ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> བྱུང་རབས
གསར་འགྱུར་ཀློག་པ།

བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་དོན་རགས་བསྡུས།

[རྩོམ་པ་པོ:རྒྱལ་མཚན་ལེགས་བཤད་  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2011/8/30 9:58:56  བཀླགས་ཐེངས:1915][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཆེན་མོ་བརྒྱད་ཀྱི་ནང་དོན་རགས་བསྡུས།

༡ རྒྱལ་བུ་དྲི་མེད་ཀུན་ལྡན་གྱི་ལྷ་མོའི་འཁྲབ་གཞུང་།  སྔར་ཡུལ་བེ་ཏའི་གྲོང་ཁྱེར་ཆེན་པོ་ན་རྒྱལ་སྲས་དྲི་མེད་ཀུན་ལྡན་ཞེས་པ་ཁོང་གིས་དབུལ་ཞིང་ཉམ་ཐག་པའི་འགྲོ་བ་རྣམས་སྡུག་བསྔལ་གྱིས་མནར་བ་ལ་བསམ་བཞིན་བསམ་བཞིན་སྐྱོ་བ་སྐྱེས་ནས་རྒྱལ་པོའི་བང་མཛོད་ཀྱི་ནོར་བུ་རྣམས་དབུལ་ཕོངས་རྣམས་ལ་གནང་རྒྱུའི་རེ་བ་དེ་ཁོང་གི་ཡབ་ཆེན་ལ་ཞུས་པ་བཞིན་བཀའ་འཁྲོལ། ཁོང་གིས་སྦྱིན་པ་ཚད་མེད་གཏོང་བའི་སྐབས་སུ་ཡུལ་བྱེ་མའི་ཤིང་དྲུང་གི་རྒྱལ་པོ་ཤིང་ཁྲི་བཙན་པོའི་སྐུལ་སློང་ལྟར་སློང་མོ་བ་དགའ་བའི་བློ་གྲོས་ཀྱིས་ནོར་བུ་དགོས་འདོད་ཀུན་འབྱུང་(སྨོན་ལམ་བཏབ་ཚད་འགྲུབ་པའི་ནོར་བུ་ཞིག)དགོས་པའི་རེ་བ་བཞིན། དྲི་མེད་ཀུན་ལྡན་གྱིས་སྟེར་གནང་མཛད་པ་རྒྱལ་པོས་གསན་ནས་ཁོང་ཁྲོ་ཚད་མེད་ལངས་ཏེ་རྒྱལ་སྲས་བདུད་རི་ཧ་ཅང་ལ་རྒྱང་འབུད་བཏང༌། ལམ་བར་ནས་བྲམ་ཟེ་སློང་མོ་བ་གསུམ་གྱིས་རྒྱལ་སྲས་ཉིད་ཀྱི་བཙུན་མོ་དང་ཕྲུ་གུ་གསུམ་པོ་སློང་མོ་ཞུས་པ་ལྟར་སྦྱིན་པ་བཏང༌། དེ་ནས་ཁོ་རང་གཅིག་པུ་རྒྱང་འབུད་ཀྱི་ས་གནས་སུ་སྐྱོད་སྐབས་ཁོང་རང་ཉིད་ཀྱི་སྤྱན་གཉིས་ཀྱང་དགའ་ཚོར་ཆེན་པོས་སྦྱིན་པ་བཏང༌། རྒྱལ་བུ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཅང་ལ་མི་ལོ་བཅུ་གཉིས་བཞུགས་རྒྱུའི་དུས་ཚོད་ཚང་སྟེ་ཕྱིར་ལོག་ཕེབས་སྐབས། སྔར་གྱི་བྲམ་ཟེ་རྣམས་ཀྱིས་ལྕམ་སྲིང་གསུམ་དང་བཙུན་མོ་མན་དེ་བཟང་མོ་རང་འཇགས་རྒྱལ་པོར་ཕུལ། རྒྱལ་བུའི་སྤྱན་གཉིས་ཀྱང་ལས་འབྲས་བཟང་པོའི་སྟོབས་ཀྱིས་སྔར་བཞིན་གསལ་བར་གྱུར། ནོར་བུ་དགོས་འདོད་ཀུན་འབྱུང་ཡང་རང་འཇགས་རྒྱལ་པོར་ཕུལ། བེ་ཏའི་ཡུལ་གྱི་རྒྱལ་འབངས་རྣམས་ཀྱིས་བསུ་བ་ཞུས།  རྗེས་སུ་རྒྱལ་སྲས་གཉིས་ཀྱིས་རྒྱལ་སྲིད་ལེགས་པར་བསྐྱངས་སོ།
༢ གཅུང་པོ་དོན་ཡོད་དང་གཅེན་པོ་དོན་གྲུབ་ཀྱི་རྣམ་ཐར།  སྔར་རྒྱ་གར་གྱི་ཡུལ་གྲུ་ཆེན་པོ་ཟངས་གླིང་ན་རྒྱལ་པོ་སྟོབས་ཀྱི་ལྷ་ཞེས་བྱ་བར་བཙུན་མོ་རྒན་པ་ཀུན་བཟང་མར་རྒྱལ་བུ་དོན་གྲུབ་འཁྲུངས། དེ་ནས་ལོ་ལྔ་ཙམ་ནས་རྒྱལ་བུ་དོན་གྲུབ་ཀྱི་ཡུམ་སྐུ་གཤེགས་པས་ཕལ་པའི་བུ་མོ་པད་མ་ཅན་ཞེས་པ་རྒྱལ་པོའི་བཙུན་མོར་བསུས་པར་རྒྱལ་སྲས་དོན་ཡོད་འཁྲུངས།  བཙུན་མོ་པད་མ་ཅན་གྱིས་རྒྱལ་སྲས་དོན་གྲུབ་ལ་རྒྱལ་སྲིད་ཤོར་བའི་དོགས་པས་བསམ་ངན་བཏིང་སྟེ་བཙུན་མོ་པདྨ་ཅན་གྱིས་ན་རྫུ་བཏབ། ནད་གཞི་དྲག་སྐྱེས་ཡོང་བར་རྒྱལ་བུ་དོན་གྲུབ་གསོད་པའམ་རྒྱང་འབུད་གཏོང་དགོས་པའི་རེ་བ་བཏོན་པ་ལྟར་ཐག་བཅད། རྒྱལ་བུ་དོན་གྲུབ་དང་དོན་ཡོད་གཉིས་ཉིན་མཚན་ཀུན་དུ་ཟ་སྤྱོད་སྡོད་གསུམ་མཉམ་དུ་ཡིན་པས་བརྩེ་དུང་ཧ་ཅང་ཆེ་བར་བརྟེན། མཐར་རྒྱལ་བུ་དོན་གྲུབ་རྒྱང་འབུད་གཏོང་སྐབས་གཅུང་པོ་དོན་ཡོད་ཀྱིས་ཀྱང་གཅེན་པོ་མཉམ་དུ་འགྲོ་རྒྱུའི་ཨུ་བཙུགས་མཐའ་སྐྱེལ་གནང་སྟབས་མཉམ་དུ་མི་འཁྲིད་ཀ་མེད་བྱུང་སྟེ་མི་མེད་ལུང་སྟོང་ཀོ་ཤའི་ཡུལ་ལ་བསྐྱོད་དོ། ལ་ལུང་མང་པོར་དཀའ་སྤྱད་ཚད་མེད་ཀྱིས་སྐྱོད་སྐབས་གཅུང་པོ་དོན་ཡོད་བཀྲེས་སྐོམ་གྱིས་སྐུ་གཤེགས། གཅེན་དོན་གྲུབ་ལམ་བར་དུ་སོང་སོང་བའི་སྐབས་དགེ་སློང་བགྲེས་སྲོང་ལེགས་པའི་བློ་གྲོས་དང་མཇལ་ནས་ཁོང་གི་གཡོག་རྒྱུགས་ནས་བཞུགས། ལྷ་ཚངས་པ་དང་བརྒྱ་བྱིན་གྱིས་བྲམ་ཟེར་སྤྲུལ་ནས་གཅུང་པོ་དོན་ཡོད་ཀྱི་ཞལ་ལ་ཐང་ཆུ་གཏོར་བས་སྐུ་ལུས་སྔར་བཞིན་སོས་ཀྱང་ལས་དབང་གིས་བར་སྐབས་ཤིག་ཐུག་འཕྲད་མ་བྱུང་བའི་རིང༌། རྒྱལ་བུ་དོན་གྲུབ་གནས་སའི་ལུང་པ་དེར་ཕྲུ་གུ་འབྲུག་ལོ་པ་མཚོ་རྫས་སུ་བསྐྱུར་སྲོལ་ཡོད་པ་ཞལ་བཞེས་མ་གནང་ན། དགེ་སློང་ལེགས་པའི་བློ་གྲོས་ལ་གནོད་འཚེ་མི་ཕོག་པའི་ཆེད་མཚོ་ནང་དུ་རང་འགུལ་གྱིས་མཆོངས་ཏེ་ཀླུ་ཡུལ་དུ་ཕེབས་པ་དང་ཀླུ་རྣམས་ཀྱི་མི་འདོད་པའི་སྡུག་བསྔལ་ཀུན་ཞི་བར་གྱུར་བས། རྒྱལ་བུ་ཁོང་ཀླུ་ཡུལ་ནས་མི་ཡུལ་དུ་ཕེབས་སྐབས་ནོར་བུ་བསམ་འཕེལ་ལ་སོགས་པའི་འབུལ་བ་གྱ་ནོམ་པ་ཕུལ།  དེ་ནས་ཡུན་རིང་མ་སོང་བར་རྒྱལ་བུ་དོན་ཡོད་དང་མཇལ། རྒྱལ་བུ་དོན་གྲུབ་རང་ཉིད་ཡུལ་འདི་གའི་རྒྱལ་པོ་གནང་བ་དང༌། རྒྱལ་བུ་དོན་ཡོད་ཟངས་གླིང་ཡུལ་གྱི་རྒྱལ་པོ་ཡབ་སྟོབས་ཀྱི་ལྷའི་དྲུང་དུ་ཕེབས་ཏེ་ཡབ་ཀྱི་རྒྱལ་སྲིད་བུས་བསྐྱངས་ཏེ་རྒྱལ་ཁབ་བདེ་ཞིང་མངའ་ཐང་རྒྱས་པར་གྱུར་ཏོ།།
༣ རྒྱ་བཟའ་དང་བལ་བཟའི་རྣམ་ཐར།  དུས་རབས་བདུན་པའི་ནང་བོད་རྒྱལ་སོ་གཉིས་པ་སྲོང་བཙན་སྒམ་པོས་བལ་ཡུལ་དང་རྒྱ་ནག་ལ་བློན་པོ་མངགས་ཏེ་བལ་བཟའ་དང་རྒྱ་བཟའ་བསུ་ཚུལ་གྱི་རྣམ་པ་མཚོན་པ་མ་ཟད་རྒྱལ་པོས་དགའ་སྟོན་གྱི་རྟེན་འབྲེལ་གཟབ་རྒྱས་བཤམས་ཐོག་དགའ་བདེའི་དཔལ་ལ་རོལ་བ་ཞིག་ཡིན། དེ་བཞིན་རྒྱ་བཟའ་བསུ་བའི་སྐབས་རིག་པའི་འགྲན་བསྡུར་ཁག་བརྒྱད་བྱས་ཡོད་པ་སྟེ། ༡གཡུ་མིག་ཀྱག་ཀྱོག་ནང་དར་སྐུད་རྒྱུ་བ།  ༢ཉིན་གཅིག་ནང་ལུག་བརྒྱ་བསད་ཟིན་པ་དང་དེའི་ཤ་བཟས་ཟིན་པ།  པགས་པ་མཉེས་ཟིན་པ་བྱ་རྒྱུ། ༣ཆང་བན་ཆེན་པོ་བརྒྱ་ཉིན་གཅིག་ནང་བཏུང་ཟིན་པ་མ་ཟད།  མ་འབོ་བ་དང་མ་བཟི་བ་བྱ་རྒྱུ། ༤རྟ་མ་བརྒྱ་དང་རྟེའུ་བརྒྱ་ཁ་ཕྲལ་ནས་མ་བུ་ཁ་སྦྱོར་ཐུབ་པ་བྱ་རྒྱུ། ༥བྱ་མོ་བྱ་ཕྲུག་ཁ་ཕྲལ་ནས་བྱ་ཕྲུག་སུ་ཡིན་ངོ་ཤེས་པ་བྱ་རྒྱུ། ༦གསོམ་ཤིང་མགོ་མཇུག་མཚུངས་པ་བརྒྱའི་མགོ་མཇུག་ངོ་ཤེས་ཐུབ་པ་བྱ་རྒྱུ། ༧སྟོན་མོའི་ཐོག་ཆང་གིས་ཡོངས་སུ་བཟི་རྗེས་མཚན་མོ་མུན་ནག་ནང་སོ་སོ་གནས་ཚང་དུ་ལོག་ཐུབ་པ་བྱ་རྒྱུ།  ༨བུ་མོ་སྐྱེ་འབྲས་མཚར་ལུགས་གཅིག་མཚུངས་ཡིན་པ་སུམ་བརྒྱའི་ནང་ནས་ཀོང་ཇོ་ངོ་ཤེས་ཐུབ་པ་བྱ་རྒྱུ་སོགས་ངོ་མཚར་བ་མང་པོ་ཡོད།
༤ ཆོས་རྒྱལ་ནོར་བཟང་གི་རྣམ་ཐར།  སྔར་རྒྱ་གར་ཤར་གླིང་ན་མངའ་ཐང་དང་སྟོབས་འབྱོར་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་གཉིས་ཡོད་པ་ལ། དུས་ནམ་ཞིག་ལ་བྱང་ཕྱོགས་མངའ་ཐང་ལྡན་པའི་རྒྱལ་ཁབ་དེ་སྔར་མངའ་ཐང་རྒྱས་ཤིང་བདེ་སྐྱིད་ཀྱི་འཚོ་བར་རོལ་བ་དང༌། ལྷོ་ཕྱོགས་རིགས་ལྡན་རྒྱལ་ཁབ་ནི་ཉམས་རྒུད་དུ་སོང་བས་ཡུལ་དེའི་ས་གཞི་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་འབངས་འཁོར་མི་སེར་རྣམས་བྱང་ཕྱོགས་རྒྱལ་ཁབ་ལ་གནས་སྤོས་པ་སོགས་ལྷོ་ཕྱོགས་རིགས་ལྡན་རྒྱལ་པོ་ཤག་པ་གཞོན་ནུས་ཤེས་རྗེས། སྔགས་པ་ཞིག་བོས་ནས་བྱང་ཕྱོགས་རྒྱལ་ཁབ་ཀྱི་མངའ་ཐང་ལོངས་སྤྱོད་ལྷོ་ཕྱོགས་རྒྱལ་ཁབ་ལ་ཡོང་བའི་ཐབས་ཤེས་བཏང་དུ་བཅུག་པས།  སྔགས་པས་བྱང་ཕྱོགས་ཀྱི་བླ་མཚོར་མཐུ་རྫས་བཏབ་ནས་བླ་མཚོ་ལང་ལོང་དུ་འཁྲུགས་ནས་ཀླུ་རྣམས་འུ་ཐུག་སྟེ་མཚོ་ཁར་ཐོན་ནས་རྒྱུན་དུ་མཚོ་ཁར་སྡོད་པའི་རྔོན་པ་ཞིག་ལ་སྲོག་སྐྱབས་ཀྱི་རེ་བ་བཅོལ་བ་བཞིན་སྔགས་པ་བསད།  ཀླུ་རྣམས་ཀྱིས་རྔོན་པས་སྔགས་པ་བསད་པའི་བཀའ་དྲིན་ལ་ནོར་བུ་དགོས་འདོད་དཔུང་འཇོམས་སོགས་ཕུལ།  རྔོན་པས་ནོར་བུའི་ནོར་ཉམས་མི་ཆོད་སྟབས་ཀེའུ་རིའི་དྲང་སྲོང་བློ་གྲོས་རབ་གསལ་གྱི་དྲུང་དུ་ནོར་ཉམས་གཅོད་པར་སོང་ནས་སྡོད་སྐབས་ལྷ་ཡུལ་ནས་ལྷ་དང་ལྷ་མོ་མང་པོ་དྲང་སྲོང་གི་དྲུང་དུ་སྐུ་ཁྲུས་གསོལ་བར་ཕེབས་པ་མཐོང་བ་དང༌། རྔོན་པས་ཡིད་འཕྲོག་ལྷ་མོ་མཐོང་བ་དང་ཡིད་རབ་ཏུ་འཕྲོག་སྟེ་ནོར་བུ་དོན་ཡོད་ཞགས་པས་ཡིད་འཕྲོག་ལྷ་མོ་བཟུང༌། དེ་ནས་རྔོན་པས་དྲང་སྲོང་ཆེན་པོའི་བཀའ་བཞིན་ཡིད་འཕྲོག་ལྷ་མོ་ཆོས་རྒྱལ་ནོར་བཟང་ལ་ཕུལ་བས་རྒྱལ་པོ་དགའ་སྤྲོ་ཚད་མེད་སྐྱེས། འོན་ཀྱང་ཉིན་དེ་ནས་བཙུན་མོ་ཉིས་སྟོང་ལྔ་བརྒྱ་ཡིད་མི་དགའ་བར་གྱུར་ཏེ། ཡིད་འཕྲོག་ལྷ་མོ་གསོད་རྒྱུའི་ཇུས་ངན་བཏིང་སྟེ།  ཨ་མཆོད་ཧ་རི་ནག་པོའི་ཁོག་པ་བརྒྱངས་ཏེ་རྒྱལ་པོ་བྱང་ཕྱོགས་སུ་མི་རྒོད་ཀྱི་དམག་བཏུལ་བར་བཏང་བ་དང༌། དེའི་སྐབས་སུ་བཙུན་མོ་ཉིས་སྟོང་ལྔ་བརྒྱ་དང་ཨ་མཆོད་ཧ་རི་ནག་པོས་ཕོ་བྲང་དགའ་བའི་བསམ་གླིང་མཐའ་བསྐོར་ཏེ་ཡིད་འཕྲོག་ལྷ་མོའི་སྙིང་ཚིལ་ལེན་པར་ཡོང་སྐབས། བུ་མོ་ང་ལ་འགྲན་ན་ནམ་མཁའི་མཐོངས་ལ་འཕུར་ཤོག་ཞེས་ཟེར་ཏེ་བར་སྣང་ལ་འཕུར། དེ་ནས་ཀེའུ་རིའི་དྲང་སྲོང་ཆེན་པོ་བློ་གྲོས་རབ་གསལ་གྱི་དྲུང་དུ་ཕེབས་ཏེ་ཡིད་འཕྲོག་རང་གི་སོར་གདུབ་དྲང་སྲོང་ལ་བཞག་ནས་ཆོས་རྒྱལ་ནོར་བཟང་ཕེབས་ན་སོར་གདུབ་དེ་བསྣམས་ནས་འཚོལ་བར་ཕེབས་གསུངས་རོགས་ཞུས་ཏེ་ལྗོན་པའི་ཡུལ་དུ་བྱོན།
ཆོས་རྒྱལ་ནོར་བཟང་གིས་དགྲ་དམག་བཏུལ་ནས་རང་ཡུལ་དུ་ཕེབས་ཀྱང་ཡིད་འཕྲོག་མེད་པས་གང་སར་བཙལ་བ་དང་མཐར་ལྗོན་པའི་ཡུལ་དུ་ཕེབས་ཏེ་ཡིད་འཕྲོག་ལྷ་མོ་རང་ཡུལ་དུ་བསུས་པ་དང་ཨ་མཆོད་ཧ་རི་ནག་པོ་དང་བཙུན་མོ་ཉིས་སྟོང་ལྔ་བརྒྱའི་བྱེད་གཏེ་དོན་གྲུབ་དཔལ་མོ་སོགས་ལ་ཁྲིམས་ཀྱི་ཆད་པ་བཅད་པ་ཡིན་ནོ།
༥ གཟུགས་ཀྱི་ཉི་མའི་རྣམ་ཐར།  སྔར་རྒྱ་གར་གྱི་གྲོང་ཁྱེར་སེམས་ཀྱི་བློ་གྲོས་ཞེས་པར་རྒྱལ་པོ་ཟླ་བའི་དེད་དཔོན་དང་བཙུན་མོ་ལྷའི་དཔལ་མོ་ལ་སྲས་ཆེ་བ་ཟླ་བའི་སེང་གེ་དང་སྲང་ཆུང་བ་ཟླ་བའི་གཞོན་ནུ་འཁྲུངས་ཤིང༌། རྒྱལ་ཁབ་ཀྱི་སྟོབས་འབྱོར་ཧ་ཅང་རྒྱས། རྗེས་སུ་རྒྱལ་སྲིད་ཡང་སྲས་ཆེ་བ་ཟླ་བའི་སེང་གེར་གནང་བ་དང་ལས་དབང་སྟོབས་ཀྱིས་རིགས་ངན་གྱི་བུ་མོ་ཞིག་བཙུན་མོར་བཞེས། ཉིན་ཞིག་རྒྱལ་པོའི་མེ་ཏོག་ལྡུམ་རའི་ནང་ཕག་རྒོད་ཅིག་ཡོང་ནས་ས་སློག་ཟང་ཟིང་བཟོ་བ་རྔོན་པའི་བུས་མཐོང་བས་མདའ་གཞུ་ཐོགས་ཏེ་དེད་བཞིན་འགྲོ་སྐབས་གླ་བ་ཞིག་དང་འཕྲད། གླ་བ་དེ་དེད་བཞིན་འགྲོ་སྐབས་ཤྭ་བ་ཞིག་དང་འཕྲད། ཤྭ་བ་དེ་དེད་བཞིན་འགྲོ་སྐབས་ནགས་ཚལ་སྟུག་པོའི་ཁྲོད་དུ་སླེབས་ཏེ་ཤར་ནུབ་ཀྱི་ཁ་ཕྱོགས་མི་ཤེས་པར་ལུས་ནས་སྡོད་སྐབས། རབ་མཛེས་བྲམ་ཟེའི་བུ་མོ་ཆབ་བཞེས་པརབཕེབས་པ་དང་མཇལ་བས་ལམ་སྟོན་གྱི་རྩ་ཀུ་ཤ་གནང༌།  རྔོན་པའི་བུས་རྒྱལ་པོ་ཟླ་བའི་སེང་གེ་ལ་གཟུགས་ཀྱི་ཉི་མའི་གནས་ཚུལ་ཞུས་པས་རྒྱལ་པོ་འཁོར་བཅས་རྔོན་པའི་ལམ་སྟོན་འོག་གཟུགས་ཀྱི་ཉི་མ་འཚོལ་བར་ཕེབས་པས་སྒོམ་ཆེན་དང་མཇལ། རྒྱལ་པོས་སྒོམ་ཆེན་གྱི་དྲུང་ནས་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསླབ་བྱ་དང་དགེ་བསྙེན་གྱི་སྡོམ་པ་ཡང་བཞེས། སྒོམ་ཆེན་གྱིས་བུ་མོ་རྒྱལ་པོའི་བཙུན་མོར་གནང་བ་དང་བུ་མོ་ཐོན་ཁར་སྒོམ་ཆེན་གྱི་ཐུགས་དམ་གྱི་རྟེན་མུ་ཏིག་གི་ཕྲེང་བ་གནང་ནས་སྲུང་བ་ཟབ་མོ་དེ་ཚེ་གང་ལུས་དང་འབྲལ་རྒྱུ་མེད་པའི་བསླབ་བྱ་གནང་བ་དང་གྲོང་ཁྱེར་སེམས་ཀྱི་བློ་གྲོས་སུ་ཕེབས་ནས་རྟེན་འབྲེལ་གྱི་མཛད་སྒོ་གཟབ་རྒྱས་ཚོགས་པ་སོགས་བྱས་པས་རིགས་ངན་བུ་མོས་གཙོས་པའི་རྒྱལ་པོའི་སྔར་གྱི་བཙུན་མོ་རྣམས་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ནས། རིགས་ངན་གྱི་བུ་མོའི་ངན་སྐུལ་འོག་གཡོ་སྒྱུ་བསླུ་བྲིད་ལ་མཁས་པའི་ཡ་མ་གན་དེ་བཟང་མོས་རྒྱལ་པོ་དང་གཟུགས་ཀྱི་ཉི་མའི་འཁོར་བཅས་ལ་རྫས་ངན་སུམ་ཅུ་སོ་གཉིས་ལས་གྲུབ་པའི་གཉིད་སྨན་སྟེར་ཡང་སྲུང་བའི་བྱིན་རླབས་ཀྱིས་ཉིན་མཚན་གསུམ་གཉིད་ཁུག་རྒྱུ་ལྟ་ཅི་སྔར་ལས་ཀྱང་རིག་པ་དྭངས་བར་གནས་ཏེ་གཞས་དང་ཞབས་བྲོར་རོལ། གཟུགས་ཀྱི་ཉི་མར་གནོད་འཚེས་མི་ཚུགས་པའི་སྲུང་བ་ཡོད་པ་གན་དེ་བཟང་མོས་ཚོར་ཏེ་ཡུན་རིང་གཟུགས་ཀྱི་ཉི་མའི་གཡོག་བྱེད་ཁུལ་གྱིས་བསྡད། ཉིན་ཞིག་གན་དེ་བཟང་མོས་གཟུགས་ཀྱི་ཉི་མར་མགོ་སྐོར་བསླུ་བྲིད་ཀྱི་སྲུང་བ་རྫུན་མ་ཞིག་བཟོས་ཏེ་ཕྱག་ཏུ་ཕུལ། དེ་ནས་གན་དེ་བཟང་མོས་སླར་ཡང་གཉིད་ཁུགས་པའི་རྫས་ངན་རྒྱལ་པོ་འཁོར་བཅས་ལ་བཏབ་ཏེ་གཉིད་དུ་ཤོར་བའི་རིང༌། གན་དེ་བཟང་མོས་གླང་པོ་ཆེ་རབ་བརྟན་བསད་པ་དང་ཁོག་སྟོད་གཟུགས་ཀྱི་ཉི་མའི་གཡས་སུ་བཞག  ཁོག་སྨད་གཡོན་དུ་བཞག  ནང་འཁྲོལ་རྣམས་གཟུགས་ཀྱི་ཉི་མའི་སྔས་མགོར་སྤུངས། དུར་ཁྲོད་ནས་མི་རོ་བསླངས་ཏེ་གཟུགས་ཀྱི་ཉི་མའི་མདུན་དུ་སྤུངས། དེའི་རྗེས་སུ་རྒྱལ་པོའི་གཅུང་པོ་སྲས་ཟླ་བའི་གཞོན་ནུ་བསད་དེ་ཤ་ཁྲག་རྣམས་གཟུགས་ཀྱི་ཉི་མའི་སྔས་མགོར་སྤུངས། མངོན་ཤེས་ཤོད་པའི་སྨྲ་མཁན་ནེ་ཙོ་ཡང་བསད་པས། རྒྱལ་པོས་རང་ཉིད་མི་ངན་གྱི་མགོ་སྐོར་འོག་ཚུད་པ་མ་ཤེས་པར་གཤེད་མ་གསུམ་བོས་ནས་གཟུགས་ཀྱི་ཉི་མ་དུར་ཁྲོད་དུ་འཁྲིད་ནས་བསད་དགོས་པའི་བཀའ་ཕབ། གཤེད་མ་གསུམ་གྱིས་གཟུགས་ཀྱི་ཉི་མ་ཧ་ཅང་མཛེས་པས་གྲིས་གཤགས་མི་ཕོད་པར་རང་འཇགས་བཞག་སྟེ་སེམས་ཅན་གདུག་པ་ཅན་གྱིས་ཟ་རུ་བཅུག  དེ་ཚོས་ཟ་རྒྱུ་ལྟ་ཅི་གུས་ཤིང་སྤྱི་བོས་བཀུར།  དེ་ནས་རིམ་བཞིན་གཟུགས་ཀྱི་ཉི་མ་རྣལ་འབྱོར་མ་ཆེན་མོར་གྱུར་ཏེ་རྒྱལ་ཁམས་བསྐོར། གྲོང་ཁྱེར་སེམས་ཀྱི་བློ་གྲོས་སུ་ཕེབས་ནས་ཆོས་འཁོར་སྐོར་སྐབས་ཡ་མ་གན་དེ་བཟང་མོས་གཟུགས་ཀྱི་ཉི་མ་ཡིན་པ་མ་ཤེས་པར་སྔར་བྱས་ཀྱི་ལས་ངན་ལ་འགྱོད་གཤགས་བྱས་པ་དང་ཕྱིན་ཆད་ལས་ངན་མི་བྱེད་རྒྱུའི་དམ་བཅའ་བཞག  བློན་པོ་རིག་པ་ཅན་ཨ་བོ་ན་གེས་གཟུགས་ཀྱི་ཉི་མ་ཡིན་པ་ཧ་གོ་ནས་རྒྱལ་པོར་སྙན་གསེང་ཞུས། རྒྱལ་པོས་ཀྱང་སྔར་བྱས་ཀྱི་ལས་ངན་ལ་སྡིག་གཤགས་བྱས་པ་དང་སྔར་བཞིན་རྒྱལ་པོའི་བཙུན་མོ་གནང་དགོས་པའི་ཞུ་བ་ཕུལ། རྣལ་འབྱོར་མས་ཀྱང་ཁས་ལེན་པ་དང་ཡུན་རིང་མ་སོང་བར་སྲས་ཉི་མ་སེང་གེ་འཁྲུངས། རྗེས་སུ་རྒྱལ་སྲིད་སྲས་ཉི་མ་སེང་གེས་བསྐྱངས་ཏེ་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པར་གྱུར་ཏོ།།
༦ འགྲོ་བ་བཟང་མོའི་རྣམ་ཐར།  སྔ་ཡུལ་མཎ་ཌལ་སྒང་དུ་ཡབ་བྲམ་ཟེ་བློ་བོ་དང་ཡུམ་བྲམ་ཟེ་མཛེས་མ་ཞེས་པར་སྲས་མོ་ཞིག་འཁྲུངས་སྐབས་ལྟས་ཧ་ཅང་བཟང་པོ་བྱུང་བས་མཁའ་འགྲོ་མ་འགྲོ་བ་བཟང་མོ་ཞེས་མཚན་གསོལ།  དུས་ནམ་ཞིག་གི་ཚེ་ཡུལ་མཋལ་སྒང་གི་རྒྱལ་པོ་ཀ་ལ་དབང་པོས་བློན་འབངས་འཁོར་བཅས་དང་བཅས་རི་དྭགས་རྔོན་པར་སྐྱོད་སྐབས་ཁྱི་མོ་ལྕགས་ཁྲ་འབ་ཤེས་དེ་གར་སོང་ཆ་མེད་དུ་གྱུར་བས་རྒྱལ་པོ་ཐུགས་ཁྲལ་ཆེན་པོ་སྐྱེས་ཏེ་གང་སར་འཚོལ་བའི་བཀའ་ཕབ་སྟེ་བཙལ་ཀྱང་མ་རྙེད། བློན་པོ་ཏྲི་ན་འཛིན་གྱིས་ཤར་ཕྱོགས་ནགས་གསེབ་ཏུ་ཁང་ཆུང་ཞིག་ཡོད་པ་མཐོང་ནས། དེར་རྒྱལ་པོ་འཁོར་བཅས་ཕེབས་ཏེ་བྲམ་ཟེ་རྒན་རྒོན་གཉིས་ཡོད་པ་ལ་ཁྱི་མོ་ཞིག་སླེབས་ཡོད་མེད་བཀའ་འདྲི་གནང་བ་ལ་ཁྱི་མོ་ཞིག་ཡེ་ནས་མ་མཐོང་ཞེས་ཞུས།  རྒྱལ་པོས་ཕྱོགས་བཞིར་གཟིགས་སྐབས་སྒོ་ལྕགས་བརྒྱབ་པའི་ཁང་པ་ཞིག་གཟིགས་ནས་སྒོ་ཕྱེ་དགོས་པའི་བཀའ་ཕབ། སྒོ་ཕྱེ་རྗེས་ཁང་པའི་ནང་འགྲོ་བ་བཟང་མོ་ཡོད་པ་གཟིགས་ནས་རྒྱལ་པོ་ཁོ་རང་གི་བཙུན་མོར་དགོས་ལུགས་གསུངས་ནས་ཕོ་བྲང་དུ་གདན་དྲངས་ཏེ་དགའ་སྟོན་གཟབ་རྒྱས་གནང༌། ལོ་ཤས་སོང་རྗེས་འགྲོ་བ་བཟང་མོར་ལྷ་གཅིག་ཀུན་ཏུ་བཟང་མོ་འཁྲུངས། དེ་ནས་ལོ་གསུམ་སོང་རྗེས་ལྷ་སྲས་ཀུན་ཏུ་ལེགས་པ་འཁྲུངས་པས་རྒྱལ་པོའི་སྔར་གྱི་བཙུན་མོ་ཧ་ཅང་བདུད་མོ་ཞེ་སྡང་ཆེ་བའི་དབང་གིས་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་ཏེ། མངའ་འོག་བློན་པོ་བསླུ་བྲིད་བྱས་ཏེ་རྒྱལ་པོ་ཀ་ལ་དབང་པོར་སྨྱོ་ཆུ་སྟེར་ནས་བཙོན་དུ་བཅུག  འགྲོ་བ་བཟང་མོ་གསོད་པར་བཏང་བ་དེ་འགྲོ་བ་བཟང་མོས་མཁྱེན་ནས་ཁོ་རང་གི་རྒྱན་ཆ་རྣམས་བུ་མོ་ལྷ་ཅིག་ཀུན་བཟང་ལ་བཞག་ནས་ནམ་མཁར་འཕུར་ཏེ་ནུབ་ཕྱོགས་མཁའ་འགྲོའི་ཡུལ་ལ་ཕེབས་པས་ཧ་ཅང་བདུད་མོ་ཐབས་ཤེས་མ་རྙེད། དེ་ནས་ཡང་ཧ་ཅང་བདུད་མོས་ན་རྫུ་བཏབ་ཏེ་ནད་གཞི་དྲག་སྐྱེས་ཀྱི་ཆེད་དུ་ལྷ་གཅིག་ཀུན་བཟང་དང་ལྷ་སྲས་རྒྱལ་བུའི་སྙིང་གིས་ཕན་ཚུལ་བཤད་དེ་བཤན་པ་གཉིས་བོས་ཏེ་ཁོ་གཉིས་གསོད་པར་བཏང༌།  བཤན་པ་གཉིས་ཀྱིས་ཁོ་གཉིས་གསོད་རྒྱུ་ལྟ་ཅི་ཕ་མ་མེད་པའི་ཕྲུ་གུ་དེ་གཉིས་ལ་སྙིང་རྗེ་ཚད་མེད་སྐྱེས་ཏེ་ཚེ་ཐར་བཏང༌།  དེའི་ཚབ་ཏུ་ཁྱི་གཉིས་བསད་དེ་དེའི་སྙིང་ཧ་ཅང་བདུད་མོར་ཕུལ། ཉིན་ཞིག་ཧ་ཅང་བདུད་མོ་ཕོ་བྲང་གི་ཐོག་ཁར་སྤྲོ་འཆམ་ལ་སྐྱོད་སྐབས་ཕྲུ་གྲུ་གཉིས་པོ་རྩེད་མོ་རྩེད་པ་མཐོང་བས། ལམ་སེང་ཉ་པ་རྒན་རྒོན་གཉིས་གསོད་པར་བཏང་ཡང་གོང་ལྟར་སྙིང་རྗེ་སྐྱེས་ཏེ་ཕྲུ་གུ་གཉིས་ཚེ་ཐར་བཏང་ཏེ་ཉ་པ་རྒན་རྒོན་གཉིས་པོ་བྲོས་ཏེ་ཕྱིན། ཡང་ཉིན་ཞིག་ཧ་ཅང་བདུད་མོ་སྤྲོ་འཆམ་དུ་སྐྱོད་སྐབས་ཕྲུ་གུ་གཉིས་པོ་མཐོང་བས་ཁོང་ཁྲོ་ཆེན་པོས་བློན་པོ་རྣམས་མངགས་ཏེ་ཁོང་གཉིས་བཟུང་སྟེ་བཙོན་དུ་བཅུག  བཙོན་ཁང་གི་སྐོ་སྲུང་བ་གཟེ་མ་ར་མགོ་བཞག  དེ་ནས་གདོལ་པ་གཉིས་བོས་ཏེ་གཡང་གཟར་རི་མཐོ་ནས་ཁོང་རྣམ་གཉིས་བསྐྱུར་དགོས་པའི་བཀའ་བཏང་བ་ལྟར་གདོལ་པ་གཞོན་པས་ལྷ་སྲས་ཀུན་ཏུ་ལེགས་པ་བསྐྱུར་བས་ཡུམ་གྱིས་ཉ་ཞིག་ཏུ་སྤྲུལ་ནས་མཚོ་འགྲམ་གྱི་སྐམ་སར་བསྐྱལ། དེ་ནས་ཡང་ཡུམ་གྱིས་ནེ་ཙོ་ཞིག་ཏུ་སྤྲུལ་ནས་ཁ་ཟས་ཕུལ་བ་དང་ཡུལ་པད་མ་ཅན་གྱི་རྒྱལ་པོ་ཡོང་བ་འདུག་ཅེས་གསུངས་པ་ལྟར་ཡུལ་པད་མ་ཅན་གྱི་རྒྱལ་པོ་གནང༌།  གདོལ་པ་རྒན་པས་ལྷ་གཅིག་ཀུན་བཟང་ཚེ་ཐར་བཏང་ཡང་གཅུང་པོ་ལྷ་གཅིག་ཀུན་ཏུ་ལེགས་པ་མེད་པས་ཐུགས་སེམས་སྐྱོ་པོས་ལམ་དུ་སློང་གིན་ཕེབས་སྐབས་ཁྱིས་རྨུགས་ཏེ་རྨས་སྐྱོན་ཕོག  དེ་ནས་ཡུལ་པད་མ་ཅན་གྱི་རྒྱལ་པོའི་ཕོ་བྲང་གི་སྐོ་འགྲམ་ནས་སྐད་སྐྱོན་ཏེ་ཞལ་ལག་སློང་བའི་གསུང་སྐད་དེ་གཅུང་པོ་ལྷ་གཅིག་ཀུན་ཏུ་ལེགས་པས་གསན་ཏེ། གཅེན་མོའི་གསུང་ཡིན་པ་ར་འཕྲོད་དེ་གཅེན་གཅུང་ངོ་མཇལ་བྱུང་བས་དགའ་སྤྲོ་བརྗོད་ཀྱིས་མི་ལང་བ་བྱུང་ངོ༌།  དེ་ནས་དུས་ནམ་ཞིག་ན་ཧ་ཅང་བདུད་མོས་རྒྱལ་བུ་ཀུན་ཏུ་ལེགས་པ་ཡུལ་པད་མ་ཅན་གྱི་རྒྱལ་པོ་ཡིན་པ་ཤེས་ནས་ཁོང་ཁྲོའི་མེ་ལྕེ་འབར་ཏེ་རྟ་ནག་ཞིག་ལ་བཞོན་ནས་དམག་སྣེ་དྲངས་ཀྱང༌། ལྷ་སྲས་རྒྱལ་བུའི་མདའ་མོ་དང་པོ་དེ་ཧ་ཅང་བདུད་མོའི་དཔྲལ་བར་ཕོག་སྟེ་ཕྱི་མའི་ལྔ་ལམ་དུ་བཏང༌།  དུར་སའི་སྟེང་དུ་མཆོད་རྟེན་ནག་པོ་ཞིག་བཞེངས། དམག་མི་བྱིངས་རྣམས་རང་བཞིན་གྱིས་མགོ་སྒུར། དེ་ནས་རྒྱལ་སྲས་ཀྱིས་ཡབ་རྒྱལ་པོ་བཙོན་ནས་བཏོན། དྲིན་ཅན་གྱི་བཤན་པ་རྒན་གཞོན་དང་ཉ་པ་རྒན་གཞོན་བཅས་ལ་བཀའ་དྲིན་གྱི་གཟིགས་བཟོས་རྒྱ་ཆེན་པོ་གནང༌། དེ་ནས་ཡུལ་མཋལ་སྒང་གི་རྒྱལ་སྲིད་སྔར་ལས་དར་ཞིང་རྒྱས་པ་དང་བདེ་སྐྱིད་དང་ལྡན་པར་གྱུར་ཏོ།།
༧ སྣང་ས་འོད་འབུམ་གྱི་རྣམ་ཐར།  གཞིས་ཀ་རྩེའི་མངའ་ཁོངས་གཙང་མྱང་སྟོད་རྒྱལ་རྩེའི་ཡུལ་གྱི་ཞིང་པའི་ཁྱིམ་ཚང་ཞིག་ཡོད་པ་དེ་ལ་ཡབ་ཀུན་བཟང་བདེ་ཆེན་དང་ཡུམ་མྱང་ཚ་གསལ་སྒྲོན་ཞེས་པ་གཉིས་ལ་བུ་མོ་གཟུགས་མཛེས་ལྷ་ཡི་སྲས་མོ་འདྲ་བ་ཞིག་འཁྲུངས།  བུ་མོ་སྣང་ས་འོད་འབུམ་དགུང་ལོ་བཅོ་ལྔ་ཙམ་གྱི་ཚེ་གཡོག་མོ་འཛོམས་པ་སྐྱིད་དང་ལྷན་དུ་གནས་སྙིང་གཟུངས་སྒྲུབ་ཀྱི་གར་འཆམ་ལ་གཟིགས་མོ་གཟིགས་སྐབས། དཔོན་པོ་སྒྲ་ཆེན་གྱིས་སྣང་ས་འོད་འབུམ་མཐོང་སྟེ་གཟིམ་དཔོན་བསོད་ནམས་དར་རྒྱས་བཏང་ནས་སྣང་ས་འོང་འབུམ་ལ་རང་དབང་མེད་པའི་ཐོག་ནས་སྲས་གྲགས་པ་བསམ་གྲུབ་ཀྱི་མནའ་མ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་མདའ་དར་བཙུགས།  དེ་ནས་ལོ་བདུན་ཙམ་སོང་མཚམས་སྣང་ས་འོད་འབུམ་ལ་གཞན་དང་མི་འདྲ་བའི་ཕྲུ་གུ་ཞིག་འཁྲུངས་པར་ལྷའུ་དར་པོ་ཞེས་མཚན་གསོལ།  སྣང་ས་འོད་འབུམ་བྱམས་བརྩེ་ཆེ་བས་ཨ་ནེ་སྙིད་མོ་ཕྲག་དོག་གི་མེ་ལྕེ་འབར་ཏེ་དཔོན་པོ་སྒྲ་ཆེན་དང་སྣང་སའི་བར་ཕུ་དཀྲུག་མདའ་དཀྲུག་བཏང་ནས་གནས་བཟོད་མི་བདེ་བ་བཟོས། ཉིན་ཞིག་སྣང་སས་བཙས་མ་བརྔ་སར་རས་པ་དཔོན་སློབ་གཉིས་ལ་སློང་མོ་ཏོག་ཙམ་སྟེར་བར་ཨ་ནེ་སྙིད་མོས་མཐོང་སྟེ་ཉེས་རྡུང་ཚད་མེད་བཏང༌། ཡང་ཉིན་ཞིག་བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་སྤྲང་པོ་སྤྲེལ་རྩེད་རྩེ་མཁན་ཞིག་ཏུ་སྤྲུལ་ནས་མགུར་གླུ་བླངས་ནས་སློང་མོ་བྱེད་པ་དེ་ལ་ཕ་མས་གནང་བའི་ནོར་བུའི་རྒྱན་ཆ་སྟེར་ཏེ་སྣང་ས་ལྷ་ཆོས་ཡག་པོ་བྱེད་ཐུབ་པའི་བསྔོ་བ་སྨོན་ལམ་གནང་རོགས་ཞུས་པའི་གནས་ཚུལ་དེ་ཨ་ནི་སྙིད་མོས་མཐོང་མ་ཐག  དཔོན་སྒྲ་ཆེན་དང་སྲས་གྲགས་པ་བསམ་གྲུབ་ལ་ཞུས་པས་དེ་འཕྲལ་ཁ་རྡུང་དང་ཉེས་རྡུང་སོགས་ཀྱི་ལམ་སེང་དགོངས་པ་རྫོགས།
སྣང་སའི་སྐུ་ཕུང་མྱང་སྟོད་རི་ནང་པའི་ཤར་རིའི་སྟེང་དུ་ཉིན་བདུན་བཞག་པའི་སྐབས་སུ་སྣང་ས་འོད་འབུམ་འདས་ལོག་བྱུང་སྟེ་རྣལ་འབྱོར་མའི་ཆ་བྱད་བཞེས་ནས་མྱང་སྟོད་ཡུལ་དུ་ཕེབས་སྐབས་མི་རྣམས་ངོ་མཚར་སྐྱེས་པ་དང་དཔོན་པོ་སྒྲ་ཆེན་དང་ཨ་ནེ་སྙིད་མོ་སོགས་ཀྱིས་སྔར་གྱི་ལས་ངན་ལ་འགྱོད་བཤགས་བྱས།   འོན་ཀྱང་སྣང་ས་འོད་འབུམ་འཇིག་རྟེན་གྱི་བྱ་བར་ཞེན་པ་ལོག་ཡོད་པས་སེ་ར་གཡའ་ལུང་གི་བླ་མ་ཤཱཀྱའི་རྒྱལ་མཚན་གྱི་དྲུང་དུ་ལྷ་ཆོས་ཞུ་བར་ཕེབས།  དཔོན་སྒྲ་ཆེན་དང་སྲས་གྲགས་པ་བསམ་གྲུབ་སོགས་ཀྱིས་དམག་དྲངས་ནས་དགོན་པ་སེ་ར་གཡའ་ལུང་མཐའ་བསྐོར་ནས་བླ་མ་ཤཱཀྱའི་རྒྱལ་མཚན་གསོད་རྩིས་དང་སྣང་ས་འོད་འབུམ་འཕྲོག་རྩིས་བྱེད་སྐབས། བླ་མ་ཤཱཀྱའི་རྒྱལ་མཚན་གྱིས་བར་སྣང་སྟོང་པར་སྐྱིལ་ཀྲུང་བྱས་ཏེ་རྫུ་འཕྲུལ་སྣ་ཚོགས་བསྟན་པ་དང་བསླབ་བྱ་གནང༌། སྣང་སས་ཀྱང་བར་སྣང་མཐོངས་སུ་བཞུགས་ནས་བསླབ་བྱ་གནང་བ་སོགས་ཀྱི་སྣང་ཚུལ་རྣམས་ཨ་ནེ་སྙེད་མོ་སོགས་ཀྱིས་མཐོང་བས་དད་པ་དང་ཡིད་ཆེས་སྐྱེས་ནས་བློ་སེམས་དམ་པའི་ཆོས་ལ་ཁུག་སྟེ་དགེ་བའི་ཆོས་བྱས། རྒྱལ་སྲིད་ཆོས་བཞིན་བསྐྱངས་སོ།།
༨ པད་མ་འོད་འབར་གྱི་རྣམ་ཐར།  སྔར་རྒྱ་གར་ལ་ན་ཁ་མུ་ཁི་ཞེས་པའི་ཕོ་བྲང་ནང་རྒྱལ་པོ་ལོག་པའི་མཆོད་སྦྱིན་དང་བློན་པོ་རྐང་མགྱོགས་བང་ཆེན་སོགས་ཡོད། དེའི་ཉེ་འདབས་སུ་གཟིམ་ཆུང་སྒྲོལ་མ་ལྷ་ཁང་ནང་ཕ་ཚོང་དཔོན་ནོར་བཟང་དང་མ་ལྷ་སྲས་བྲམ་ཟེ་གཉིས་བཞུགས། ཚོང་དཔོན་ནོར་བུ་བཟང་པོ་ནི་ཤེས་རབ་ཅན་ཞིག་ཡིན་པས་དཔལ་འབྱོར་མངའ་ཐང་རྒྱས་པར་གྱུར་ཏེ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཕན་ནུས་ཆེན་པོ་ཐོན་ཞིང་མང་ཚོགས་ཀྱིས་ཀྱང་གུས་བཀུར་ཆེན་པོ་ཐོབ་པས་མུ་སྟེགས་རྒྱལ་པོ་དེའི་སེམས་ལ་ཚོང་དཔོན་ནོར་བཟང་གོང་དུ་ཤོར་མི་ཡོང་ངམ་སྙམ་པའི་དོགས་པས་མེད་པ་བཟོ་ཐབས་ཀྱི་བསམ་ངན་བཅངས་ཏེ། ཚོང་གཡོག་ལྔ་བརྒྱ་དང་བཅས་པ་རྒྱ་མཚོ་ཆེན་པོར་ནོར་བུ་ལེན་པར་བཏང༌།  ཞོང་དཔོན་འཁོར་བཅས་མཚོ་དཀྱིལ་དུ་སླེབས་སྐབས་ཀླུ་རྣམས་ཁྲོས་ཏེ་གྲུ་རྫིངས་མགོ་རྟིང་བསློགས་པས་གྲུ་རྫིངས་ཞིག་པའི་ཤིང་ལ་འཐམས་ཏེ་སེང་ག་ལའི་སྲིན་པོའི་གྲོང་ཁྱེར་ལ་འབྱོར།  ཉིན་ཞིག་ཚོང་དཔོན་ནོར་བཟང་གིས་ཚོང་ཕྲུག་ལྔ་བརྒྱ་ཆུ་མིག་ཡོད་སར་འཁྲིད། རྟ་ཡི་རྒྱལ་པོ་བྷ་ལ་དེ་བ་ཆབ་བཞེས་པར་ཕེབས་སྐབས་ལྷ་ཡུལ་དུ་འཁྲིད་རྒྱུའི་རེ་བ་བཏོན་པ་བཞིན་ཁས་ལེན་གནང༌། ལྷ་ཡུལ་དུ་བསྐྱོད་སྐབས་སྲིན་མོས་སྐད་བརྒྱབ་པར་ཕྱི་མིག་བསློག་མི་ཆོག་པའི་མངགས་བྱ་བྱས་རྗེས་རྟ་རྒྱབ་དང་རྟའི་ཟེ་མཇུག་སོགས་ལ་འཇུས་ཤིག་གསུངས་ནས་ནམ་མཁར་འཕུར་སྐབས་སྲིན་མོས་སྐད་བརྒྱབ་པར་ཚོང་ཕྲུག་ལྔ་བརྒྱས་ཕྱི་མིག་བསློགས་པས་ས་ལ་ལྷུང༌།  ཚོང་དཔོན་ནོར་བཟང་ཁོ་ན་ལྷ་ཡུལ་དུ་ཕེབས་སོ།  དེ་ནས་ཡུན་རིང་མ་སོང་བར་ལྷ་སྲས་བྲམ་ཟེ་ལ་པད་མ་འོད་འབར་འཁྲུངས། ལོ་གསུམ་སོང་བ་ན་རྒྱལ་པོ་ལོག་པའི་མཆོད་སྦྱིན་གྱིས་པད་མ་འོད་འབར་རྒྱ་མཚོར་ནོར་བུ་ལེན་པར་འགྲོ་དགོས་པའི་བཀའ་ཕབ། ཡུམ་ལྷ་སྲས་བྲམ་ཟེས་པད་མ་འོད་འབར་ལ་མཁའ་འགྲོ་སྡེ་ལྔའི་གདམས་ངག་གནང༌། རྒྱ་མཚོར་ཕེབས་སྐབས་སྡིག་པ་རྭ་ཙ་སོགས་ཀླུ་ཡི་གནོད་པ་རྣམས་མཁའ་འགྲོ་སྡེ་ལྔའི་གདམས་ངག་གིས་འཇོམས་པར་བྱས་ཏེ་ཀླུ་ཡི་བླ་གནས་ནོར་བུ་དགོས་འདོད་དཔུང་འཇོམས་པད་མ་འོད་འབར་ལ་ཕུལ།  དེ་ནས་ཚོང་ཕྲུག་ལྔ་བརྒྱ་དང་བཅས་པ་རང་ཡུལ་ལ་ལོག་པ་རྒྱལ་པོས་ཤེས་ནས་སླར་ཡང་སྲིན་པོའི་ཡུལ་གྱི་གསེར་གྱི་སླ་ང་ལེན་པར་བཏང། དེར་སྲིན་པོའི་ཡུལ་གྱི་སྒོ་སྲུང་ཚོས་མདོག་མི་འདྲ་བ་རྣམས་ཀྱིས་གནོད་འཚེ་གཏོང་རྒྱུ་ལྟ་ཅི།  སྲིན་མོ་རྣམས་སེམས་རྒྱུད་འདུལ་ཏེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ལྔར་གྱུར་ཏེ་གསེར་གྱི་སླ་ང་དང་མཆོང་གི་རྔ་ཡབ་ཕུལ་བ་མ་ཟད་ན་ཁ་མུ་ཎིའི་ཡུལ་ལ་ཡང་མཉམ་དུ་འཁྲིད་དེ་ལྷ་སྲས་བྲམ་ཟེ་དང་མཇལ་བར་དགའ་སྤྲོ་ཚད་མེད་སྐྱེས།  ཡང་རྒྱལ་པོས་མཁའ་འགྲོ་སྡེ་ལྔ་རྒྱལ་པོའི་ཟླ་གྲོགས་སུ་ཉར་བ་དང་པད་མ་འོད་འབར་ཤན་པ་གསུམ་ལ་རྩིས་སྤྲད་དེ་མེ་བསྲེགས་བྱེད་དུ་བཅུག་ཏེ་སྤུར་ཐལ་ཡང་ཕྱོགས་བཞིར་གཏོར། མཁའ་འགྲོ་མ་རྣམས་ཀྱིས་པད་མ་འོད་འབར་མེ་མཆོད་བྱེད་སར་ཕེབས་ཏེ་མཁའ་འགྲོའི་གདམས་ངག་ལ་བརྟེན་ནས་པད་མ་འོད་འབར་གྱི་སྤུར་ཐལ་རྣམས་ཕྱོགས་གཅིག་ཏུ་འདུས་ནས་མངལ་སྐྱེས་མིན་པར་རྫུས་སྐྱེས་མེ་ཏོག་པད་མའི་ཟེ་འབྲུའི་དཀྱིལ་ནས་སྔར་ལས་གཟི་མདངས་རྒྱས་པ་ཞིག་འཁྲུངས། དེ་ནས་མཁའ་འགྲོ་མ་རྣམས་ཀྱིས་རྒྱལ་པོ་ལོག་པའི་མཆོད་སྦྱིན་དང་བློན་པོ་རྐང་མགྱོགས་བང་ཆེན་གྱིས་གཙོས་པའི་བདུད་བློན་རྣམས་་གསེར་གྱི་སླ་ངའི་ནང་བཞག་སྟེ་ནམ་མཁའི་མཐོངས་སུ་འཁྲིད་དེ་ལྷོ་ནུབ་སྲིན་པོའི་ཡུལ་གྱི་ཕྱོགས་ལ་སླེབས་སྐབས་སུ་སྲིན་པོའི་ཁ་ཟས་སུ་བསྐྱུར། ཡུལ་ན་ཁ་མུ་ཎིའི་བློན་འབངས་རྣམས་ཀྱིས་ཁྱེའུ་པད་མ་འོད་འབར་ལ་དད་པ་ཚད་མེད་སྐྱེས་ཏེ་རྒྱལ་པོར་བསྐོས། རྒྱལ་སྲིད་ལེགས་པར་བསྐྱངས་པས་ལོ་ཕྱུགས་ལེགས་ཤིང་རྟག་ཏུ་བདེ་བ་ཐོབ་པར་གྱུར་ཏོ།། །།
ཞེས་གུས་པ་རྒྱལ་མཚན་ལེགས་བཤད་ནས་ཕྱོགས་བསྡེབ་ཞུས་པ་དགེའོ།།

·གསར་འགྱུར་གོང་མ:བོད་ཀྱི་རྩིས་རིག་དྲ་བ་ཐོག་མ་ལེགས་འགྲུབ་བྱུང་བ།
·གསར་འགྱུར་འོག་མ:འབའ་ཐང་ཞེས་པའི་མིང་དོན་འཇུག་སྟངས་།
འདྲ་ཕབ། 】 【 པར་འདེབས།
འབྲེལ་ཡོད་གསར་འགྱུར།
·བོད་ཀྱི་ལྷ་མོའི་དང་པོ། སྤུན་བདུན་འབག་དཀར་པོ། 2010/1/27 18:28:24
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
འབྲེལ་ཡོད་དཔྱད་བརྗོད།
评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:27:30 [来自: 112.5.248.254]

评论者:uFTTnEa0
�ۻ���

�����ع�

发表时间:2018/12/6 19:27:09 [来自: 112.5.248.254]

评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 0:44:35 [来自: 112.5.248.152]

འབྲེལ་ཡོད་དཔྱད་བརྗོད 50 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS