ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> གཏེར་གྱི་བུམ་བཟང་། >> རིས་མེད
  གསར་འགྱུར་ཀློག་པ།

གྲུབ་མཐའ་རིས་མེད་སྐོར་ལ་རཊ་ཙམ་དཔྱད་པ།

[རྩོམ་པ་པོ:གཡུ་མཚོ།  ཡོང་ཁུངས:སེང་རྡོར་དྲ་བ།  དུས་ཚོད:2011/6/28 15:37:21  བཀླགས་ཐེངས:2612][ཡིག་གཟུགས:ཡིག་གཟུགས་མདོག]
༄༅།། གྲུབ་མཐའ་རིས་མེད་སྐོར་ལ་རགས་ཙམ་དཔྱད་པ།
 
གཡུ་མཚོ།
 
ནང་དོན་གནད་བསྡུས།
   དེ་ཡང་དཔྱད་རྩོམ་འདིའི་ནང་བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་ཚུལ་མདོ་བསྡུས་དང་བླ་སློབ་ཀྱི་འབྲེལ་བ་བོད་ཀྱི་གྲུབ་མཐའ་སོ་སོའི་སྲོལ་འབྱེད་པོ་རྣམ་སྤྲུལ་གཞི་གཅིག་ཏུ་སྣང་བས་ཆོས་ལུགས་    ཕྱོགས་ཞེན་བྱེད་ན་འཐད་པ་མེད་ཚུལ་དང་གྲུབ་མཐའ་མང་ཡང་མཐར་ཐུག་དགོངས་པ་གཅིག་ཏུ་འབབ་པའི་སྐོར་དང་གྲུབ་མཐའ་རིས་མེད་མ་བྱས་པའི་ཉེས་སྐྱོན་དང་བྱེད་པའི་དགེ་མཚན་སྐོར་སོགས་ལ་སྔོན་བྱོན་མཁས་པའི་ལུང་ལ་རྒྱབ་བཅོལ་བ་དང་ལོ་རྒྱུས་ཀྱི་དོན་དངོས་ཀྱིས་བདེན་དཔང་བྱས་ཏེ་རང་ཉིད་ཀྱི་ལྟ་བ་ཙམ་བཤད་ཡོད།
བརྡ་ཆད་གཙོ་བོ།    གྲུབ་མཐའ། རིས་མེད། དགོངས་པ་གཅིག  
 
གླེང་གཞི།
 དེ་ཡང་བོད་གངས་ཅན་ལྗོངས་ལ་མདོ་སྔགས་ཀྱི་ཆོས་ཕུན་སུམ་ཚོགས་པ་ཞིག་ཡོད་ལ། འདི་ནི་རང་རེ་ཁ་བ་ཅན་གྱི་སྤྱི་ནོར་དང་རིག་གནས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན། འདི་ནི་སྔོན་བྱོན་ལོ་པཎ་རྣམས་ཀྱིས་དཀའ་སྡུག་མྱོང་བའི་འབྲས་བུ་ཡིན་པས། ང་ཚོས་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་རྗེས་སུ་དྲན་དགོས་ལ་དུས་ནམ་ཡང་བརྗེད་དུ་མི་རུང་།
ནང་པ་སངས་རྒྱས་པའི་ཆོས་འདི་སྟོན་པ་ཤཱཀྱ་ཐུབ་པས་ཐོག་མར་སྲོལ་ཕྱེས་ཤིང་། བོད་ཀྱི་ལོ་པཎ་རྣམས་ཀྱིས་དེའི་དགོངས་པ་ཇི་བཞིན་སྒྲ་བསྒྱུར་གྱི་ཐབས་ལམ་ལ་བརྟེན་ནས་གངས་ཅན་ལྗོངས་ལ་དར་ཞིང་རྒྱས་པར་མཛད། ས་དགེ་བཀའ་རྙིང་གི་གྲུབ་མཐའ་གང་ཡིན་རུང་། མཐའ་ཐུག་གི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་དེ་ཡིན་པས། མིང་སོ་སོར་འདོགས་རུང་འབབ་ས་གཅིག་ཡིན་ཏེ། དེ་ཡང་“ཐ་དད་འབབ་ཀྱང་རྒྱ་མཚོར་གཅིག་ཏུ་འདྲེ་བའི་ཆུ་ཀླུང་བཞིན།། ཐ་དད་བཀྲལ་ཡང་མཐར་ཐུག་དགོངས་པ་གཅིག་ཏུ་ལེགས་འབབ་པའི།ཐ་དད་གྲུབ་ མཐའི་སྲོལ་མང་གངས་ཅན་ལྗོངས་འདིར་དར་མཛད་པ།། ཐ་དད་སྣང་ཡང་ངོ་བོ་གཅིག་གྱུར་སྐྱེས་མཆོག་ཡོངས་ལ་འདུད།།”①ཅེས་གསུངས་པ་བཞིན། འབྱུང་ཁུངས་དང་འབབ་ས་གཅིག་ཡིན་པའི་ཆོས་ལུགས་འདིར་ད་དུང་རྙིང་མའི་ལྟ་བ་ས་སྐྱ་པ་ལས་མཐོ། དགེ་ལུགས་ཀྱི་སྤྱོད་པ་བཀའ་བརྒྱུད་པ་ལས་བཟང་སོགས་གྲུབ་མཐའ་ལ་ཕྱོགས་རིས་དང་ཆགས་སྡང་བྱེད་པ་ནི་སྙིང་པོར་མེད་པའི་ལས་ཁོ་ནར་ཟད་དོ།དེ་ཡང་གྲུབ་མཐའ་ལ་ཕྱོགས་རིས་བྱས་པ་འདི་ཆགས་སྡང་གི་ལས་ཤིག་ཡིན་པ་དགོངས་ནས་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ཡིས་གྲུབ་མཐའ་རིས་མེད་ཀྱི་ལས་འགུལ་ཐོག་མར་སྤེལ་བ་དང་།ཁོང་གིས་བསྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་གི་དབང་ ལུང་གང་བཞུགས་ཞུས་ཤིང་།དཔེ་ཆ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་གདམས་ངག་མཛོད་ཟེར།དེའི་དབང་ལུང་རྣམས་གྲུབ་མཐའ་རིས་མེད་ལ་དད་པ་ཡོད་པའི་སློབ་མ་གསར་པ་གསོ་སྐྱོང་བྱས་ནས་དབང་ལུང་གནང་།རིན་ཆེན་གཏེར་མཛོད་ཕྱོགས་བསྒྲིགས་གནང་ནས་དེའི་ནང་དུ་བོན་གྱི་གཏེར་ཆོས་ཀྱང་བཅུག་ནས་ནང་པ་དང་བོན་པོ་ལ་ཡང་རིས་མེད་གནང་།དེ་དག་གི་དབང་ལུང་ཆོས་བརྒྱུད་གནང་བ་ལ་རིས་མེད་ཀྱི་མ་མཛད་པ་ཟེར།དེ་ལ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེའིདབང་པོས་ཕྱག་རིགས་གནང་ཞིང་གསང་སྔགས་གསར་མའི་རྒྱུད་སྡེ་ཐམས་ཅད་ཕྱོགས་   གཅིག་ཏུ་བསྒྲིགས་པ་ལ་རྒྱུད་སྡེ་ཀུན་བཏུས་ཟེར་རོ།
དང་པོ།བོད་ཀྱི་སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་ཚུལ་དང་བླ་སློབ་ཀྱི་འབྲེལ་བ་ལ་དཔྱད་པ།  
སྔོན་བྱོན་མཁས་པ་རྣམས་ཀྱིས་མཛད་པའི་ཆོས་འབྱུང་དེབ་ཐེར་མང་ཆེ་བར་ལྷ་ཐོ་ཐོ་རི་ སྙན་ཤལ་གྱི་དུས་སུ་དམ་ཆོས་དབུ་བརྙེས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་སྲོལ་གཏོད།    ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་སོགས་ཀྱི་གདམས་པ་རྒྱ་ཆེར་ གསུངས་ཤིང་ཉམས་སུ་ལེན་པ་ཡང་མང་དུ་བྱུང་སྟེ། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་ཤིང་ཡི་གེ་དྲུག་པའི་གཟུངས་སྔགས་བཟླ་བའི་ཐོག་མ་འདི་ནས་དར།ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་དར་ཞིང་རྒྱས་པར་མཛད་ཅེས་གྲགས།  
དེ་ལས་ཐོག་མར་རྙིང་མའི་གྲུབ་མཐའ་བྱུང་ཚུལ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་པོའི་བཀའ་ལྟར་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསང་སྔགས་ཀྱི་མཐུ་ནུས་ལ་བསྟེན་ནས་བསྟན་མ་བཅུ་གཉིས་སོགས་དམ་ལ་བཏགས། ནམ་མཁའ་ལ་རྡོ་རྗེའི་འགྲོས་དང་བཅས་ཏེ་ས་འདུལ་མཛད་ནས་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་མང་པོར་ཡོ་ག་རྣམ་གསུམ་གྱིས་སྨིན་གྲོལ་ལ་བཀོད་པས་གྲུབ་ཐོབ་མང་པོ་བྱུང་བ་སྟེ། བོད་ལ་གསང་སྔགས་ཀྱི་ཆོས་ཐོག་མར་དར་སྤེལ་གནང་མཁན་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན་པ་དང་། དེའི་རྗེས་སུ་པན་ཆེན་བི་渡་ལ་མི་ཏྲ་བྱུང་། ཁོང་རྣམ་གཉིས་ནི་བོད་ལ་གསང་སྔགས་ཀྱི་ཆོས་དར་སྤེལ་གནང་མཁན་གཙོ་བོ་ཡིན། 
དེ་ནས་ས་སྐྱའི་ཆོས་ལུགས་དང་པོ་གསར་གཏོད་གནང་མཁན་ནི་འཁོན་དཀོན་མཆོག་རྒྱལ་པོ་ཡིན་པ་དང་། ཁོང་ཉིད་ཀྱི་ཡབ་ནི་ཆོས་ལུགས་རྙིང་མ་ཡིན་ལ། དེ་ནས་འཁོན་དཀོན་མཆོག་རྒྱལ་པོའི་དུས་སུ་གསང་སྔགས་གསར་མ་ཡང་ཕྱག་བཞེས་མཛད་དེ་ཁོང་གིས་གསང་སྔགས་གསར་རྙིང་གཉིས་ཀ་གནང་གི་ཡོད། དེར་བརྟེན་ས་སྐྱའི་ཆོས་ལུགས་མི་རྒྱུད་སྔོན་མ་ཚོའི་ཆོས་རྒྱུད་དེ་རྙིང་མ་ཡིན་པས་ན། དེ་ལ་ཡབ་ཆོས་ཞེས་བརྗོད། དེ་ལས་རྙིང་མ་དང་ས་སྐྱའི་བར་གྱི་འབྲེལ་བ་དེ་ང་ཚོས་ཧ་ཅང་གསལ་པོ་ཞིག་མཐོང་ཐུབ་ཀྱིན་ཡོད།       
དེ་ཡང་བཀའ་བརྒྱུད་པ་དང་གྲུབ་མཐའ་སྔོན་མ་བར་གྱི་འབྲེལ་བ་ནི་མར་པ་ཆོས་ཀྱི་བློ་གྲོས་དགུང་ལོ་བཅོ་ལྔ་སོན་སྐབས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱི་དྲུང་ནས་ལོ་ཙཱའི་སྐད་རྣམས་བསླབས་ཤིང་ལེགས་པར་མཁྱེན། “དཔལ་མྱུ་གུ་ལུང་གི་དགོན་པ་རུ།། སྒྲ་སྒྱུར་འབྲོག་མིའི་ལོ་ཙཱ་ལ།སྒྲ་ཐད་ཀློག་སྐད་ཀྱི་ཡིག་ཚང་བསླབས། ཁོང་བཀའ་དྲིན་མི་ཆུང་ཆེ་བར་འཁུམས།”①  ཞེས་འབྱུང་། ད་དུང་ཁོང་ཉིད་རྒྱ་གར་དུ་བྱོན་དུས་ཇོ་བོ་རྗེ་དང་མཇལ་ནས་གདམས་ངག་མང་དུ་གསན། དེ་ཡང་ད་དུང་མཉམ་མེད་དྭགསས་པོ་ལྷ་རྗེས་རབ་བྱུང་གཉིས་པའི་ལྕགས་གླང་(༡༡༢༡)ལོར། དྭགས་ལྷ་སྒམ་པོར་ཕེབས་ནས་དགོན་པ་ཕྱག་བཏབ་ནས་གདན་ས་འཛིན། བཀའ་གདམས་པའི་ལམ་རིམ་དང་། མི་ལའི་ཕྱག་རྒྱ་ཆེན་པོའི་གདམས་པ་རྣམས་གཅིག་ཏུ་དྲིལ་ནས་<<ལམ་རིམ་ཐར་རྒྱན་>>མཛད། དེ་ནས་བཟུང་བཀའ་ཕྱག་ཆུ་བོ་ཟུང་དུ་འབྲེལ་ཏེ་ཕྱག་རྒྱ་ ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་བྱ་བའི་ཁྲིད་རིམ་གྱིས་སློབ་མར་བཀྲི་བ་མཛད། དེ་ལྟར་བཀའ་གདམས་དང་བཀའ་བརྒྱུད་གཉིས་ཀྱི་བར་ལ་འབྲེལ་བ་ཧ་ཅང་དམ་གསལ་ཡོད་པ་ང་ཚོས་སྔོན་བྱོན་མཁས་པའི་གསུངས་ལས་མཐོང་ཐུབ། ད་དུང་“བོད་དུ་སངས་རྒྱས་ཆོས་ལུགས་ཕྱི་དར་གྱི་   སྐབས་སུ་གསང་སྔགས་ཀྱི་ཆོས་དར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དེ་ནི་མར་པ་ལོ་ཙཱ་བ་དང་འགོས་ལོ་ཙཱ་བ་གཉིས་ཀྱི་བཀའ་དྲིན་དུ་འདོད་ཅིང་། རྗེ་ཙོང་ཁ་པ་དང་། དེ་བཞིན་བཀའ་བརྒྱུད་པ་དང་རྙིང་མ་པའི་བླ་མ་ཚོས་མར་པ་དང་འགོས་ལོ་ཙཱ་བ་གཉིས་ནས་བྱུང་བའི་ཆོས་ཀྱི་བརྒྱུད་པ་དེ་ཡིད་ཆེས་བྱེད་ས་ཞིག་ཏུ་རྩིས་གནང་གི་ཡོད”②
“ཞི་བྱེད་ཀྱི་ཆོས་བརྒྱུད་འདིའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཕ་དམ་པ་ཡིན་ཞེས་ཡོངས་སུ་གྲགས། ཁོང་ཉིད་སྐུ་ཆུང་ངུའི་དུས་ནས་ཆོས་སེམས་དཀར་བ་དང་། སྒྲ་རིག་པ་ལ་སོགས་རིག་གནས་མཐའ་དག་ལ་མཁས་པ་སྦྱངས། དེ་ནས་བི་ཀ་མ་ཤཱི་ལར་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་པ་ལས་ཐེག་ཆེན་སེམས་བསྐྱེད་ཀྱི་སྡོམ་པ་བླངས།”①ཞེས་འབྱུང་། དེ་ཡང་བཀའ་གདམས་པའི་སྲོལ་གཏོད་པ་པོ་ཇོ་བོ་རྗེས་ཀྱང་བླ་མ་གསེར་གླིང་པ་བསྟེན་མྱོང་བ་ང་ཚོས་ཇོ་བོ་རྗེའི་བསྟོད་པ་སུམ་ཅུ་པ་ལས་ཤེས་ཐུབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱི་ཞལ་ནས། “གསེར་གླིང་རྒྱལ་པོ་ས་སྐྱོང་བླ་མ་ལས།བྱང་ཆུབ་སེམས་ཀྱི་བདུད་རྩིའི་སྨན་བླངས་ནས།འགྲོ་བ་ཀུན་ལ་ཕན་པར་མཛད་པ་ཡི།དཔལ་ལྡན་ཨ་ཏི་ཤ་ལ་གསོལ་བ་འདེབས།”②ཞེས་གསུངས། དེ་ལས་ཀྱང་ང་ཚོས་བཀའ་གདམས་དང་ཞི་བྱེད་ཀྱི་བླ་མའི་བར་འབྲེལ་བ་དམ་པོར་ཡོད་པ་གསལ་པོ་མཐོང་ཐུབ། དེ་ཡང་ཞི་བྱེད་པའི་ཡ་གྱལ་གཅོད་ལུགས་ཕ་དམ་པ་ལས་བྱུང་བ་ཡིན་པ་སྨོས་མ་དགོས། དམ་པ་ཉིད་བོད་དུ་ཐེངས་གསུམ་པ་བྱོན་དུས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་ཡར་ལུང་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་ངག་གནང་། སྐྱོ་སྟོན་བསོད་ནམས་བླ་མས་མ་ཅིག་ལབ་སྒྲོན་ལ་གནང་དེ་ནས་བརྒྱུད་པ་ལ་མོ་གཅོད་ཟེར། གངས་ཅན་ཡུལ་དུ་གྲུབ་མཐའ་རིས་
མེད་ཀྱི་སྲོལ་འབྱེད་པ་པོ་མ་ཅིག་ལབ་ཀྱི་སྒྲོན་མ་ཡིན་ཞེས་ཀྱང་གྲགས།③   
   ཇོ་ནང་གི་སྲོལ་འབྱེད་པ་པོ་དོལ་པོ་བ་ཤེས་རབ་རྒྱལ་མཚན་ལགས་ཀྱིས་ཀྱང་མཁས་ཆེན་བྱང་ ཆུབ་སེང་གེ་དང་དེའི་ཐུགས་སྲས་སྟག་ཤམ་པ་ཚུལ་ཁྲིམས་བཟང་པོ་གཉིས་ཀྱི་མདུན་ནས་རྙིང་མའི་ཆོས་སྐོར་མང་པོ་ཞུས། ཕྱིས་སུ་དཔལ་ལྡན་ས་སྐྱའི་གདན་སར་ཕེབས་ནས་བླ་མ་འཇམ་པའི་དབྱངས་ལས་དབུ་མ་རིགས་ཚོགས་དང་བསྟོད་ཚོགས་སོགས་ཀྱི་ལུང་དང་བཤད་པ་རྒྱ་ཆེན་ཞུས། ས་རྙིང་བཀའ་སོགས་ཀྱི་མཁས་གྲུབ་གང་མང་གི་ཞབས་ལ་གཏུགས་ཏེ་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་ཕ་རོལ་ཏུ་ཕྱིན་པ་མཛད། ཇོ་ནང་ཏཱ་ར་ན་ཐས་མཁས་དབང་བྱམས་པ་ལྷུན་གྲུབ་ཀྱི་མདུན་ནས་ཚད་མ་རིགས་གཏེར་སོགས་དང་། སྟག་ལུང་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་གྱི་ དྲུང་ནས་བཀའ་གདམས་ལྒིགས་བམ་གཙོས་པའི་བཀའ་གདམས་ཀྱི་ཆོས་སྐོར་དང་། འཇམ་ དབྱངས་ཀུན་དགའ་རྒྱལ་མཚན་གྱི་མདུན་ནས་ས་སྐྱ་དཀར་པོ་རྣམ་གསུམ་གཙོས་པའི་ས་སྐྱའི་ཆོས་སྐོར་དང་། རྗེ་བཙུན་གྲུབ་པའི་དབང་ཕྱུག་གི་དྲུང་ནས་རས་ཆུང་སྙན་བརྒྱུད་ཀྱི་ཆོས་སྐོར་སོགས་ ཡོངས་སུ་རྫོགས་པ་ཞུས་ཤིང་དེ་དག་སོ་སོའི་ལྟ་སྤྱོད་སྒོམ་པའི་གདམས་པ་དང་མན་ངག་དག་ལ་ དཔྱིས་ཕྱིན་པར་མཛད། དུས་ཕྱིས་དབུས་སུ་བྱོན་ཏེ་ལོ་ངོ་བཅུ་ཡི་རིང་ལ་ས་སྐྱ་དང་བཀའ་བརྒྱུད།ཀྱི་བཤེས་གཉེན་ཆེན་པོ་རྣམས་ཀྱི་མདུན་ནས་སྒྲུབ་བརྒྱུད་སོ་སོའི་བཞེད་པ་དང་ལྟ་བའི་ཉམས་ལེན་གྱི་གདམས་པ་སོགས་ལ་གསན་སྦྱོང་ལེགས་པར་གནང་།
དེ་ཡང་སྤྱིར་རྗེ་བཙུན་ཇོ་ནང་པའི་གཞན་སྟོང་གི་ལྟ་བ་ལ་དུས་ཕྱིས་ཀྱི་མཁས་པ་འགའ་རེ་དང་ཁྱད་པར་རི་བོ་དགེ་ལྡན་པའི་ལྟ་གྲུབ་སྨྲ་བ་རྣམས་ཀྱིས་དམིགས་སུ་བཟུང་ནས་དོགས་སློང་དང་དགག་ཡིག་མང་དུ་མཛད་ཡོད་ཀྱང་། ངེས་དོན་དུ་རྗེ་བཙུན་ཇོ་ནང་པའི་གཞན་སྟོང་གི་ལྟ་བ་ཡང་ས་བཀའ་རྙིང་གི་མཁས་དབང་མང་པོ་ལ་བསྟེན་ནས་བྱུང་བའི་ལྟ་བ་ཞིག་ཡིན། དེས་ན་སྤྱི་གྲུབ་མཐའ་ཕན་ཚུན་བར་ལ་ཀུན་སློང་རྣམ་དག་དང་མཛའ་བརྩེ་ཕན་སེམས་ཀྱིས་འཐད་མི་འཐད་ དགག་བཞག་སྤོང་གསུམ་གྱི་རྩོད་ལན་བྱ་རྒྱུ་ཧ་ཅང་གལ་ཆེ་ཡང་། དགྲར་འཛིན་ཆགས་སྡང་གི་རྣམ་པ་རྩ་བ་ནས་བྲལ་དགོས། མདོར་ན་ང་ཚོས་དེང་སང་གཞུང་དོན་གང་དང་གང་ལ་དཔྱད་པ་གཏོང་སྐབས་རང་གཞན་གྱི་གཞུང་དོན་ཡོངས་རྫོགས་དཔྱིས་ཕྱིན་པར་མ་རྟོགས་གོང་ནས་ཚིག་གི་ཕྱི་ཤུན་ཙམ་རྩོད་གཞིར་བཟུང་ན་དགོས་པ་ཆུང་ཕྱིར་དོན་གྱི་གནད་ལ་དཔྱོད་པ་ནི་ཤིན་ཏུ་གལ་ ཆེའོ།
 དགེ་ལུགས་པ་ནི་དགའ་ལྡན་པ་ཟེར་བའི་དོན་ཡིན་ཏེ། རྗེ་ཙོང་ཁ་པས་རབ་བྱུང་བདུན་པ་ས་ གླང(སྤྱི་ལོ༡༤༠༩)ལོར་དགའ་ལྡན་དགོན་པ་ཕྱག་བཏབ། དེ་ལ་གནས་གཞིར་བཟུང་ནས་ཆོས་ལུགས་དར་སྤེལ་བཏང་བས་ན་དགོན་པའི་མིང་དེ་ཆོས་ལུགས་ལ་ཐོགས་པ་ཡིན།དེ་ཡང་དགེ་ལུགས་པ་ལ་མཚན་གཞན་བཀའ་གདམས་གསར་མ་ཞེས་ཀྱང་བརྗོད། དེ་ལས་ང་ཚོས་འབྲོམ་སྟོན་པ་རྒྱལ་བའི་འབྱུངས་གནས་ཀྱིས་སྲོལ་འབྱེད་པའི་བཀའ་གདམས་དང་འབྲེལ་བ་ཧ་ཅང་ཡོད་པ་ཤེས་སླ། ད་དུང་①“ཙོང་ཁ་པས་ས་སྐྱའི་བླ་མ་མང་པོའི་མདུན་ནས་གསང་སྔགས་ཀྱི་ཆོས་གསན་ཡོད་པས་དགེ་ལུགས་པའི་གསང་སྔགས་ཀྱི་ཆོས་ཀྱི་རྒྱུད་པ་མང་ཆེ་བ་ས་སྐྱ་ནས་ཡིན། ”ཞེས་དང་།    “བཅུ་བཞི་པོ་བཀའ་དྲིན་ཆེ་ཞིང་དེའི་ནང་ནས་གཙོ་བོ་ནི་ཆོས་རྗེ་དོན་རིན་པ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། གྲུབ་ཆེན་དཔའ་བོ་རྡོ་རྗེ་དང་ལས་ཀྱི་རྡོ་རྗེ་བཞི་འགྲན་ཟླ་དང་བྲལ་བའི་བླ་མ་ ཡིན།”② དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་མདོར་ན་མཁས་གྲུབ་རྣམས་ལས་མདོ་སྔགས་ཀྱི་ཟབ་ཆོས་གསན། ཀརྨ་རོལ་བའི་རྡོ་རྗེས་གཙུག་ཕུད་བཞེས། ཤར་ཕྱོགས་རིག་པའི་དཔའ་བོའམ་ཆོས་རྗེ་ དོན་གྲུབ་རིན་ཆེན་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། མཁན་པོ་ཚུལ་ཁྲིམས་རིན་ཆེན་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། འབྲི་གུང་སྤྱན་སྔ་ཆོས་ཀྱི་གྲགས་པ་ལས་སེམས་བསྐྱེད་སོགས་ཞུས། སྙེ་ཐང་བདེ་བ་ཅན་པ་བླ་མ་བཀྲ་ཤིས་སེང་གེ་དང་ཨོ་རྒྱན་པ་འཇམ་རིན་པ་སོགས་ལས་ཕར་ཕྱིན་ཞུས། རེད་མདའ་བ་གཞོན་ནུ་བློ་གྲོས་ལས་ཆོས་མངོན་པ་མཛོད་དང་དབུ་མ་འཇུག་པ་སོགས་ཞུས། བུ་སྟོན་སློབ་མ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་ལས་སྔགས་ཀྱི་སྐོར་ཕལ་ཆེར་ཞུས།ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ལས་ཇོ་ནང་ལུགས་ཀྱི་དུས་འཁོར་སོགས་ཞུས་སོ།།
གཉིས་པ།  བོད་ཀྱི་གྲུབ་མཐའ་སོ་སོའི་སྲོལ་འབྱེད་པོ་རྣམ་སྤྲུལ་གཞི་གཅིག་ཏུ་སྣང་བས་ཆོས་   ལུགས་ཕྱོགས་ཞེན་བྱེད་ན་འཐད་པ་མེད་ཚུལ་ལ་དཔྱད་པ།
“རང་རེའི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པར་མ་ཟད་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས། མཉམ་མེད་ཇོ་བོ་རིན་པོ་ཆེ། ཀུན་མཁྱེན་ཆེན་པོ་ཙོང་ཁ་པ།འཇམ་མགོན་ས་སྐྱ་པ࿄་ཆེན། མཉམ་མེད་དྭགས་པོ་རིན་པོ་ཆེ་སོགས་གངས་ཅན་གྱི་གྲུབ་མཐའ་སོ་སོའི་སྲོལ་འབྱེད་རྣམས་ཀྱང་སྐྱེས་བུ་གཅིག་གི་སྤྲུལ་བ་མི་འདྲ་བ་ཙམ་ཡིན”①ཞེས་གསུངས་ལ། “པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་རྙིང་མ་དང་། དགེ་ལུགས། ས་སྐྱ། བཀའ་བརྒྱུད་སོགས་ ཡོངས་རྫོགས་ཀྱིས་ཆ་འཇོག་བྱེད་ས་ཞིག་རེད་ལ། ཁས་ལེན་ས་ཞིག་ཀྱང་ཡིན། དགེ་ལུགས་པས་ཁོང་ནི་རྒྱལ་བ་ཙོང་ཁ་པ་སྐུ་དངོས་ཡིན་ཟེར་གྱིན་ཡོད་པ་དང་།རྙིང་མ་བས་ཨུ་རྒྱན་པདྨའི་སྤྲུལ་པ་ཡིན་སོགས་གསུང་གིན་ཡོད”②ཅེས་གསུངས། “ཐུབ་པའི་ལུང་བསྟན་མདོ་ཁམས་སྨད་ཅིག་ཏུ།། ཨ་ཏི་ཤ་ཡི་སྤྲུལ་པ་བློ་བཟང་གྲགས།། སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འོང་དང་།”③ཞེས་དང་།“གཤེན་རབ་མི་བོ་ཆེ་ནི་སངས་རྒྱས་ཀྱི་རྣམ་འཕྲུལ་ཡིན་ཟེར། ཞེས་དང་། ཞང་ཞུང་ཡུལ་ན་བོན་འདུལ་བར། དགོངས་ཏེ་གཤེན་རབ་མི་བོར་སྤྲུལ། བོན་གྱི་མཛད་པ་བཅུ་གཉིས་བསྐྱངས། ཐེག་པ་རིམ་པ་དགུ་རུ་གསུངས། གསོན་པོ་རྣམས་ཀྱི་ལྟ་སྒོ་ཕྱེ། གཤིན་པོ་རྣམས་ཀྱི་དུར་སྒོ་  བཅད། འགྲོ་རྣམས་གཡུང་དྲུང་ལམ་ལ་བཀོད།”④ཞེས་དང་། “དེ་ཡང་གངས་ལྗོངས་མུན་པའི་གླིང་འདིར་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ་སྔ་དར་བསྟན་པའི་སྒྲོན་མེ་སྤར་བར་མཛད་པའི་བྱེད་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཀྱི་རྣམ་འཕྲུལ་དུ་རྒྱལ་བས་ལུང་གིས་ཟིན་པའི་སྐྱེས་བུ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་ཝ་དང་། ཕྱི་དར་གྱི་དུས་སུ་གུ་རུ་ཉིད་ཀྱི་རྣམ་འཕྲུལ་དཔལ་ལྡན་མར་མེ་མཛད། དེའི་ཡང་སྤྲུལ་རྗེ་བཙུན་བླ་མ་བློ་བཟང་གྲགས་པའི་དཔལ་ལ་སོགས་པ་གང་འདུལ་སྤྲུལ་པའི་རྣམ་རོལ་གྲངས་མེད་བྱོན་པ་ནི་སངས་རྒྱས་ཉིད་ཀྱི་ཁྱད་ཆོས་ལགས་ཏེ།”⑤ཞེས་དང་།  “མྱ་ངན་མ་བྱེད་ཀུན་དགའ་བོ། སྨྲེ་སྔགས་མ་འདོན་ཀུན་དགའ་བོ། ང་ནི་ཕྱི་མའི་དུས་ཀྱི་ཚེ། དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར།”①ཞེས་དང་། “ཡང་རེ་ཞིག་ན་ཇོ་བོའི་ཞལ་ནས།མཁན་རྒྱུན་དུ་མ་ཟད་དགེ་སློང་བྱང་ཆུབ་སེམས་དཔའ། རྣལ་འབྱོར་གྱི་དབང་ཕྱུག་རྡོ་རྗེའི་ཐུགས་དང་ལྡན་པ་མཚོ་སྐྱེས་རྡོ་རྗེ་ནི། པདྨ་འབྱུང་གནས། རྒྱ་གར་ན་འདུལ་བ་འཛིན་པ་ཆེན་པོ་ཞིག་གི་སྤྲུལ་པར་ཡང་གྲགས་ཏེ། དཔལ་ཧེ་ཀུ་ཀའི་བཞེད་པས་ནི་ཁོ་བོ་ཁོ་ན་ཡིན་པར་བྱེད། གདུལ་བྱའི་དབང་གིས་བོད་འདིར་ལན་གཉིས་གསུམ་ཞིག་འོངས་ཏེ་སྤྲུལ་བའང་དེ་ལྟར་དུ་བསྟན་ཏོ།”② དེ་ཡང་ང་ཚོས་སྔོན་བྱོན་དམ་པ་ཚོ་བཀའ་ལས་ཤེས་ཐུབ་པ་ཞིག་ནི་བོད་དུ་ཕེབས་པའི་སྐྱེས་མཆོག་རྣམ་པ་ནི་སངས་རྒྱས་དངོས་རང་ཡིན་ཡང་། དགོས་པའི་དབང་གིས་མི་ཡིས་རྣམ་པ་་སྤྲུལ་ནས་བོད་ལ་ཕེབས་པ་གསལ་པོ་ཤེས་ཐུབ། དེས་ན་ཁོང་རྣམ་པ་ནི་སངས་རྒྱས་ཡོངས་ཀྱི་ཤེས་རབ། སྙིང་རྗེ། མཐུ་སྟོབས་གཅིག་ཏུ་འདུས་པའི་སྤྲུལ་པའི་སྐུ་ཤ་སྟག་ཡིན་པས། དེ་ཚོ་ལ་འདི་ཡི་དགོངས་པ་བཟང་དང་འདི་ཡི་དགོངས་པ་ངན་ཞེས་སྒྲོ་སྐུར་སྤང་བར་རིགས་སོ།
གསུམ་པ།   བོད་ལ་གྲུབ་མཐའ་མང་ཡང་མཐར་ཐུག་དགོངས་པ་གཅིག་ཏུ་འབབ་པའི་སྐོར་ལ་   དཔྱད་པ།
དེ་ཡང་འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོ་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། སྐྱེས་བུ་དམ་པ་ལ་བརྟེན་ནས་བྱུང་བའི་སྡིག་པ་ཤིན་ཏུ་མི་བཟད་པས་ཕྱོགས་འཛིན་གྱི་སྡང་ཤུགས་དོར་ནས། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ། ཞེས་ཆོས་ཀྱི་རྒྱལ་མཚན་ནས་གསོལ་བ་འདེབས་པ་ལགས། “སྐྱེས་མཆོག་དེ་རྣམས་ཀྱིས་གསུངས་པའི་ཆོས་ལུགས་དག་ཀྱང་ཚིག་གིས་བརྗོད་ཚུལ་མི་འདྲ་བ་དང་གནས་སྐབས་གདུལ་བྱ་འདྲེན་པའི་ཐབས་མི་འདྲ་བ་ཙམ་ལས་མཐར་ཐུག་གི་འགག་གནད་ཀྱི་ཐོག་ནས་དགོངས་པ་གཅིག་པར་གྱུར་ཡོད་ཀྱི། གཅིག་ཡང་དག་དང་གཅིག་ཕྱིན་ཅི་ལོག་ཏུ་སོང་བ་ནི་གཏན་ནས་མེད”③ཅེས་གསུངས། “སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱིས། སྟོང་བཤད་འདྲེ་ཤར་ནུབ་སྒོར་གླུད་གཏོང་ཚུལ། མཐོང་ཚེ་ཟག་བཅས་ཕུང་པོ་འོད་ཀྱི་སྐུ། གྲོལ་བ་གསང་ཆེན་བོན་གྱི་ཁྱད་པར་ཆོས།”①ཞེས་གསུངས།  བན་བོན་གཉིས་ཀྱི་བསྟན་པའི་བྱེད་ལས་མཐར་ཐུག་པ་ནི།བོན་སྟོན་གཤེན་རབ་མི་བོ་ཆེས། རང་གི་སེམས་ནི་རང་གིས་བཏུལ། ཉོན་མོངས་རྗེས་སུ་སེམས་མ་གཏོང་། ཞེས་གསུངས་པ་དང་།  སྟོན་པ་ཤཱཀྱ་ཐུབ་པས་ཀྱང་། རང་གི་སེམས་ནི་ཡོངས་སུ་འདུལ།འདི་ནི་སངས་རྒྱས་བསྟན་   པའོ།”②ཞེས་འབྱུང་། “ཆོས་དང་བོན་ཞེས་འགལ་བའི་ཚུལ་བྱེད་ཀྱང་།། ཆོས་ལ་བོན་འདྲེས་  བོན་ལ་ཆོས་འདྲེས་པས།”③ ཞེས་གསུངས། “གྲུབ་མཐའ་ཚང་མ་བོད་ཀྱི་བླ་མ་གོང་མ་ཚོས་   གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་ཆོས་གསུངས་ཏེ་གང་ལྟར་གདུལ་བྱ་ཚང་མ་ཐར་པ་  དང་ཐམས་ཅད་མཁྱེན་པའི་ལམ་ལ་ཁྲིད་ཡག་གི་ཐབས་ཤེས་ཤིག་ཡིན་པ་དེ་གསལ་པོ་ཤེས་ཀྱི་ཡོད།”④ཅེས་དང་། “དབུས་གཙང་མངའ་རིས་སོགས་ཀྱི་གྲུབ་པའི་མཐའ། ཀུན་ཀྱང་རྒྱལ་བསྟན་ཁོ་ན་ཡིན་པས་ན། ཕྱོགས་ལྷུང་གདོན་གྱིས་སྡང་ཤུགས་མི་མཛད་པར། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་ན་ལེགས།ཅེས་དང་། ཡང་དེང་སང་ཆོས་ལུགས་གྲུབ་མཐའ་མང་། ཐམས་ཅད་སངས་རྒྱས་ལམ་དུ་གཅིག། དོན་མེད་ཁ་སྡིག་མ་བསགས་པར། ཀུན་ལ་དག་སྣང་མཛོད་ཅིག་ཨང་།”⑤ཞེས་འབྱུང་ལ། “བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང་། གསུངས་རབ་མ་ལུས་གདམས་པ་ཤར་བ་དང་།རྒྱལ་བའི་དགོངས་པ་བདེ་ལགས་རྙེད་པ། ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་།”⑥ཞེས་དང་། “ཆོས་རང་རང་མོས་པའི་ངོ་ན་ཟབ། མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོང་། སྤྱིར་ས་དགེ་བཀའ་རྙིང་སོགས་ཀྱི་གྲུབ་མཐའ་ཀུན་ལ་ཕྱོགས་ལྷུང་གི་སྡང་ཤུགས་བྱེད་མི་རིགས་ཏེ།དེ་དག་རང་རང་གི་ལམ་ལ་བརྟེན་ནས་འཚང་རྒྱ་བའི་ཐབས་ཡོད་ལ། དེའི་ཕྱིར་དུ་ཆོས་སྤོང་གི་ལས་འགོག་པའི་སླད་དུ་ཁོ་བོས་ཀྱང་དུས་རྒྱུན་དུ་གྲུབ་མཐའ་རིས་སུ་མ་ཆད་པ་མཐའ་དག་ལ་དག་སྣང་སྦྱོང་དགོས་ཚུལ་ནན་གྱིས་ཞུས་པ་ཡིན།”① ཞེས་འབྱུང་། “ལྟ་བ་ཕྱོགས་རིས་མེད་པ་ཡི། བསྒམས་པ་ཡེངས་པ་མེད་པ་ཡིན།ཡང་།སེམས་གསལ་སྟོང་ཕྱག་རྒྱ་ཆེན་པོ་ལ། ཕྱག་རྒྱ་ཆེན་པོས་རྟོག་བྲལ་ཟེར། རྫོགས་པ་ཆེན་པོས་ཆོས་ཉིད་ཟེར། ཕར་ཕྱིན་པས་ནི་སྟོང་ཉིད་ ཟེར།”②ཞེས་ཀྱང་འབྱུང་། དེ་ཡང་སྔོན་མ་ཡིན་ན་ཕྱི་རོལ་མུ་སྟེགས་པ་དང་ནང་བསྟན་ཆོས་ལུགས་བར་གྱི་འགལ་བ་ཡོད་པ་ལས་ནང་བསྟན་ཆོས་ལུགས་ནང་ཁུལ་འགལ་བ་དེ་འདྲའི་ཛ་དྲག་ཆེན་པོ་མེད། ཡིན་ཡང་བོད་དུ་ནང་བསྟན་ཆོས་ལུགས་དར་ནས་ད་བར་བསྒྲུབ་བརྒྱུད་ཀྱི་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ནང་ཁུལ་དུའང་གྲུབ་མཐའ་ཕྱོགས་རིས་ཀྱི་དབང་གིས་མི་ལ་ལས་བོད་དུ་ཡོད་པའི་ས་དགེ་བཀའ་རྙིང་དང་། ཇོ་ནང་ཞི་བྱེད་བོན་པོ་དང་བཅས་པའི་ཆོས་ལུགས་དེ་རྣམས་ཕྱི་པ་དང་ནང་པའི་ཆོས་ལུགས་ལྟར་གཞི་ལམ་འབྲས་བུའི་རྣམ་གཞག་མང་པོ་ནས་མི་མཐུན་པའི་ཐ་དད་ཅིག་ཡིན་པར་བསམ་མཁན་ཡོད་ལ། དེའི་དབང་གིས་བོད་ལ་ལོ་རྒྱུས་ཐོག་དགོས་མེད་ཀྱི་འགལ་བ་མང་པོ་བྱུང་ནས་གྱོང་གུད་ཡང་མང་པོ་ཐེབས། ཡིན་ཡང་བོད་དུ་དར་བའི་གྲུབ་མཐའ་སོ་སོའི་བར་ལ་དེ་འདྲའི་འགལ་བ་ཞིག་མེད་པ་གོང་གསལ་གྱི་མཁས་པའི་གསུངས་ལས་རྟོགས་ཐུབ། དེ་ཡང་བོད་ཀྱི་གྲུབ་མཐའ་སོ་སོའི་འབྱུང་ཁུངས་ཚང་མ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞིང་གྲུབ་མཐའ་སོ་སོའི་  མཐར་ཐུག་གི་དམིགས་ཡུལ་ཡང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཁོ་ན་ཡིན་པས། སྐྱེས་ཆེན་དམ་པ་རྣམས་ཀྱིས་ཕྱོགས་རིས་སྤོངས་ཞེས་ལན་གཅིག་མ་ཡིན་པ་གསུངས་ཡོད་པས་ཀུན་གྱིས་གཟབ་པར་འཚལ་ལོ།།
བཞི་པ།གྲུབ་མཐའ་རིས་མེད་མ་བྱས་པའི་ཉེས་སྐྱོན་དང་བྱེད་པའི་དགེ་མཚན་སྐོར་ལ་དཔྱད་པ།
 དེ་ཡང་ནང་ཆོས་ནི་བོད་མི་རིགས་ཀྱི་རིག་གནས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཆགས་ཡོད་ལ། བོད་ནང་ཁུལ་གྱི་ཕན་ཚུན་མཐུན་སྒྲིལ་གྱི་ཟམ་པ་ལྟ་བུ་ཞིག་ཀྱང་ཆགས་ཡོད། དེར་བརྟེན་ང་ཚོས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོར་ཡང་སྣང་ཚུལ་མི་འདྲ་བ་ཙམ་ལས་ངོ་བོ་གཅིག་ཡིན་པ་གསལ་པོ་ཤེས་དགོས། གལ་ཏེ་གྲུབ་མཐའ་ཕྱོགས་རིས་བྱས་ན།གཅིག་ནས་དེ་ནི་ཆོས་ལ་བསྐུར་བ་བཏབ་པའི་ཉེས་དམིགས་སུ་ཆགས་ལ། གཉིས་ནས་བོད་མི་རིགས་ནང་ཁུལ་གྱི་མཐུན་བསྒྲིལ་ལ་གནོད་པ་ཚབས་ཆེན་ཡོང་སྲིད། “གང་ཞིག་ཡང་ཡང་སྡིག་གྲོགས་བསྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། གང་ཞིག་ཕ་མ་དགྲ་བཅོམ་གསོད་དང་མཆོག་ཚོགས་འབྱེད་པའི་མི་དེ་ཡང་། དེ་ཡང་ཆོས་ཉིད་ངེས་པར་བསམ་ན་མྱུར་དུ་དེ་ལས་ཐར་འགྱུར་གྱི།གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད།”①ཅེས་དང་། “མི་དགེ་བཅུ་ལས་ལྕི་ཤོས་ལོག་ལྟ་མི་མངོན་གྱུར་དང་། གཞན་གྱི་གྲུབ་མཐའ་དང་གང་ཟག་ལ་གནོད་སེམས་དང་། ངག་གི་སྒོ་ནས་ཆོས་ལ་སྨོད་ན་ཁ་ན་མ་ཐོ་བའི་རྫུན་ཆེན་པོར་འགྱུར་བ་དང་། དགེ་འདུན་ཕན་ཚུན་མི་མཐུན་པར་བསྟན་སེལ་ཆེན་པོ་བཏང་བས་ཕྲ་མ་དང་། དངོས་སུ་སྡང་ཞུགས་ཀྱིས་སྐྱོན་བརྗོད་པས་ཚིག་རྩུབ་ དང་། ཆགས་སྡང་འབྲེལ་མེད་ཀྱི་གཏམ་སྨྲ་བ་ངག་འཁྱལ་བཅས་མི་དགེ་བ་ཕལ་ཆེར་ཚང་བ”② ཞེས་གསུངས་ལ། “ཕམ་ལྟུང་འབྱུང་ཚུལ་ལ། ཆོས་ལ་ལེགས་ཉེས་འབྱེད་ཅིང་ཡང་དག་ཡིན་མིན་གྱི་ཁ་ཚོན་གཅོད་པ་ནི་འཕགས་པ་ཆོས་སྤྱན་དང་ལྡན་པ་མ་གཏོགས་སོ་སྐྱེས་ཡང་དག་པས་དཔག་  ནུས་པར་མི་འགྱུར་བས་ཆོས་ལ་བཟང་ངན་དུ་ཚད་བཟུང་ནས་གཞན་ལུགས་ལ་སྐུར་པ་གདབ་ན་ རང་ཉིད་འཕགས་པ་ཆོས་སྤྱན་དང་ལྡན་པར་དོན་གྱིས་ཁས་བླངས་པར་སོང་བས་མི་ཆོས་བླ་མའི་ ཡོན་ཏན་མེད་བཞིན་ཡོད་པར་ཁས་འཆེ་བ་སོ་ཐར་གྱི་ཕམ་ལྟུང་དུ་འགྱུར་རོ། ཆོས་ལ་བརྟེན་ནས་སྡིག་གསོག་ན། སྡིག་པ་གཞན་གྱི་དོ་ཟླ་མེད། རང་བསྟན་པ་འཛིན་པར་རློམ་པ་དག། གཞན་བསྟན་འཛིན་དགྲ་ཡི་དྭངས་མར་རློམ།དེ་བསམ་ཀྱིན་སྙིང་ནས་སྐྱོ་བ་སྐྱེས།”③ཅེས་འབྱུང་།  དེ་ལྟར་ཆོས་ལུགས་ཕྱོགས་ཞེན་བྱ་ན་ཉེས་དམིགས་ཧ་ཅང་ཆེ་བ་དམ་པ་ཚོས་ཡང་ཡང་གསུངས་སོ།ཆོས་ལུགས་ཕྱོགས་ཞེན་གྱིས་ཕྱོགས་གཞན་ཞིག་ནས་བོད་ནང་ཁུལ་གྱི་མཐུན་བསྒྲིལ་ལ་འགལ་བ་ བཟོ་བཞིན་ཡོད་པ་ང་ཚོས་ལོ་རྒྱུས་ཀྱི་དེབ་ཐེར་མང་པོ་ལས་གསལ་པོ་མཐོང་ཐུབ། “བན་བོན་   འཁྲུགས་པས་བོད་ཀྱི་ལོ་རྒྱུས་ཉམས།། ཉམས་པའི་རྒྱུ་ཀུན་འཁྲུགས་པའི་ལས་ཀྱིས་བྱས།”①ཞེས་  འབྱུང་། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་སུ་བན་བོན་གཉིས་བར་འགལ་བ་བྱུང་ནས། བོད་རང་ནས་དར་བའི་བོན་ཆོས་ཀྱི་དེབ་མང་པོ་མེ་ལ་བསྲེགས་ཤིང་ཆུ་ལ་བསྐུར་བའི་གནས་ཚུལ་མང་པོ་བྱུང་བས།དེ་ནི་དངོས་གནས་ཆེས་ཡིད་ཕངས་པ་ཞིག་རེད།གལ་ཏེ་དེབ་དེ་དག་ད་ལྟའི་ བར་དུ་ཡོད་ན་བོད་ཀྱི་ལོ་རྒྱུས་འདི་ལས་ཆ་ཚང་བ་དང་འདི་ལས་ཕུན་སུམ་ཚོགས་པ་ཞིག་ཡིན་པ་ སྨོས་མ་དགོས།དེང་སང་ལ་མཚོན་ན་ཡང་། བན་གྱི་ཆོས་སྒོར་ཞུགས་མཁན་གང་ཟག་མང་པོ་ཞིག་གིས་བོན་གྱི་བསྟན་པ་ནི་ལོག་པའི་བསྟན་པ་ཞིག་ཏུ་ངོས་འཛིན་བྱེད་པ་དང་བོན་གྱི་བསྟན་པ་དར་བ་བཀག་འགོག་བྱེད་མཁན་ཡང་སྣང་། གྲུབ་མཐའི་ཕྱོགས་རིས་དང་བན་བོན་གྱི་བསྟན་པའི་  ཕྱོགས་འཐེན་མུ་མཐུད་དུ་བྱེད་ན་བོད་ཀྱི་བན་བོན་གྱི་བསྟན་པ་གཉིས་ཀ་ཉམས་པའི་སྔ་ལྟས་ཤིག་ཏུ་སྣང་། ད་དུང་སྤྱི་ལོ་༡༢༩༠ལོར་འབྲི་གུང་གླིང་ལོག་ནི་བོད་ཀྱི་ལོ་རྒྱུས་ཐོག་ནང་འཁྲུག་རྒྱ་ཆེ་ ཤོས་ཤིག་ཡིན། ནང་འཁྲུག་འདིའི་གཙོ་བོའི་འབྱུང་རྐྱེན་ནི་ཆབ་སྲིད་ཀྱི་འགལ་བ་ཡིན་པ་བཤད་མ་དགོས་ཀྱང་། དེ་ལ་ཡང་གྲུབ་མཐའ་ཕྱོགས་རིས་ཀྱི་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ནི་  ཀུན་གྱིས་མཁྱེན་གསལ་ལྟར་རེད། “དེ་ལྟར་ས་འབྲི་འཐབ་འཁྲུག་གི་ཡོ་ལང་དེས་བོད་དབུས་   གཙང་ཡོངས་ལ་ཟིང་ལོང་ཆེན་པོར་བྱུང་བར་བརྟེན་ཡོན་གོང་མ་སེ་ཆེན་ཐགས་གྱིས་རྒྱལ་སྲས་ཐེ་མུར་བྷོ་ཁས་སྣེ་ཁྲིད་པའི་ཧོར་དམག་དང་། མདོ་སྟོད་སྨད་ཀྱི་དམག་དཔུང་གཏོས་ཆེན་ཞིག་བོད་དུ་མངགས་པ་དང་། དུས་མཚུངས་ས་སྐྱའི་དཔོན་ཆེན་ཨག་ལེན་གྱིས་ཀྱང་དབུས་གཙང་གི་ཁྲལ་དམག་ཕོན་ཆེན་ཁྲིད་དེ་མཉམ་རུབ་ཀྱིས་སྤྱི་ལོ་༡༢༩༠ལོར་བོད་རབ་བྱུང་ལྔ་པའི་ལྕགས་སྟག་ལོར་འབྲི་གུང་པར་དམག་བརྒྱབ་སྟེ་འབྲི་གུང་མཐིལ་གྱི་ལྷ་ཁང་ཆེན་མོ་མེར་བསྲེགས་པ་དང་། སྐྱ་སེར་བསྡོམས་པས་མི་གྲངས་ཁྲི་གཅིག་ལྷག་ཙམ་གྱི་སྲོག་ཤོར་སྐད་འདུག་ཅིང་། དཔོན་ཆེན་ཨག་ལེན་ གྱིས་བྲོས་དམག་འདེད་བཞིག་ཀོང་པོ་བར་ཕྱིན།འབྲི་གུང་པའི་མི་སྡེ་དང་ས་རིས་མང་པོ་ས་སྐྱ་པས་བླངས་པར་གྲགས།”①ཅེས་བྱུང་།དེ་ནི་གྲུབ་མཐའ་ཕྱོགས་ཞེན་བྱས་པའི་ཉེས་སྐྱོན་ཙམ་ཡིན།
དེ་ཡང་གྲུབ་མཐའ་རིས་མེད་ལ་དག་སྣང་སྦྱངས་ན་དགེ་མཚན་བསམ་གྱིས་མི་ཁྱབ་པ་ཡོད་ལ་བོད་ནང་ཁུལ་གྱི་འགལ་བ་མང་པོ་སྦྲུལ་མདུད་རང་ཞིག་ལ་འགྲོ་ངེས། རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོ་བསྡུས་ལས།“ངས་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞག ཚེ་བློས་གཏོང་བ། སྤྲང་པོའི་དམའ་ས་བཟུང་ནས་ཐམས་ཅད་སྤྱི་བོར་ཁུར་བ།ཀུན་ལ་དག་སྣང་སྦྱོང་བ་ གསུམ་ཡིན།བསླབ་པ་རིན་པོ་ཆེ་གསུམ་མམ།སྡོམ་པ་གསུམ་ཡང་འདིར་འདུས་སམ་སྙམ། ཞེས་བྱུང་། ཡང་དེ་ལས།ཅི་ལྟ་བུའི་དགེ་སྦྱོང་ལྟར་བཅོས་པ་མ་རུངས་པ་རྣམས་ཀྱང་བསྐལ་པ་འདིའི་སངས་རྒྱས་ཀྱི་བསྟན་པ་ལ་མྱ་ངན་ལས་འདས་པ་ཐོབ་སྟེ།   འདི་ལྟར་དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས་རྟོགས་ཤིང་རྗེས་སུ་རྟོགས་པ་ལ་སེམས་དྭངས་བ་གཅིག་སྐྱེད་པ་དང་།ཕྱག་འཚལ་ལོ།   ཞེས་ལན་གཅིག་བརྗོད་པ་ཚུན་ཆད་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ།།”ཞེས་ འབྱུང་།། བོད་ནང་ཁུལ་གྱི་འགལ་བ་མི་ཉུང་བ་ཞིག་གྲུབ་མཐའ་ཕྱོགས་རུས་བྱས་པ་ལས་བྱུང་བ་ ཡིན་པས།གལ་ཏེ་མི་ཐམས་ཅད་ལ་གྲུབ་མཐའ་རིས་མེད་ཀྱི་བསམ་བློའི་གོ་རྟོགས་དེ་ཡོད་ན་འགལ་བ་འདི་ཚོ་སྦྲུལ་མདུད་རང་ཞིག་ལྟར་དུ་འགྲོ་བས།འདིའི་དགེ་མཚན་ལ་དགོངས་ནས་ཀུན་གྱིས་
གྲུབ་མཐའི་ཕྱོགས་རིས་དེ་ཡོངས་སུ་སྤངས་བའི་ཕྱོགས་ལ་འབད་དགོས།
 མཇུག་བསྡུ་བ།
དེ་ཡང་དུས་རབས་གསར་པ་འདིའི་ནང་ལ།རིག་གནས་དང་གོམས་གཤིས་མི་འདྲ་བ་དང་།ཆབ་སྲིད་ཀྱི་ངོ་བོ་མི་འདྲ་བ།ཆོས་ལུགས་ཀྱི་དད་མོས་མི་འདྲ་བའི་ས་ཁུལ་སོ་སོས་ཀྱང་ཕན་ཚུན་མཉམ་འབྲེལ་བྱས་ནས་ཁེ་ཕན་གྱི་བྱ་བ་མང་པོ་བསྒྲུབས་དང་སྒྲུབ་བཞིན་ཡོད་ལ།ད་དུང་ཆོས་ལུགས་ཁ་ཤས་ཤིག་གིས་རང་ཉིད་ཀྱི་ཆོས་ལུགས་འདི་མང་ཚོགས་ཀྱིས་ཁས་ལེན་པའི་ཆེད་དང་།   ཆོས་ལུགས་འདི་མུ་མཐུད་དུ་སྤྱི་ཚོགས་འདིའི་ཐོག་གནས་ཐུབ་པའི་དོན་དུ་དུས་རབས་ཀྱི་དགོས་མཁོ་དང་བསྟུན་ནས་སྔོན་མེད་ཀྱི་ནང་དོན་གསར་སྣོན་བྱས་དང་བྱེད་བཞིན་ཡོད།དེ་ཡང་བོད་ལ་མཚོན་ན་མཁས་གྲུབ་ཆེན་པོ་དེ་དག་གིས་རང་གི་ཉམས་མྱོང་ལ་བསྟེན་ནས་གདུལ་བྱ་ལམ་ལ་འཁྲིད་པའི་ཐབས་མཁས་ཀྱི་ཚུལ་ཕྲན་བུ་འདྲ་མིན་དང་།བརྡ་དང་ཐ་སྙད་ཀྱི་ཁྱད་པར་སོགས་ཕྲན་བུ་རེ་མི་འདྲ་བའི་ཁྱད་པར་ཡོད་པ་ཙམ་ལས།དོན་དུ་ཆོས་ལུགས་དེ་དག་གི་མཐར་ཐུག་གི་བསྒྲུབ་བྱ་གཙོ་བོ་ནི་སངས་རྒྱས་ཀྱི་གོ་འཕང་ཡིན་པར་མཚུངས་། དེ་སྒྲུབ་བྱེད་ཀྱི་ཐབས་ཉམས་ལེན་གྱི་རིན་པ་ཡང་ལྷག་པའི་བསླབ་པ་གསུམ་ཡ་མ་བྲལ་ཞིང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ལས་མི་འདའ་བར། མདོ་སྔགས་ཟུང་འབྲེལ་དུ་ཉམས་སུ་ལེན་པ་ལ་མི་མཐུན་པ་མེད་པར་གཅིག་པ་ཡིན་པས་ཐམས་ཅད་མཐར་ཐུག་ན་འབབ་ས་གཅིག་ཡིན། དེ་ཕྱིར་སྤྱི་བོད་ཀྱི་གྲུབ་མཐའ་ཕན་ཚུན་བར་ལ་ཀུན་སློང་རྣམ་དག་དང་མཛའ་བརྩེ་ཕན་སེམས་ཀྱིས་འཐད་མི་འཐད་དགག་བཞག་སྤོང་གསུམ་གྱི་རྩོད་ལན་བྱ་རྒྱུ་ཧ་ཅང་གལ་ཆེ།ཡིན་ཡང་སྒེར་སེམས་ཆགས་སྡང་ངན་པས་ཀུན་ནས་བསླངས་ཏེ་དགོས་མེད་ཀྱི་ཚིག་ངན་སྨྲ་བ་སོགས་ཤིན་ཏུ་ནས་མི་འོས། གལ་ཏེ་གྲུབ་མཐའ་སོ་སོའི་བར་གྱི་སྒེར་སེམས་ཆགས་སྡང་གི་འགལ་བ་དེ་མུ་མཐུད་དུ་གནས་ནས།འགལ་བ་དེ་ཚད་གཞི་ངེས་ཅན་ཞིག་ལ་སླེབས་སྐབས།མི་རིགས་ནང་ཁུལ་བར་གྱི་མཐུན་སྒྲིལ་མེད་པ་ཆགས་པ་མ་ཟད། མི་ རིགས་ནང་ཁུལ་དུ་འགལ་ཟླ་མང་པོ་ཡོང་སྲིད། ཆོས་ལུགས་ཕན་ཚུན་བར་ཕྱོགས་རིས་དང་འགལ་བ་སྣ་ཚོགས་ཀྱི་འགོས་ནད་རྙིང་པའི་ནད་རོ་བསྐྱར་ལངས་གཏན་ནས་མི་ཡོང་བའི་སྔོན་འགོག་བྱེད་དགོས་ལ།དེང་སང་བོད་ཀྱི་ནང་དོན་ཆོས་ལུགས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ཤིག་གིས་རྒྱལ་ཁབ་ཕྱི་ ནང་གི་མཁས་པ་མང་པོའི་ཡིད་དབང་མེད་དུ་འཕྲོག་བཞིན་ཡོད་ལ།དེ་ཡང་བོད་ཀྱི་ནང་ཆོས་ཀྱི་ སྙིང་པོ་སེམས་བཟང་པོ་བྱ་རྒྱུ་འདི་ལ་བརྟེན་ནས། འཚེ་མེད་ཞི་བདེའི་འཛམ་གླིང་ཞིག་བསྐྲུན་པ་ ལ་དམ་པ་ཚོས་ཀུན་ནས་འབད་པ་གནང་དགོས་སོ།
དཔྱད་གཞིའི་ཡིག་ཆ།
༡ ཁུ་བྱུག 《བོད་ཀྱི་དབུ་མའི་ལྟ་བའི་འཆད་ཉན་དར་ཚུལ་བློ་གསལ་མིག་འབྱེད།》 ཀྲུང་གོའི་ བོད་རིག་པ་དཔེ་བསྐྲུན་ཁང་། ༢༠༠༤ལོ། 
༢ པདྨ་ཀུན་བཟང་རང་གྲོལ། 《རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོར་བསྡུས།》སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་།༡༩༨༧ལོར།
༣ དུང་དཀར་བློ་བཟང་འཕྲུན་ལས། 《གྲུབ་མཐའི་སྐོར་གྱི་རྣམ་བཤད།》མི་རིགས་དཔེ་བསྐྲུན་ཁང་།༢༠༠༤ལོར།  
༤ ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།《ཐུའུ་བཀྭན་གྲུབ་མཐའ།》ཀན་སུའུ་མི་རིགས་དཔེ་    བསྐྲུན་ཁང་།༡༩༨༤ལོར།
༥ 《སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བསྡུས་འགྲེལ།》 མི་རིགས་དཔེ་བསྐྲུན་ཁང་།       ༢༠༠༠ལོར།སི་ཁྲོན་ཞིང་ཆེན་བོད་ཡིག་སློར་གྲྭས་བསྒྲིགས།
༦ དུང་དཀར་བློ་བཟང་འཕྲིན་ལས། 《གསུང་འབུམ།》 ༢༠༠༤ལོར།མི་རིགས་དཔེ་བསྐྲུན་  ཁང་།
༧ ཚུལ་ཁྲིམས་བློ་གྲོས།《སྐྱེ་བ་སྔ་ཕྱིའི་རྣམ་གཞག་དང་ལུགས་གཉིས་གསལ་བའི་མེ་ལོང་།》 མི་རིགས་དཔེ་བསྐྲུན་ཁང་། ༢༠༠༧ལོར། 
༨ ཤར་ཡུལ་ཕུན་ཚོགས་ཚེ་རིང་། 《ཆོས་འབྱུང་མཁས་པའི་དགོངས་རྒྱན།》བོད་ལྗོངས་མི་   དམངས་དཔེ་བསྐྲུན་ཁང་། ༢༠༠༣ལོར།
༩ རིན་ཆེན་རྡོ་རྗེས་བསྒྲིགས། 《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་གཅེས་བསྡུས།》 མཚོ་སྔོན་མི་དམངས་དཔེ་བསྐྲུན་ཁང་། ༢༠༠༡ལོར།
༡༠ རྗེ་ཙོང་ཁ་པ། 《རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ཕ》མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་།༡༩༨༧ལོར།
༡༡ སངས་རྒྱས་ཀྱིས་བསྒྲིགས། 《བསྟོད་སྨོན་ཕྱོགས་བསྒྲིགས།》 མཚོ་སྔོན་མི་རིགས་དཔེ་   བསྐྲུན་ཁང་། ༡༩༩༣ལོར།
༡༢ རིག་བསྟན། 《གངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམ།》 མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོར།
༡༣ སྟག་ཚང་ལོ་ཙཱ་བ། 《གྲུབ་མཐའ་ཀུན་ཤེས་ཀྱི་རྩ་འགྲེལ།》 མི་རིགས་དཔེ་སྐྲུན་ཁང་།    ༡༩༩༩ལོར།
༡༤ ཤར་རྫ་བཀྲ་ཤིས་རྒྱལ་མཚན། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད།》 མི་རིགས་   དཔེ་བསྐྲུན་ཁང་། ༡༩༨༥ལོར།
༡༥ རྗེ་བཙུན་དཀོན་མཆོག་འཇིགས་མེད་དབང་པོས་བརྩམས།མཁྱེན་རབ་དབང་ཕྱུག་གིས་  མཆན་འགྲེལ་བཀོད། 《གྲུབ་མཐའ་རིན་ཆེན་ཕྲེང་བའི་ཚིག་འགྲེལ་ཐོར་བུ།》མི་རིགས་དཔེ་སྐྲུན་ ཁང་། མི་རིགས་དཔེ་བསྐྲུན་ཁང་།༡༩༩༦ལོར། 
༡༦ ཐུབ་བསྟན་ཕུན་ཚོགས། 《ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག》  མི་རིགས་དཔེ་བསྐྲུན་ཁང་། ༢༠༠༦ལོར།
 
·གསར་འགྱུར་གོང་མ:ནང་ཆེན་རྫོང་དུ་ས་འགུལ་བྱུང་འདུག
·གསར་འགྱུར་འོག་མ:ལྟ་གྲུབ་ལེཊ་བཤད་མཐོང་བ་ཀུན་གྲོལ་གཟིཊ་པར་འཚལ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 8:17:39 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 11:13:30 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 16:39:41 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 46 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།29.30MS