ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> གསར་མེ
  གསར་འགྱུར་ཀློག་པ།

ཆོས་སྟོན་རིག་འཕྲུལ་འདུ་འགོད།

[རྩོམ་པ་པོ:འཇིགས་མེད་བློ་གྲོས་རྒྱལ་མཚན།  ཡོང་ཁུངས:ངེད་་དྲ་བ།  དུས་ཚོད:2011/6/6 15:33:08  བཀླགས་ཐེངས:1270][ཡིག་གཟུགས:ཡིག་གཟུགས་མདོག]
ཆོས་སྟོན་ལ་ཕེབས་རོགས། 
 
 
 
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
 
    ཤ་རུས་གདུང་རྒྱུད་གཅིག་ཏུ་འབྲེལ་ཞིང་། འཇིག་རྟེན་གྱི་འདྲེན་པ་ཆེན་པོ་༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཚོམ་བུ་གཅིག་ཏུ་སྨིན་པར་མཛད་པའི་ཆོས་གྲོགས་རྣམ་པ། ཁོ་བོ་འཇིགས་མེད་བློ་གྲོས་རྒྱལ་མཚན་མིང་ཅན་གྱིས་ལོ་སྔོན་མའི་ཕྱི་ཟླ་དྲུག་པ་ཙམ་ནས་མགོ་བཙུགས་ཏེ་ཁ་སང་གི་བར། ཉིན་མཚན་ལྷོད་མེད་ཀྱི་བརྩོན་པ་ཆེན་པོས་སྔ་འགྱུར་རྒྱུད་འབུམ་ཆེན་མོར་དཀར་ཆག་ཤིན་ཏུ་རྒྱས་པ། དེབ་ཆེ་ཚད་ཀྱི་ཤོག་ངོས་བརྒྱད་བརྒྱར་ལོངས་པའི་ཚད་ཙམ་ཞིག་ལེགས་པར་བྲིས་ཏེ་མཇུག་གྲུབ་པ་ཡིན་ཞིང་། སྤྱིར་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེ་ལ་རིག་འཛིན་འཇིགས་མེད་གླིང་པས་མཛད་པའི་དཀར་ཆག་འཛམ་གླིང་མཐའ་གྲུ་ཁྱབ་པའི་རྒྱན་དང་། དགེ་རྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་མཛད་པའི་རྒྱུད་འབུམ་རིན་པོ་ཆེའི་རྟོགས་པ་བརྗོད་པ་ལྷའི་རྔ་བོ་ཆེ་ལྟ་བུའི་གཏམ་དང་། དུས་ཕྱིས་མི་ཉག་ཐུབ་བསྟན་ཆོས་དར་གྱིས་བརྩམས་པའི་རྙིང་མ་རྒྱུད་འབུམ་གྱི་དཀར་ཆག་གསལ་བའི་མེ་ལོང་རྣམས་བཞུགས་ཀྱང་། ཀུན་མཁྱེན་འཇིགས་མེད་གླིང་པས་མཛད་པའི་དཀར་ཆག་ནི། བདེ་བར་གཤེགས་པའི་བསྟན་པ་སྤྱི་དང་། བྱེ་བྲག་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བྱུང་བ་རིག་འཛིན་བརྒྱུད་པ་དང་བཅས་པའི་ལོ་རྒྱུས་བཞུགས་པས་རྙིང་རྒྱུད་སྤྱིའི་ཆོས་འབྱུང་གི་ཆ་ལག་ཏུ་གྱུར་པ་ལས། གླེགས་བམ་གྱི་བཞུགས་བྱང་ནི་འཇིགས་མེད་གླིང་པ་རང་གིས་བཞེངས་པའི་རྒྱུད་འབུམ་གྱི་དཀར་ཆག་ཡིན་པས་ད་ཡོད་རྒྱུད་འབུམ་རྣམས་ཀྱི་དཀར་ཆག་ཏུ་བཀོལ་མི་བཏུབ་ཅིང་། དགེ་རྩེའི་རྙིང་རྒྱུད་དཀར་ཆག་ནི་སྡེ་དགེའི་རྒྱུད་འབུམ་གྱི་དཀར་ཆག་ཡིན་ཡང་། གཙོ་བོ་ཆོས་ཀྱི་བྱུང་བ་སྤྱིའི་ལོ་རྒྱུས་རྒྱ་ཆེ་ཞིང་རྒྱས་པར་བྱུང་བ་ལས། གླེགས་བམ་སོ་སོའི་དཀར་ཆག་ཧ་ཅང་བསྡུས་ཆེ་ཞིང་། མདོར་བསྡུས་སུ་བཞུགས་པ་དེ་ཡང་རྒྱུད་འབུམ་རང་གི་གླེགས་བམ་རེ་རེ་དང་གཏུགས་སྐབས་ལེའུའི་གྲངས་དང་། འགྱུར་བྱང་སོགས་མི་འདྲ་བས་མ་བུ་ངོ་སྤྲོད་བྱེད་མི་ཐུབ་ས་ཤིན་ཏུ་མང་བ་དང་། མི་ཉག་དཀར་ཆག་ཀྱང་གོང་ལྟར་བསྡུས་ཆེ་བའི་ཁར་ཅིས་ཀྱང་དགོས་པའི་དོན་མང་པོར་མཐའ་མ་བཅད་ཅིང་། མགོ་མཇུག་ཀུན་ཏུ་ནོར་ཡོད་ས་ཡང་ཧ་ཅང་མང་བས། འདིར་དོན་གཉེར་ཅན་རྣམས་ལ་ཕན་པ་དང་། མ་འོངས་པའི་བསྟན་རྒྱུན་ལ་ངེས་པར་མཁོ་ཞིང་མེད་དུ་མི་རུང་བར་མཐོང་ནས། ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱི་སྤྱན་སྔར་ཅི་འབྱོར་གྱི་མཆོད་པ་དང༌། བསྐང་བཤགས་བསྟོད་གསོལ་སོགས་སྔོན་དུ་བཏང་སྟེ། ཡོ་ག་སོ་སོའི་རྒྱུད་སྡེའི་བཞུགས་ཚུལ་དང་། ཞུ་དག་ཁུངས་ཕེར་སོགས་ཕྱོགས་གང་ཐད་ནས་སྡེ་དགེ་ལྷུན་གྲུབ་སྟེང་དུ་བཞུགས་པའི་རྒྱུད་འབུམ་འདི་ཁོ་ན་གཞན་ལས་འཕགས་པས། འདི་ཉིད་གཞིར་བཟུང་ནས་དཀར་ཆག་འབྲི་བའི་བརྟུལ་ཞུགས་དང་དུ་བླངས་པ་ཡིན།
སྤྱིར་དཀར་ཆག་འདི་ཡང་ཕྲན་གྱིས་ལོ་མང་པོའི་སྔོན་ནས་འབྲི་བཞིན་པའི་༼རང་བཞིན་རྫོགས་པ་ཆེན་པོའི་ཆོས་འབྱུང་མདོ་རྒྱུད་བསྟན་བཅོས་བཀའ་གཏེར་དག་སྣང་གི་ཐེམ་བྱང་ཆེན་མོ་ ༽ཞེས་བྱ་བའི་ཆ་ཤས་ཤིག་ཡིན་རུང་། དོན་གཉེར་ཅན་རྣམས་ཀྱི་ཉེར་མཁོའི་ཆེད་དུ་གནས་སྐབས་སུ་དེབ་ཧྲིལ་པོ་གཅིག་ལྟ་བུར་མགོ་མཇུག་ཚང་བ་ཞིག་བྱས་ནས་བྲིས་ཡོད། རྒྱུད་འབུམ་གྱི་དཀར་ཆག་འདི་ཉིད་འབྲི་སྐབས་མ་ཕྱི་མཚལ་དཔར་ཡིན་པ་དང་། ཡི་གེ་མི་གསལ་བ་སོགས་ཀྱིས་ཚེ་གཅིག་ལ་བརྗེད་དཀའ་བའི་དཀའ་ལས་ཤིག་རྒྱག་དགོས་བྱུང་བར་བརྟེན། མཇུག་ལེགས་པར་གྲུབ་རྗེས་ཆོས་སྟོན་ཕྲན་བུ་ཞིག་བྱེད་འདོད་པ་ཡིན་ཞིང་། དེ་ཡང་དེ་རིང་ཕྱི་ཟླ་༦པའི་ཚེས་༥ཉིན་ནི་ཁོ་བོའི་འདུན་གྲོགས་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོ་ལགས་ཀྱི་སྐྱེས་སྐར་གྱི་ཉིན་ཡིན་པས། ཁོ་བོ་འབྱོར་བས་དམན་པའི་ཐོས་བསམ་པ་དཀྱུས་མ་ཞིག་ལ་གསེར་དངུལ་ཕ་ལམ་སོགས་ཀྱི་ལེགས་སྐྱེས་འབུལ་རྒྱུ་མེད་པར་བརྟེན། རང་གི་ཤེས་རབ་ཀྱི་ལག་རྗེས་ལས་བྱུང་བའི་དམ་པ་ཆོས་ཀྱི་གྲུབ་འབྲས་འདི་ཉིད། ཁོ་མོའི་བསོད་ནམས་གོང་དུ་འཕེལ་བའི་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་འབུལ་ཆེད་ཆོས་སྟོན་ཡང་ཁོ་མོའི་སྐྱེས་སྐར་གྱི་ཉི་མ་འདི་དང་ཁེལ་བར་བྱས་ཏེ། དེ་རིང་ཕྱི་ཚེས་༤རེས་གཟའ་སྤེན་པའི་ཉིན་མཇུག་ཡོངས་སུ་རྫོགས་པར་བྲིས་པ་ཡིན།
འོན་ཀྱང་ཕྲན་བུ་རང་ནི་ཁ་པར་དང་གནམ་ཀླད་སོགས་ཀྱི་བརྒྱུད་ལམ་ཙམ་མ་གཏོགས། ལོ་ཧྲིལ་པོ་གཅིག་གི་རིང་བོད་རིགས་སྤུན་ཟླ་རྡོག་གཅིག་དང་ཐུག་དཀའ་བའི་ཨ་རིའི་ས་དཀྱོག་ལུང་ཁུག་ཅིག་ཏུ་སྒུར་བསྡད་ཡོད་པས། རིགས་པའི་གྲོགས་པོ་རྣམས་དང་ཆོས་སྟོན་མཉམ་དུ་འཇོག་ཐབས་མེད་པར་བརྟེན། ཕྲན་སྒེར་གྱི་དྲ་རྒྱ་ http://lightof-wisdom.blogspot.com དང་། ངོ་དེབ་ http://www.facebook.com/#!/profile.php?id=100002059112077 ཕྲན་དང་འབྲེལ་བ་ཡོད་པའི་དྲ་རྒྱ་ http:// www.amahoweb.org བཅས་ཀྱི་ཐོག་ཏུ་ཆོས་གྲོགས་རྣམས་གདན་ཞུ་བྱས་ཏེ་དྲ་ལམ་གྱི་ཆོས་སྟོན་འཇོག་རྒྱུ་ལས་ཐབས་གཞན་མེད་ཅིང་། དེ་ཡང་དཀའ་ལས་བྱས་པའི་གྲུབ་འབྲས་རྣམས་ཁྱེད་རྣམས་ཀྱི་སྤྱན་སྔར་བཀོད་དེ། སུ་ལ་མཁོ་ཡང་འདིར་ཕེབས་ནས་རིན་མེད་དུ་བཞེས་རོགས་གནང་ཞུ་བ་ཙམ་ལས་གཞན་ཅི་བྱ་མི་འདུག་ལགས།
ཞོར་དུ་ཞུ་རྒྱུ་ཞིག་ལ། ཕྲན་གྱི་གློག་འཕྲིན་ཁ་བྱང་རྙིང་པ་བེད་མེད་དུ་གྱུར་ནས་ཡུན་རིང་འགོར་ཟིན་སྟབས། རྒྱལ་ཕྱི་ནང་དུ་བཞུགས་པའི་རིགས་པའི་གྲོགས་པོ་མང་དག་ཅིག་གིས་ཡིག་འབྲེལ་གནང་ཡང་། ཡིག་ལན་ཕུལ་མ་སོང་དགོངས་བཞིན་ཡོད་སྐད་འདུག་པས། ཕྲན་ལ་ཡིག་འབྲེལ་གནང་འདོད་ཡོད་མཁན་རྣམས་ཀྱིས་གློག་འཕྲིན་ཁ་བྱང་འདིའི་ yeshede_bci@yahoo.com ཐོག་ནས་འབྲེལ་བ་གནང་རོགས་ཞུ་བ་ལགས།
སླར་རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་མཛད་པའི་མཐར། དེར་ནི་རིང་དུ་འབད་ལས་ཚོགས་གཉིས་ནི།། མཁའ་ལྟར་ཡངས་པ་གང་ཞིག་བསགས་པ་དེས།། བློ་མིག་མ་རིག་གིས་ལྡོངས་འགྲོ་བ་རྣམས།། རྣམ་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག། ཅེས་སོགས་ཀྱི་ཐུགས་སྨོན་མཛད་པའི་རྗེས་སུ་འབྲངས་ཏེ། འདིར་ཡང་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་དཀར་ཆག་ལེགས་པར་གྲུབ་པའི་ཆོས་སྟོན་དུ་སྨོན་པ་ནི།
ཨོཾ་སྭ་སྟི། སྐྱེས་སྦྱངས་ཤེས་རབ་སྤོབས་པའི་རྒྱ་མཚོ་ལས།།
ཤུགས་དྲག་བརྩེ་བས་འཕྱུར་བའི་རྦ་རླབས་འདིས།།
མཚན་འཛིན་བྱེ་མའི་ཁང་བུ་རབ་བཅོམ་ནས།།
གཉིས་སྣང་འཁྲུལ་བའི་གདུང་བ་འཕྲོག་གྱུར་ཅིག།
ཐུགས་རྗེ་དྲི་མེད་འོད་ཟེར་སྟོང་འབར་བ།།
ཀློང་ཆེན་རབ་འབྱམས་རྒྱལ་པོའི་དགོངས་པ་ཡི།།
སྒོམ་པ་མཁྱེན་བརྩེའི་འོད་ཀྱིས་ས་གསུམ་གསལ།།
རྒྱལ་བའི་མྱུ་གུའི་སྤྱོད་ལ་གནས་པར་ཤོག།
མདོ་རྒྱུད་མན་ངག་རྒྱ་མཚོའི་ཕ་རོལ་ཏུ།།
ཐོས་བརྩོན་ཤེས་རབ་གཟིངས་ཀྱིས་རབ་བརྒལ་ཏེ།།
འོད་གསལ་ཐེག་པ་མཆོག་གི་སེང་གེའི་སྒྲ།
འཇིགས་བྲལ་རྒྱུན་མི་ཆད་པར་སྒྲོག་གྱུར་ཅིག།
སྣང་སྲིད་གདོད་ནས་ཡེ་དག་རྒྱལ་བའི་སྐུ།།
དོན་དམ་མཉམ་པ་ཆེན་པོའི་ཕྱག་རྒྱ་རུ།།
དབྱེར་མེད་སྒྱུ་འཕྲུལ་དྲྭ་བའི་ལམ་གྱི་གསེང་།།
འགྲོ་བ་ཀུན་གྱི་སྙིང་ལ་གནས་གྱུར་ཅིག།
ཕུང་པོ་ཁམས་དང་དབང་ཡུལ་རྟོག་པའི་ཚོགས།།
བདེ་གཤེགས་ཞི་ཁྲོ་སེམས་དཔའི་སྐུར་རྫོགས་པ།།
གདན་གསུམ་རྒྱལ་བ་དགྱེས་པའི་དཀྱིལ་འཁོར་ཆེ།།
རྒྱུད་ལྔར་འཕྱན་པའི་འགྲོ་ལ་མངོན་གྱུར་ཅིག།
གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལས།།
དོན་བརྒྱུད་རྟོགས་པ་འཕོས་པའི་བྱིན་རླབས་ཀྱིས།།
རྩོལ་མེད་རང་བྱུང་ལྷུན་གྲུབ་རིག་པའི་གཤིས།།
སྒྲིབ་བྲལ་རྗེན་པའི་རང་ངོ་མཐོང་གྱུར་ཅིག།
གང་དུ་བཅོམ་ལྡན་འདས་པའི་དཀྱིལ་འཁོར་དུ།།
རང་སྣང་ཞི་ཁྲོའི་འཁོར་ལ་དབང་བསྒྱུར་བ།།
འོག་མིན་ལྷུན་གྲུབ་ཆེན་པོའི་རྒྱལ་ཐབས་ཀྱི།།
ཀུན་བཟང་རྒྱལ་པོའི་ཁྲི་ལ་དབང་བསྒྱུར་ཤོག།
རྒྱལ་བསྟན་དྲི་མེད་དར་ཞིང་ཡུན་དུ་གནས།།
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་འཕེལ།།
མ་ལུས་སྐྱེ་དགུ་བདེ་དགའི་དཔལ་གྱིས་འཚོ།།
ཡངས་པའི་འཇིག་རྟེན་ཀུན་ཏུ་ཤིས་གྱུར་ཅིག།
ཅེས་ཕྲན་འཇིགས་མེད་བློ་གྲོས་རྒྱལ་མཚན་ནམ་མིང་གཞན་སློབ་དཔོན་སྣ་ཚོགས་གཟུགས་ཅན་དུ་འབོད་པས་ཕྱི་ལོ་༢༠༡༡ཟླ་༦ཚེས་༤ཉིན་ཕུལ་བ་དགེ་ལེགས་འཕེལ།། །།
ཡེ་ཤེས་ཀྱིས་སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ ལ་ གསལ་བསྒྲགས་​ཀྱི་གྲས་སུ་བཀོད། |
ཆོས་སྟོན་ལ་ཕེབས་རོགས་ཞེས་པའི་སྐོར་ལ་མཆན་ ༡༢ བཀོད་འདུག
  1. ༡༽ དཔལ་དགྱེས་པ་རྡོ་རྗེ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༡༩ སྐར་མ་ ༣༩
༄༅། །ཆོས་རིག་དགྱེས་པའི་དགའ་སྟོན་གྱི་སྨོན་ཚིག་
         ཙིཏྟ་མ་ཎིའི་མཆོད་སྤྲིན་ཞེས་བྱ་བ་
               བཞུགས་སོ༎
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ས་ཏྭ་ཡེ། །

སངས་རྒྱས་ཡེ་ཤེས་བསྟན་པའི་སྙིང་པོ་མཆོག །
འཇིགས་མེད་བློ་གྲོས་དཔལ་ལས་ལེགས་བསྐྲུན་པའི། །
སྔ་འགྱུར་བསྟན་པའི་རྒྱལ་མཚན་རིན་པོ་ཆེ། །
འཛིན་སྐྱོང་སྤེལ་བའི་སློབ་དཔོན་རྒྱལ་གྱུར་ཅིག །

བསྐལ་མང་ཚོགས་བསགས་བསོད་ནམས་སྤྲིན་ཆེན་ལས། །
འཁོར་འདས་སྨིན་གྲོལ་ཡེ་ཤེས་གཏེར་ཆེན་པོ། །
གསང་ཆེན་ཆར་དུ་འཇོ་བའི་ཆོས་ཀྱི་རྒྱལ། །
མཁྱེན་བརྩེ་ནུས་ལྡན་འཛམ་གླིང་རྒྱན་དུ་གསལ། །

ཕྱོགས་དུས་རྒྱལ་ཀུན་སྲས་བཅས་དགོངས་པའི་འཐིལ། །
ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །
བཤད་དང་སྒྲུབ་པར་ཕྲིན་ལས་རྨད་བྱུང་བའི། །
ངེས་ཤེས་སྒྲོན་མེའི་བཙུན་མོ་རབ་ཏུ་མཛེས། །

ཁྱད་པར་མཉམ་མེད་སྔ་འགྱུར་བསྟན་པའི་ཆོས། །
ཁྱད་ཆོས་དྲུག་ལྡན་ཀུན་བཟང་དགོངས་པའི་རྩལ། །
ཁྱད་དུ་འཕགས་པའི་ཡིད་བཞིན་ནོར་བུའི་མཛོད། །
ཐེག་རྩེ་དམ་པའི་གླང་ཆེན་རྩལ་དྲུག་ལྡན། །

བཀའ་དྲིན་མཉམ་མེད་མཁན་སློབ་ཆོས་རྒྱལ་དང་། །
སྤྲུལ་བའི་ལོ་པན་དམ་པའི་རྣམ་ཐར་མཆོག །
རྩ་གསུམ་ཆོས་སྐྱོང་སྲུང་མའི་བྱིན་རླབས་ཀྱིས། །
ཀུན་བཟང་ཞིང་ཁམས་བགྲོད་པའི་རྟ་མཆོག་ལགས། །

ཐུབ་བསྟན་མདོ་སྔགས་ཡོངས་ཀྱི་ཕྱི་མོ་ཆེ། །
བཀའ་གཏེར་རིག་འཛིན་བརྒྱུད་པའི་མན་ངག་མཆོག །
གངས་ལྗོངས་བསྟན་པའི་སྙིང་ནོར་ནང་རྒྱུད་ཀྱི། །
གསང་ཆེན་བསྟན་པ་སྐྱོང་བའི་དམག་དཔོན་རྒྱལ། །

ཡང་ཟབ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །
ཐུན་མིན་མན་ངག་གསང་བའི་ལམ་བཟང་ལས། །
འཇའ་ལུས་ཆོས་སྐུར་སྟོན་པའི་ངོ་མཚར་ཅན། །
ལྟ་སྒོམ་སྤེལ་བའི་བློན་པོ་རྡོ་རྗེ་འཆང་། །

རྒྱལ་ཀུན་གསང་གསུམ་སྒྱུ་འཕྲུལ་དྲ་བའི་གར། །
ཕན་བདེའི་འོད་གསལ་སྙིང་པོའི་བསྟན་པ་ཉིད། །
མི་ནུབ་ཆོས་ཀྱི་རྒྱལ་མཚན་ལེགས་པར་བསྒྲེངས། །
ཕྱོགས་དུས་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །
ཅེས་པ་འདི་ནི་ཐུབ་བསྟན་མདོ་སྔགས་ཡོངས་ཀྱི་ཕྱི་མོ་དཔལ་རྒྱལ་བ་སྔ་འགྱུར་རྙིང་མའི་རྒྱུད་འབུམ་གྱི་དཀར་ཆག་ཁ་གསལ་ལ་རྒྱས་པ་ཞིག་༧སྐྱབས་རྗེ་དམ་པ་འཇིགས་མེད་བློ་གྲོས་རྒྱལ་མཚན་གྱིས་ལྟ་སྒོམ་རྣམ་པར་དག་པས་རྒྱལ་ཀུན་དགྱེས་པའི་མཆོད་སྤྲིན་དང་། སྐལ་ལྡན་འཇུག་པའི་ལམ་བཟང་གི་ལྡེའུ་མིག་ལྟ་བུ་ཞིག་བརྩམས་པའི་ཕྲིན་ལས་རླབས་པོ་ཆེའི་མཛད་བཟང་གི་ཆོས་སྟོན་ལ་ཡི་རང་དང་དུས་སྟོན་གྱི་རྟེན་འབྲེལ་ལ་སྨོན་ཚིག་ཏུ་རྒྱལ་བསྟན་ལ་ལྷག་བསམ་དཀར་བ་དཔལ་དགྱེས་པ་རྡོ་རྗེས་ཝ་ཡེལ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁང་ནས་ཤར་མར་བྲིས་པ་དགེ་ལེགས་འཕེལ། །
  1. ༢༽ གཙང་རིགས་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༢༠ སྐར་མ་ ༣༤
སྐུ་ཉིད་ཀྱིས་སྔ་འགྱུར་རྒྱུད་འབུམ་ཆེན་མོའི་དཀར་ཆག་ལེགས་པར་གྲུབ་པ་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
  1. ༣༽ པདྨ་གེ་སར་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༢༢ སྐར་མ་ ༢༣
ཨོཾ་སྭ་སྟི། །
ཚོགས་བསགས་ཟབ་རྒྱས་དཔལ་ཡོན་ལས།།
དམ་ཆོས་བདུད་རྩིའི་ཆར་རྒྱུན་འཇོ། །
ཉེ་འཚོའི་འགྲོ་ཁམས་སྨིན་མཛད་པ། །
སློབ་དཔོན་སྣ་ཚོགས་གཟུགས་ཅན་རྒྱལ། །
སྐུ་གཟུགས་ཆུ་གཏེར་དབང་པོ་གསལ། །
གསུང་དབྱངས་རྒྱུད་འབུམ་འོད་དཀར་སྤྲོ། །
ཐུགས་རྗེ་་མུན་སེལ་མཚན་མོའི་མགོན། །
འགྲོ་བློའི་ཀུ་མུད་གེ་སར་འགྱེད། །
མང་ཐོས་རྒྱུད་ཀྱིས་མཚན་དཔེས་བརྒྱན། །
བྱམས་བརྩེ་འོད་དཀར་འབུམ་འཁྱུད་པའི། །
མཛད་བཟང་བསམ་སྤྱོད་ཡུལ་ལས་འདས། །
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ། །
ཁྱད་པར་པདྨ་གེ་སར་ལས། །
ཡ་མཚན་མཚོ་སྐྱེས་རྒྱལ་བའི་བསྟན། །
བཤད་སྒྲུབ་འཁོར་ལོའི་རྟ་བདུན་དབང་། །
འཛམ་གླིང་མཛེས་པའི་རྒྱན་དུ་ཤོག །
པདྨ་གེ་སར་ནས
  1. ༤༽ དཀོན་མཆོག་ཚེ་བརྟན་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༤ གི་ཆུ་ཚོད་ ༢༣ སྐར་མ་ ༢༤
བཀྲ་ཤིས་བདེ་ལེགས་ཞུ །
  1. ༥༽ གཞིས་བོད་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༤ སྐར་མ་ ༤༥
དཀར་ཆག་གྲུབ་པར་རྟེན་འབྲེལ་ཞུ་ཞིང་། སྐུ་ཉིད་ལའང་རྟེན་འབྲེལ་ཞུ། དེར་མ་ཟད་ཉིད་ཀྱི་བདག་མོའི་སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
  1. ༦༽ གཅན་བཟོད་རྒྱམ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༤ སྐར་མ་ ༤༩
སློབ་དཔོན་ཆེན་པོའི་ཐུགས་ཀྱི་སྲས།།
འཇིགས་པ་མེད་པ་སྙིང་སྟོབས་ཅན།།
བློ་གྲོས་ཆུ་གཏེར་ཆེན་པོ་ལས།།
ཆོས་ཀྱི་རྒྱལ་མཚན་ལེགས་པར་ཚུགས།།
  1. ༧༽ སློབ་དཔོན་ཀརྡོ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༨ སྐར་མ་ ༤༢
འཇིགས་མེད་བགད་རྒྱང་སངས་རྒྱས་ཆོས། །
བློ་གྲོས་བློ་ལས་ཡང་བསྐྱར་འཕྱུར། །
རྒྱལ་མཚན་དཀར་པོ་སྒྲེང་མཛད་པ། །
སློབ་དཔོན་སྣ་ཚོགས་གཟུགས་ཅན་རྒྱལ། །
  1. ༨༽ འབྲོང་ངུར་བསྟན་འཛིན་ལམ་བཟང་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༤ སྐར་མ་ ༡༩
རྒྱལ་བའི་མན་ངག་མཐར་ཐུག་རྫོགས་པ་ཆེ། །
རྒྱལ་བློན་སེམས་དཔའི་དུ་མའི་བཀའ་དྲིན་ལས། །
རྒྱལ་ཁམས་གངས་རིའི་གཉེན་དུ་ཤར་བ་ཡང་། །
དེར་འདིར་མངོན་པར་གསལ་བར་སྙིང་ནས་བསྟོད། །
སྣ་ཚོགས་ཚུལ་འཛིན་སློབ་དཔོན་དམ་པ་ལ། །
ལེགས་བྱས་ལེགས་སོ་བརྗོད་པའི་ཚིག་སྦྱོར་ཞིག །
རྒྱང་རིང་འཕགས་པའི་ཡུལ་ནས་འབུལ་བ་དང་། །
ད་དུང་བསྟན་འགྲོའི་དོན་ཆེན་སྒྲུབ་པར་སྐུལ། །
  1. ༩༽ སྔ་འགྱུར་བ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༤ སྐར་མ་ ༣༡
ཐུགས་རྗེ་ཆེ་ལགས།
  1. ༡༠༽ རྫ་ཚེ་རིང་བཀྲ་ཤིས་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༤ སྐར་མ་ ༣༦
གང་དག་སྲིད་པའི་འཇིགས་པ་འཕྲོག་སླད་མངོན་པར་ཆས་པའི་དཔལ་གྱི་བདུད་རྩི་མཚུངས་པ་མེདཅིང་ཆེ་བ་གང་ཡིན་དང་། །
གང་ཞིག་སྲིད་ན་མངོན་མཐོའི་གྲགས་འབར་མཐོ་རིས་སྟོང་གི་སྲིད་ལས་འདས་པའི་མི་དབང་མཆོག་གི་རྒྱལ་སྲིད་གང་ཡིན་ཏེ། །
ས་ཡི་སྟེང་གི་མུན་པ་འཇོམས་བྱེད་དམ་ཆོས་ཉི་མ་ཕྱོགས་ཀྱི་འཁོར་ལོའི་དབང་པོ་རྨད་དུ་བྱུང་བ་དེ་དང་དེའི། །
མངོན་་འཕགས་ཡོན་ཏན་ཇི་ལྟར་དྲན་པ་དེ་ལྟར་དེ་ཡི་འཇིངས་སུ་བག་ཡངས་རྒྱུ་བའི་སྐྱེ་བུའི་ཁྱུ་མཆོག་ལ་ཡང་ངོ་། །
  1. ༡༡༽ བོད། ལྷ་ཀླུ་གཉན་གསུམ་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༥ སྐར་མ་ ༠༠
མི་ཟས་ཟས་ནས་ཟས་རིན་འཇོག་པ་དང་།།
བོད་ལ་སྐྱེ་བའི་དོན་གོ་ཡོད་པ་འདི།།
རང་གི་རིགས་ལ་སྲུ་ཞུ་གང་བྱས་པ།།
བསྐལ་བའི་བར་དུ་གསེར་གྱི་རྡོ་རིང་ཡིན།།
ཉིད་ཀྱིས་སྐུ་ཚེགས་ངལ་ལས་ལེགས་ཐོན་པའི།།
ནང་བའི་བསྟན་ལ་དཀར་ཐིགས་ཙམ་ཕུལ་བ།།
རྗེས་མཇུག་སློབ་བུའི་གདམས་པར་གྱུར་འགྲོ་ན།།
ཚོགས་བསགས་དེ་ནི་སྲིད་པའི་བར་དུ་ཡོད།།
ཚེ་ཡི་གྲོགས་མོའི་སྐྱེ་སྐར་སླེབས་པ་དང་།།
ཉིད་ཀྱི་ལག་རྗེས་བཞག་པའི་སྔ་གཞུག་དེར།།
ཕྱི་ཡི་གཟུགས་འདི་ཁྱེད་དྲུང་མ་སླེབས་ཀྱང་།།
ཐག་རིང་ཞིག་ནས་ཁ་གཡང་སྨོན་འདུན་ཡོད།།
  1. ༡༢༽ BONPO ནས། འ
    སྤྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༥ གི་ཆུ་ཚོད་ ༡༥ སྐར་མ་ ༡༢
སློབ་དཔོན་མཚན་ཅན་འཇིགས་པ་མེད་པ་ཡིས། བློ་གྲོས་ཐོག་མེད་ཆོས་ཀྱི་རྒྱལ་མཚན་འགྲེང། སྔ་འགྱུར་རྒྱུད་འབུམ་གསལ་བར་བྱེད་པ་ཁྱེད། དུས་རྣམས་ཀུན་ཏུ་བཀྲ་ཤིས་བདེ་ལེགས་ཤོག། །
 
·གསར་འགྱུར་གོང་མ:ཆོས་གྲོགས་དྲྭ་བའི་གསལ་བརྡ།
·གསར་འགྱུར་འོག་མ:ཤེས་བྱ་ཀུན་འདུས་ཀྱི་༼བོད་ཡིག་མིང་མཛོད་ཆེན་མོ་༽འགྲེམ་སྤེལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·ཨེ་ཝྃ་ཆོས་སྨན་གླིང་གི་ཡིག་རྒྱུགས་གཉིས་པ་ལེགས་གྲུབ། ། 2012/3/9 21:13:21
·གླིང་སྲས་དྲྭ་ཚིཊ་དྲྭ་ལམ་དུ་སྤེལ་བར་རྟེན་འབྲེལ་ཞུ། 2012/3/8 14:39:04
·སྔ་འགྱུར་རྙིང་མ་པའི་དབུ་འཛིན་ཁྲི་རབས་དྲུག་པ་ཞལ་བཞེས་བྱུང་བ། 2012/3/8 12:40:57
·བོད་ཀྱི་སྐད་ཡིག་སློབ་གསོའི་གླེང་དེབ་༼སྒྲོན་མེ་འགྲེམ་སྤེལ་བྱས་པ། 2012/3/6 13:51:38
·རྒྱལ་ཡོངས༼སྨོན་ལམ་བུམ་པ་སློབ་ཆེན་སློབ་མའི་རྩོམ་ཡིག་འགྲན་བརྡ། 2012/3/6 13:40:44
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 8:11:20 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:05:57 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:28:04 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 59 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS