྲིད་ད་ཡོད་ཀྱི་རྨང་གཞིའི་སྟེང་དུ་གསར་གཏོད་ཆེ་ཙམ་བྱེད་ཐུབ་ན་དེ་ནི་མི་རིགས་ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་ཀྱི་དགའ་ཚལ་ཞིག་ཏུ་གྱུར་རྒྱུར་གོར་མི་ཆགས།   །
 
·གསར་འགྱུར་གོང་མ:བསྟན་པ་དག་ཐེར་ཡོང་བའི་རེ་འདུན།
·གསར་འགྱུར་འོག་མ:དུས་རབས་ཉེར་གཅིག་པའི་སྙིང་གཏམ་ཆ་ཚང་།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ལྷ་སའི་ཞོ་སྟོན་གྱི་བྱུང་རབས་ངོ་སྤྲོད། 2010/8/8 11:52:35
·འཛམ་གླིང་སྤྱི་བསང་གི་བྱུང་ཚུལ། 2010/6/24 23:28:12
·བོད་ཀྱི་རླུང་རྟ་(ཀླུང་རྟ་)འཛུགས་སྲོལ་སྐོར། 2010/5/5 8:50:07
·ཤོ་རྩེད་སྐོར་གླེང་བ། 2010/3/17 22:39:25
·རྩེད་འཇོའི་རོལ་རྩེད་ཀྱི་ཁྱད་ཆོས། 2010/2/25 14:52:16
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:49:16 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 19:22:27 [来自: 112.5.248.229]

 评论者:izyaXyHG
https://www.bj-arts.com/index/cate/cid/3.html
https://www.bj-arts.com/index/cate/cid/4.html
https://www.bj-arts.com/index/cate/cid/5.html
https://www.bj-arts.com/index/cate/cid/6.html
https://www.bj-arts.com/index/cate/cid/7.html
发表时间:2018/11/13 8:51:35 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།20.51MS