ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཉེར་མཁོ
  གསར་འགྱུར་ཀློག་པ།

བོད་ཀྱི་སྲོལ་རྒྱུན་གནམ་གཤིས་བརྟག་ཐབས་

[རྩོམ་པ་པོ:མི་གསལ།  ཡོང་ཁུངས:དཐར་ཐོག  དུས་ཚོད:2011/6/17 8:39:33  བཀླགས་ཐེངས:1197][ཡིག་གཟུགས:ཡིག་གཟུགས་མདོག]

བོད་ཀྱི་སྲོལ་རྒྱུན་གནམ་གཤིས་བརྟག་ཐབས་

ངོ་སྤྲོད་ཉིང་བསྡུས།

 
   འུ་ཅག་ཁ་བ་རི་བའི་སྔོན་བྱོན་མེས་པོ་དམ་པ་ཚོའི་དཔྱད་བརྟག་གིས་གནམ་སའི་དཀར་ངོགས་འདིར་ཕྱི་ནང་གི་བྱ་དངོས་མི་ཉུང་བ་ཞིག་གི་ཁྱད་རྣམ་དང༌། མྱོང་བྱའི་རིགས་མང་པོ་ཞིག་རྟོགས་ཤེས་ཀྱིས་གཏན་འབེབས་མཛད་དེ། དེང་གི་ཆར་ཚན་རྩལ་རིག་འཕྲུལ་གྱི་དཔྱད་མྱོང་ལས་ཀྱང་སྔོན་ཐོན་དུ་གྱུར་པའི་རྣམ་པ་མང་དུ་སྣང༌། ཁྱད་པར་དུ་མདོ་དབུས་མཐོ་སྒང་འདི་ང་ཚོ་བོད་མི་རིགས་ཀྱི་གནས་གཞི་བྱས་པ་ནས་གནའ་བོའི་སྐབས་ཀྱི་ཞིང་འབྲོག་གི་ངལ་རྩོལ་ལས་རིགས་གཉེར་རིམ་ནང༌། མེས་པོ་གོང་མ་ཚོས་འཚོ་བའི་ཐོན་སྐྱེད་ལ་དམིགས་པའི་ཉམས་མྱོང་འོག རང་བྱུང་ཁམས་ཀྱི་ཡར་ནམ་མཁའི་ཉི་ཟླ་སྐར་གསུམ་འཆར་ནུབ་རྒྱུ་བགྲོད་དང་། འཇའ་སྤྲིན་རླུང་བུ་སོགས་ཀྱི་འབྱུང་འགྱུར། མར་དོག་མོ་ས་གཞིའི་ཆུ་རྒྱུན་སྐྱེ་དངོས་སྣ་ཚོགས་ཀྱི་འགྱུར་ལྡོག་དང་། སྲོག་ཆགས་སོགས་ཀྱི་བྱེད་སྤྱོད་བཅས་ལ་བརྟག་སྟེ། ལོ་ཟླའི་ལེགས་ཉེས་དང་ཁ་ཆར་བུ་ཡུག་སད་སེར་སོགས་ཅི་འབྱུང་སྔོན་དཔག་ཚད་འཛིན་དང༌། ཐན་སྐྱོན་མུ་གེ་ནད་རིམས་སོགས་ཀྱི་འཇིགས་ཉེན་ཇི་འདྲ་འབྱུང་མིན་བཅས་ལ་བརྟག་དཔྱད་ཡུན་རིང་བྱས་པ་ལས་མྱོང་བ་ཁྱད་པར་ཅན་ཐོན་པའི་ཞལ་གདམས་བརྗོད་ཀྱིས་མི་ལངས་པའི་ཚོད་དུ་ཡོད་ནའང་། སྐངས་དོན་གནའ་རབས་ནས་རིམ་བརྒྱུད་ཀྱི་མྱོང་བྱང་དང་གདམས་ངག་དེ་དག་ཕྱི་རབས་པས་རྟོགས་ཤེས་ཀྱིས་མི་ཉམས་རྒྱུད་འཛིན་དགོས་གལ་གནད་དུ་བཟུང་ནས་ཉུང་བསྡུས་ཤིག་བརྗོད་པར་བྱ་བ་ལ།
དང་པོ། ཉི་མར་བརྟག་ཚུལ།
     མེས་པོའི་ཁ་རྒྱུན་ལ། སྟོན་རབས་ཆད་ཉི་མས་ཕྱི་བལྟས་བལྟ། ཁོང་སོ་ནམ་བགྲེས་པོས་ཟོར་བ་རྡོར། སོས་རབས་ཆད་ཉི་མས་ཕྱི་བལྟས་བལྟ། ཁོང་ལུག་རྫི་བགྲེས་པོས་གངས་ས་འཚོལ། ཞེས་སྟོན་དུས་ཉི་མའི་ཕྱི་བལྟས་བྱུང་ན་ཐན་པ་འབྱུང་བ་དང༌། དབྱར་དུས་ཉི་མས་ཕྱི་བལྟས་བྱུང་ན་གངས་ཉེན་འབྱུང་བའི་རྟགས་སུ་བཤད་པ་དང༌། ཉི་མས་གུར་ཕུབ་ན་ཟླ་བ་གཅིག་ལ་འབབ་རྟགས་དང༌། ཉི་ཤར་གྱི་དུས་སུ་ཤར་ལྷོའི་མདངས་ནག་ན་ཉིན་གུང་སྔོན་ལ་ཆར་བ་འབབ་པ། ཉི་ནུབ་ཀྱི་དུས་ནུབ་བྱང་ཁུལ་གྱི་མདངས་ནག་ན་ནམ་ཕྱེད་ལ་ཆར་བ་འབབ་པ་དང༌། ཕྱི་དྲོ་༼སྤྲེལ་དུས་༽ཉི་མ་མ་ནུབ་པའི་སྔ་རོལ་དུ་ཉི་མའི་དཀྱིལ་འཁོར་ལ་རྣ་ཆ་བྱུང་ན་ཕྱི་ཉིན་ཆར་བ་ངེས་པར་འབབ་པའི་རྟགས་སུ་ངོས་འཛིན་བྱེད།
 གཉིས་པ། ཟླ་བར་བརྟག་ཚུལ།
     ཟླ་བ་ཡར་ངོའི་ཚེས་གཅིག་དང་གཉིས་གསུམ་བཅས་ཀྱི་ཚེས་རུའི་སྣེ་བྱང་ངོས་སུ་མཐོ་ན་ལོ་དེར་འབབ་ཞོད་ཞན་པ་དང༌། ཚེས་རུའི་སྣེ་ངོས་གཉིས་མཉམ་ན་འབབ་ཞོད་ཆེ་ལ་དགུན་གངས་སྐྱོན་འབྱུང་བའི་རྟགས། ཟླ་བས་གུར་ཕུབ་ན་ཟླ་གཅིག་ལ་ཐན་པ་འབྱུང་བ་དང་། ཟླ་བར་འཇའ་ཟུག་ནའང་ཐན་པ་འབྱུང༌རྟགས། སྨིན་ཟླ་བའི་༼ཟླ་བ་བཅུ་པ་༽ཚེས་བཅོ་ལྔར་སྐར་མ་སྨིན་དྲུག་ཟླ་བའི་སྔོན་དུ་བྱུང་ན་ལོ་ཕྱུགས་ལ་ཉེས་ཤིང་ནད་འབྱུང་བའི་རྟགས་དང༌། ཟླ་བའི་རྗེས་ལ་བྱུང་ན་འཁྲུགས་པ་དང་རླུང་བུ་འབྱུང་བའི་རྟགས། དཔྱིད་འབྲིང་གི་ཚེས་ཉེར་དགུའི་ནམ་ལངས་སམ་དཔྱིད་མཐའ་མའི་ཚེས་གཅིག་བཅས་ཀྱི་མུན་མཚམས་སུ་ཟླ་བའི་ཚེས་རུའི་སྣེ་གཉིས་ཤར་ནུབ་ཏུ་དྲང་ཐད་མཉམ་ན་དགེ་བ་དང༌། བྱང་ངོས་སུ་མཐོ་ན་མུ་གེ་འབྱུང་ཉེན། ལྷོར་མཐོ་བར་སྣང་ན་བཀྲ་ཤིས་ཤིང་ཆར་ཆུ་དུས་སུ་འབབ་པའི་རྟགས་སུ་ངོས་འཛིན་བྱེད།
 གསུམ་པ། སྐར་མར་བརྟག་ཚུལ།
     སྐར་མ་ཐམས་ཅད་འཁྲུག་པར་གྱུར་ན་ཐོག་སེར་དང་ནད་རིམས་འབྱུང་ཉེན་དང༌། སྐར་མདའ་སྒྲ་དང་བཅས་ལྷུང་ན་ཐན་སྐྱོན་འབྱུང་རྟགས་དང༌། སྨིན་དྲུག་ལྷོར་བྱུང་ན་ཐན་སྐྱོན་དང་མུ་གེ་འབྱུང་བ་དང༌། བྱང་དུ་བྱུང་ན་ལོ་ལེགས་ཤིང་ཆར་ཆུ་མང་བའི་རྟགས་སུ་ངོས་འཛིན་བྱེད།
བཞི་བ། སྤྲིན་པར་བརྟག་ཚུལ།
     ན་བུན་དཀར་པོ་རིམ་པ་གཉིས་གསུམ་གྱིས་རི་སྐེད་བཅིངས་ན་ཆར་ཆེན་འབབ་ངེས་དང༌། ནམ་ལངས་དུས་ཤར་ཕྱོགས་ནས་སྤྲིན་དམར་པོ་ཐག་དམར་འཐེན་འདྲ་ནུབ་ཏུ་རྒྱུག་ན་དཀར་ཕྱོགས་ལྷ་ཡི་ཆར་ཞེས་མྱུར་དུ་འབབ་པ་དང༌། ཤར་ལྷོའི་མཁའ་ལ་བལ་འདབ་རྩེག་འདྲའི་སྤྲིན་པ་བར་གསེང་མེད་པར་འབྲེལ་ན་ཉིན་ཞག་གཅིག་ལ་འབབ། ཤར་ཕྱོགས་ཀྱི་མཁའ་ལ་ལུག་གི་ལྟོ་ཚིལ་འདྲ་བའི་སྤྲིན་དཀར་འདབ་ལེགས་བརྩེགས་པ་བྱུང་ན་ཉིན་དེ་ཡི་རྗེས་ཆར་འབབ། ཉི་ཤར་གྱི་མཚམས་ཕྱེ་ལེབ་ཀྱི་གཤོག་པ་བརྐྱངས་འདྲའི་འཇའ་སྤྲིན་སྙོམས་པོས་ཤར་ཕྱོགས་ཁེབས་ན་མི་འགྱངས་པར་ཆར་ཆེན་འབབ་པར་འགྱུར། སྤྲིན་ནག་གིས་བྱང་སྐར་སྤུན་བདུན་དང་དགུ་ཚིགས་སྐྱ་མོ་སྒྲིབ་ན་ཆར་བ་འབབ་རྟགས། སྤྲིན་ལྷོ་ནས་བྱང་དུ་མགྱོགས་པོར་བགྲོད་ན་༼བྱང་གཡག་གུའི་མགོ་འཕིག་༽ཅེས་གངས་ཆར་ཆེ་ཙམ་འབབ་ལྟས་དང༌། ནུབ་ནས་བྱང་བགྲོད་བྱས་ན་འབྲིང་ཙམ་འབབ། བྱང་ངོས་ནས་ཤར་དུ་རྒྱུ་ན་ཉུང་ཙམ་དང་ཡང་ན་གཏན་ནས་མི་འབབ་པའི་རྟགས། ནུབ་ངོས་ནས་ཤར་ཕྱོགས་སུ་དལ་ཞིང་བརྟན་པོར་རྒྱུ་ན་དུས་ཡུན་རིང་ཙམ་ལ་མི་འབབ་པའི་རྟགས་དང༌། བྱང་སྤྲིན་ལྷོ་རུ་རྒྱུ་ན་༼ལྷོའི་ཙན་དན་གྱི་མེ་འབར་༽ཞེས་ཐན་སྐྱོན་ཡོང་བའི་རྟགས་དང༌།  སྟོན་དུས་སྤྲིན་པ་ལྷོ་ནས་བྱང་ལ་མང་ཙམ་རྒྱུ་ན་༼ཤིང་ལོ་བྱང་འདྲེན་༽ཞེས་ཐན་པ་ཡུན་ཐུང་ཙམ་ལ་འབྱུང་བར་བཤད། གཞན་༼དགོང་དམར་དམར་པོ་མེ་རེད། ནག་པོར་གྱུར་ན་ཆུ་རེད། ༽ཅེས་དགོང་མོའི་མཚམས་སྤྲིན་གྱི་མདངས་དམར་པོར་གྱུར་ན་ཕྱི་ཉིན་ཉི་མ་དྲོ་བའི་རྟགས་དང༌། དེ་འཕྲལ་མདངས་ནག་པོར་གྱུར་ན་འབབ་པའི་རྟགས། ཉིན་ཕྱེད་དུས་སུ་སྤྲིན་གྱིས་ཉི་མ་སྒྲིབ་ན་མཚན་ལ་ཆར་བ་འབབ་རྟགས་དང༌། ཉི་ཤར་གྱི་དུས་ཤར་ཕྱོགས་སུ་སྤྲིན་འཕགས་ན་རླུང་དང་བཅས་ཆར་མྱུར་དུ་འབབ། ནམ་ལངས་ཁར་༼ཡོས་ཀྱི་དུས་༽ཤར་ལྷོར་སྤྲིན་ཐོན་ན་ཉི་དྲོས་ཀྱི་སྐབས་༼སྦྲུལ་གྱི་དུས་༽སུ་ཆར་འབབ་པར་འགྱུར། ཉི་ནུབ་ཏུ་སྤྲིན་པ་ནག་པོ་བྱུང་ན་རླུང་ཆར་འབྱུང་ངེས། ༼ཞོད་པོ་ཆེ་དགོང་དྭངས་༽ཞེས་ཉི་ནུབ་ཁ་ཆར་དྭངས་ན་ཞོད་ཆེན་འབྱུང་བའི་རྟགས་དང༌། རི་བོ་སྤྲིན་གྱིས་སྒྲིབ་ན་མཚན་དང་མཚན་སྦྲེལ་ནས་ཆར་བ་འབབ། ཉི་ཤར་༼འབྲུག་གི་དུས་༽ལྷོ་ཕྱོགས་ནས་སྤྲིན་ཐོན་ན་རླུང་དང་བཅས་དྲག་ཆར་འབབ་པ་དང༌། ནུབ་བྱང་དུ་སྤྲིན་པ་ནག་པོ་ཐོན་ན་འབྲུག་སྒྲ་དང་བཅས་ཆར་འབབ། མཚན་མོར་སྤྲིན་པ་ནུབ་ཏུ་རྒྱུ་ན་ཆར་སྤྲིན་འཁྲུགས་ཤིང་ཆར་རླུང་འབྱུང་བ་དང༌། དགུན་ཁར་ཤར་དུ་སྤྲིན་པ་ལྷོར་རྒྱུ་ན་གངས་སྐྱོན་དང་གྲང་ངར་ཆེ་རྟགས། དབྱར་དུས་ཤར་ནས་སྤྲིན་པ་ནུབ་ལ་རྒྱུ་ན་ཐན་པ་འབྱུང་བའི་རྟགས་སུ་ངོས་འཛིན་བྱེད།
ལྔ་པ། འཇའ་འོད་ལ་བརྟག་ཚུལ།
     འཇའ་སྣེ་སྤང་ལ་ཟུག་ན་ཆར་བ་འབབ་པ་དང་ཆུ་ལ་ཟུག་ན་གནམ་ཡེར་འགྲོ་བའམ་ཆར་ཉུང་ཙམ་འབབ། ཉི་ཤར་དུ་འཇའ་ཟུག་ན་ཆར་ཉུང་ངུ་འབབ་པ་དང༌། ཉི་ཤར་ལ་ཉི་མར་འཇའ་ཟུག་ན་ཆར་བ་འབབ། ཟླ་བར་འཇའ་ཟུག་ན་གངས་སྐྱོན་དང་གྲང་ངད་འབྱུང་རྟགས། འཇའ་ཁ་དོག་སྣ་ལྔ་རང་བཞིན་གྱིས་ཤར་དུ་ཟུག་ན་ཆར་བ་འབབ། དངུལ་ཆུའི་མདོག་ཅན་ནུབ་ཏུ་ཟུག་ཅིང་ཟླ་བའི་ཁྱིམ་དུ་གནས་ན་མི་འགྱངས་པར་ཆར་ཆེན་འབབ་པའི་རྟགས་སོགས་དང་། གཞན་འཇའ་གཟུགས་ལས་ཀྱང་ལེགས་ཉེས་ལ་བརྟག་ཐབས་སོགས་མང་དུ་མཆིས་ཀྱང་འདིར་མ་བཀོད།
     ཞར་བྱུང་ཐོ་རེངས་ཀྱི་སྐྱ་ངོགས་དྭངས་ན་ཆར་ཆུ་ལེགས་ཤིང་སྐྱ་ནམ་རྒྱས་པར་འགྱུར་བ་དང༌། སྐྱ་ངོགས་མི་གསལ་ཞིང་རབ་རིབ་ཏུ་གྱུར་ན་ནད་རིམས་ལོ་ཉེས་འབྱུང་ལྟས། དབྱར་དུས་མཚན་ལ་ནམ་མཁའ་མདངས་གསལ་ན་ཉིན་མཚན་སྦྲེལ་ནས་ཆར་འབབ་པ་དང༌། ཉི་ཤར་གྱི་དུས་ཤར་ལྷོའི་མདངས་ནག་ན་ཉིན་གུང་སྔོན་དུ་ཆར་འབབ། ཉི་ནུབ་ཏུ་ནུབ་བྱང་མདངས་ནག་ན་མཚན་ཕྱེད་ལ་ཆར་འབབ་པའི་རྟགས། ༼དགུན་ཤར་ཆེན་ལ་གངས་ཆེན།༽ ཞེས་དགུན་ཁ་སྔ་དྲོར་ཤར་དུ་ལྷགས་རླུང་ཤུགས་ཆེན་བརྒྱབ་ན་གངས་སྐྱོན་དང་གྲང་ངར་ཆེ་རྟགས། ༼དབྱར་ཤར་ཆེན་ལ་ཐན་ཆེ། ༽ཞེས་དབྱར་དུས་སྔ་དྲོར་ལྷགས་རླུང་ཤུགས་ཆེན་བྱུང་ན་ཐན་པ་ཆེ་བའི་རྟགས། ནུབ་ཏུ་གློག་འོད་འཁྱུག་ན་ཆར་བ་རྒྱུན་རིང་འབབ་པ་དང༌། ཉི་ཤར་༼འབྲུག་དུས་༽གློག་འོད་དྲག་ཏུ་འཁྱུག་ན་རླུང་ཆེན་འབྱུང༌། ཞོགས་པར་འབྲུག་སྒྲ་སྒྲོག་པའམ་ཉིན་ཕྱེད་དུ་འབྲུག་སྒྲ་བྱུང་ན་ཐན་པ་འབྱུང་བའི་རྟགས།
གཞན་དགུན་དགུ་དང་པོའི་དུས་གནམ་གཤིས་གྲང་མོ་བྱུང་ན་ཕྱི་ལོར་འབྲུ་འོངས་ཆེ་བ་དང༌། དགུ་གཉིས་པའི་དུས་གནམ་གཤིས་གྲང་ཞིང་རླུང་བུ་བྱུང་ན་དཀར་ཆུ་དང་ལོ་འབྲས་ལེགས་པའི་རྟགས། ༼དབྱར་གནམ་གྲང་དུས་འབབ། དགུན་གནམ་དྲོད་དུས་འབབ། ༽ཅེས་དབྱར་ཁ་གནམ་གཤིས་གྲང་ན་འབབ་པ་དང༌། དགུན་དུས་གནམ་གཤིས་དྲོད་ན་འབབ་པར་ངོས་འཛིན་བྱེད་པ་ཡིན།
                  དྲུག་པ། རང་བྱུང་ཁམས་ལ་བརྟག་ཚུལ།
     སྟོན་གྱི་དུས་སུ་ཆུ་མདོག་གློ་བུར་དུ་འགྱུར་ན་ཁ་བ་ཏག་ཏག་འབབ་པའི་རྟགས་དང༌། ཆུ་མིག་ཕྲ་མོ་གློ་བུར་དུ་སྐམ་པ་ཡིན་ན་གནམ་ཡེར་ཏེ་ཐང་བའི་རྟགས། བོད་ཟླ་བརྒྱད་དང་དགུ་པའི་ནང་སྐྱེ་དངོས་རྩི་ཤིང་ལ་མེ་ཏོག་བཞད་ན་ལོ་དེའི་དགུན་ཁར་ཁ་བ་ངེས་པར་འབབ་རྟགས། དགུན་དུས་ཉི་མ་སྤྲིན་གྱིས་སྒྲིབ་ཏེ་རབ་རིབ་ལས་མི་དྲོ་ཡང༌། འཁྱག་པ་དང་གངས་ལས་འཁྱག་ཆུ་བཞུར་ན་ཁ་བ་ངེས་པར་དུ་འབབ་རྟགས་ཡིན།
                        བདུན་པ། སྲོག་ཆགས་ལ་བརྟག་ཚུལ།
     འདབ་ཆགས་བྱེའུ་ཁྱུ་འཕུར་སྐབས་གཤོག་པའི་ལྡེབ་ཤུགས་སྔར་ལས་ལྗི་བའི་ཚུལ་དུ་སྣང་ན་ཁ་བ་འབབ་རྟགས་དང༌། རྫ་བྱེའུ་མགོ་དམར་དང་རི་བྱེའུ་མགོ་དཀར་གྲོང་བརྡལ་དུ་འཕུར་ཉུལ་བྱེད་ན་ཁ་བ་འབབ་པའི་རྟགས། བྱ་རོག་གི་ཚང་ལུང་པའི་མདོར་བཅས་ཡོད་ན་དབྱར་ཆར་ཞོད་ཆེ་བ་དང༌། ལུང་པའི་ཕུར་བཅས་ཡོད་ན་ཆར་ཞོད་ཆུང་བའི་རྟགས། བྱ་རྒོད་ཀྱིས་ནམ་མཁར་ལྡིང་སྐོར་དལ་ལ་ལྗི་བའི་ཚུལ་གྱིས་རྒྱག་ན་ཁ་ཆར་འབྱུང་བའི་རྟགས། སྟོན་གྱི་དུས་སུ་ཁྲུང་ཁྲུང་ལྷོ་རུ་འཕུར་ཚེ་ཁ་བ་འབབ་རྟགས་དང༌། ཡང་དཔྱིད་དུས་ཁྲུང་ཁྲུང་བྱང་ལ་འཕུར་ཚེ་ཁ་ཆར་འབབ་ངེས། དགུན་དུས་བྱ་སྐྱ་ཀས་ཀྲའེ་ཀྲའེ་ཞེས་ལོག་སྐད་མང་པོ་འབྱིན་ན་ཁ་བ་ཡུན་རིང་འབབ་རྟགས་དང༌། སྐྱ་ཀས་ཚག་སྒྲ་སྒྲོགས་པ་དང་ཁོ་སྐད་འབྱིན་ན་རླུང་དམར་དང་རླུང་ཆེན་འབྱུང་རྟགས་ཡིན། སྟོན་དུས་དང་དགུན་དུས་བྱ་སྲེག་པས་སྐད་མང་འབྱིན་ཞིང་རི་ཐང་དུ་འཚོ་སྡོད་བྱེད་ན་ཁ་ཆར་མི་འབབ་པའམ། ཡང་ན་ཉུང་ངུ་ལས་མི་འབབ་པའི་རྟགས་ཡིན། དགུན་དུས་བྱ་སྲེག་པ་དང་འདབ་ཆགས་བྱ་རིགས་གཞན་མང་པོས་སྐད་མང་དུ་སྒྲོག་ན་ཁ་ཆར་ཉུང་ངུ་ལས་མི་འབབ་པའི་རྟགས། ནམ་རྒྱུན་བྱ་སྐྱུང་ཀའི་འདུག་གནས་སྤང་རི་དང་བྲག་རྫོང་ཡིན་ནའང༌། སྟོན་དུས་རི་དང་སྤང་ཐང་དུ་འབབ་ནས་སྐད་ངན་འབྱིན་ཞིང་འཚོ་སྡོད་བྱེད་ན་གངས་ཆར་ཆེན་པོ་འབབ་རྟགས་ཡིན། དཔྱིད་སྨད་དང་དབྱར་སྨད་དུ་ཁུ་བྱུག་གིས་བྲག་རྩེ་དང་ནགས་གསེབ་ཏུ་གནས་སྡོད་ཀྱིས་སྐད་མང་སྒྲོགས་ན་ཁ་བ་མང་དུ་འབབ་རྟགས་དང༌། ཡང་རི་འདབས་དང་ཐང་གཞུང་དུ་གནས་སྡོད་ཀྱིས་སྐད་ཉུང་ཙམ་ལས་མི་སྒྲོགས་ན་ཁ་ཆར་ཉུང་ཞིང་ཐན་པ་འབྱུང་བའི་རྟགས་ཡིན། བྱ་གོང་མོ་གཏན་སྡོད་འཚོ་གནས་ནི་རྫ་སྤང་མཚམས་དང་རི་སྐེད་ཡན་ཆད་ཡིན་ཡང༌། དཔྱིད་དུས་རི་ཞོལ་དུ་བབས་ནས་ཅ་ཅོའི་སྐད་སྒྲོག་ན་ཁ་ཆར་འབབ་རྟགས་དང༌། བྱ་པུ་ཤུད་སོགས་གཙིག་ལྡན་བྱ་རིགས་ཀྱིས་ཅ་ཅོ་མང་དུ་སྒྲོག་ན་ཞག་གསུམ་ནང་ཚུན་ཆར་བ་འབབ་རྟགས་ཡིན།
     གཞན་ཡུལ་གྲོང་སོ་སོའི་སོ་ནམ་པས་ཞིང་འདེབས་ཀྱི་དུས་ལ་རྟགས་ཚུལ་ནི། བྱེའུ་ཅོ་ཀས་སྐད་འབྱིན་པ་དང་བྱེའུ་པང་སྐྱུར་སླེབས་དུས་ཞིང་སྔ་འདེབས་སྔ་མ་རན་པ་དང༌། བྱ་པུ་ཤུད་ཐོན་པ་དང་འཕྱི་བ་མལ་ལས་ལངས་དུས་ཞིང་སྔ་འདེབས་ཕྱི་མ་རན་པ་ཡིན། བྱ་པུ་ཤུད་སྐད་འབྱིན་དུས་ཞིང་བར་འདེབས་སྔ་མ་རན་པ་དང༌། བྱ་ལུག་རྫི་མོ་སླེབས་དུས་ཞིང་བར་འདེབས་ཕྱི་མ་རན་པ་ཡིན། བྱེའུ་ཁུག་རྟ་འབྱོར་དུས་ཞིང་ཕྱི་འདེབས་སྔ་མ་རན་པ་དང༌། བྱ་ཁུ་བྱུག་སླེབས་དུས་དབྱར་མགོ་ཚུགས་པས་ཞིང་འདེབས་ལས་ཚར་བར་བྱེད་པ་བཅས་ཀྱི་རྟགས་སྲོལ་ཡོད།
     དེ་མིན་ཁྱུ་མང་པོས་རྐང་ལག་གིས་ས་དྲུས་ན་ཐན་པ་འབྱུང་རྟགས་དང༌། ཨ་བྲས་བཟའ་རྩྭ་མང་པོ་གསོག་ཉར་བྱེད་པ་དང༌། འཕྱི་བ་སོགས་སྲོག་ཆགས་དགུན་ཉལ་རླུང་སྒོམ་ཅན་རྣམས་ཉལ་སྔ་བ། ངང་པ་སོགས་ཆུ་བྱའི་རིགས་བོད་ཟླ་བདུན་པའི་ནང་ལྷོ་ཕྱོགས་སུ་འཕུར་འགྲོ་ཚེ་དགུན་དུས་གངས་སྐྱོན་འབྱུང་རྟགས་ཡིན། འདབ་ཆགས་བྱ་རིགས་དང་སྲོག་ཆགས་མང་པོ་གཞན་དུ་གནས་སྤོར་བ་དང༌། བྲོས་བྱོལ་དུ་འགྲོ་བ་བྱུང་ན་ཞག་བདུན་ནང་ཚུན་དུ་ཆར་ཆེན་འབྱུང་ངེས་ཀྱི་རྟགས་ཡིན། འབུ་གྲོག་མ་གནས་སྤོར་བ་དང༌། གློ་བུར་དུ་ཚ་དྲོད་ལངས་པ། དྲེག་གྲུམ་ཆུ་སེར་གྱི་ནད་གཞི་ཅན་ལ་གློ་བུར་དུ་ནད་བྱུང་བ། སྦལ་བས་རྐན་སྒྲ་འབྱིན་པ་བཅས་བྱུང་བ་ཡིན་ན་ཆར་བ་འབབ་རྟགས་དང༌། མཚོ་ལ་དྲོད་རྒྱས་ཤིང་ཉ་ལྕིབས་དང་ཉ་སོགས་གནས་སྡོད་མི་བྱེད་པ་དང༌། ཆུ་བོ་གྱེན་དུ་བཞུར་ན་ཉིན་ལྔའི་ནང་ཚུན་དུ་ཆར་བ་འབབ་རྟགས་ཡིན།
     ཡང་རི་གཡག་ལུང་ཕུ་ནས་མདོར་ཐོན་པ་དང༌། ཡང་ན་རི་རྩེ་ནས་རི་འདབས་སུ་བབ་ན་ཁ་བ་འབབ་རྟགས་དང༌། སྟོན་དུས་འབྲི་གཡག་སོགས་ནོར་ནག་རྩྭ་ཆུ་འཛོམས་སར་དེད་ཀྱང་ངོམས་མེད་བཀྲེས་ལྟོག་གི་ཚུལ་གྱིས་གནས་གཅིག་ཏུ་མི་སྡོད་པར་གང་སར་འགྲོ་ཞིང༌། ཕུ་ནས་མདོར་ཤོར་ན་ཁ་བ་ངེས་པར་འབབ་རྟགས་ཡིན། ལུག་རྣམས་ཕན་ཚུན་བརྡུང་འཛིང་བྱེད་པར་དགའ་ན་ཁ་ཆར་མི་འབབ་པར་གནམ་ངོ་དྭངས་པའི་རྟགས་ཡིན་ཚུལ་སོགས་མེས་པོ་གོང་མ་ཚོས་དཔྱད་བརྟག་མྱོང་ཐོབ་ཀྱི་ཤེས་རིག་ཇི་སྙེད་ཅིག་ཡོད་པ་ལས་རྩྭ་རྩེའི་ཟིལ་ཐིགས་ཙམ་ཞིག་འདིར་མདོར་བསྡུས་སུ་བསྟན་པ་ཡིན་པས། འུ་ཅག་ཕྱི་རབས་པ་རྣམས་ཀྱིས་མེས་པོ་གོང་པ་ཚོས་བཞག་པའི་ཁྱད་འཕགས་ཀྱི་རིག་གནས་འདི་དག་མི་ཉམས་རྒྱུན་འཛིན་བཀོལ་སྤྱོད་ཀྱི་ལས་ལ་ཞུགས་ཏེ། དེང་ཀུན་པོས་ཡང་དག་དུ་ལྟ་བའི་ཚན་རྩལ་རིག་གནས་དང་ཁ་གཏད་དཔྱད་བསྡུར་གྱིས་འུ་ཅག་གི་མེས་པོ་དམ་པ་ཚོས་དེང་དུས་ལྟར་རྫས་དངོས་འཕྲུལ་སྦྱོར་སོགས་ལ་མ་བརྟེན་པར་རྣམ་དཔྱོད་དང་སྙིང་སྟོབས་ཁོ་ནས་ལག་ལེན་དུ་བསྟར་ཏེ་རྩལ་འདོན་དར་སྤེལ་བཏང་བའི་རིག་གནས་ཀྱི་ཁྱད་ཡོན་ གཟེངས་སུ་འདེགས་པར་བརྩོན་པ་བསྐྱེད་རན་རེད།
རྩོམ་འདི་ནི་དྲ་བ་གཞན་ཞིག་ནས་ཁོལ་དུ་ཕྱུང་བའོ། །
·གསར་འགྱུར་གོང་མ:འཇིག་རྟེན་འོད་ཀྱིས་ཁེངས་པའི་ཉིན་མོ།
·གསར་འགྱུར་འོག་མ:ཆ་འཕྲིན་གྱི་གོ་སྐབས་བཟུང་ནས་བོད་ཡིག་སྤེལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·གནམ་གཤིས་འཕོ་འགྱུར་གྱི་ཆག་སྒོ 2011/6/23 9:16:14
·འདི་ཟླའི་ཟླ་སྨད་དུ་དྲོད་ཚད་འཕར་ཆག་ཆེ་བས་རང་ལྗོངས་སུ་ཤུགས་རྐྱེན་ཐེབས་རྒྱུ། 2011/1/22 22:53:38
·ཚེས༡༩ཉིན་ཡུལ་ཤུལ་ལ་ཆར་པ་འབབ་རྒྱུའི་སྔོན་བརྡ། 2010/4/16 20:32:26
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 1:26:21 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 2:55:55 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 4:42:37 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 53 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS