གཟའ་ཕུར་བུ།
ལས་ཁུངས་གང་མང་མི་སྣའི་བྱ་ལས་ལ། །
ལས་བྱེད་ཚན་ཆུང་བཙུགས་ཏེ་བརྟག་དུས་སུ། །
ལས་དོན་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང༌། །
ལས་ཚད་ཞན་པ་རེས་གཟའ་ཕུར་བུ་རེད། །
ཉིན་གསུམ་བསྟུད་མར་ལས་ཀར་གཞོལ་གཞོལ་བས། །
ཉིན་རེར་རེས་མོས་སྒྲུབ་བའི་བྱ་བ་ཡང༌། །
ཉིན་གུང་ཟ་མ་སྤངས་ནས་སྒྲུབ་སྒྲུབ་ཀྱང༌། །
ཉིན་རྒྱུན་ལྟ་བུའི་སླ་མོ་མིན་པར་སེམས། །
ཉམ་ཐག་ཞན་པའི་ལུས་ཕུང་གྲོ་རྙིད་རྙིད། །
ཉམ་ངའི་ཁོར་ཡུག་སྣང་བར་གུ་དོག་དོག །
ཉམ་ཆུང་སེམས་པ་སུན་ནས་ལྗིད་ཏིག་ཏིག །
ཉམ་སྟོབས་ཉམས་པའི་ལས་ཁུངས་དབེན་ཐང་ཐང༌། །
དུས་རྒྱུན་རེས་གཟའ་ཕུར་བུར་སྟོབས་ཞན་རྐྱེན། །
དུས་སྐབས་འདི་ལ་ལས་ཁུངས་འགོ་ཁྲིད་ཀྱིས། །
དུས་ཚོད་བཙལ་ཏེ་བྱ་འགུལ་སྤེལ་བ་ལས། །
དུས་རྒྱུན་བྱ་བ་གལ་ཆེན་བཀོད་སྒྲིག་མེད། །
མ་རབས་གོམས་གཤིས་བསྒྱུར་བའི་ཐབས་མཆོག་ནི། །
མ་བཅོས་སེམས་པ་གཙང་མའི་བློ་ཕུགས་ནས། །
མ་གཞི་ལུས་སྟོབས་ཞན་པའི་འདུན་པ་དེ། །
མ་དཔེ་བཙུགས་ཏེ་རང་གིས་བསྒྱུར་ན་བཟང༌། །
དོན་དག་གང་དང་ཅི་ཞིག་བསྒྲུབ་ན་ཡང༌། །
དོན་གྱིས་རང་རང་སེམས་ལ་རག་པར་རྐྱེན། །
དོན་དང་མཐུན་པའི་སེམས་ཤུགས་བརྟེན་གྱུར་ན། །
དོན་ཆེན་ཉིན་འདིར་བསྒྲུབ་ཀྱང་ནོར་འཕྱུག་མེད། །
ཉམས་མྱོང་ཅན་གྱི་ལས་ཞུགས་རྒན་པ་ཚོས། །
ཉམས་སྣང་མེད་པར་དུས་རྒྱུན་བྱ་ལས་བརྟེན། །
ཉམས་རྟོགས་བཟང་བའི་བྱ་བའི་ཉམས་མྱོང་དེར། །
ཉམས་སུ་བླང་སྟེ་རྟག་ཏུ་སློབ་སྦྱོང་བྱོས། །
ལུས་ཀྱི་སྟོབས་ཤུགས་དངོས་གནས་ཉམས་སོང་ན། །
ལུས་ཤུགས་གསོ་བྱེད་བཏུང་བཅའ་འཐུང་བ་འམ། །
ལུས་དང་སེམས་གཉིས་ཅུང་ཟད་ངལ་གསོས་ན། །
ལུས་བདེ་སེམས་ཁམས་སྐྱིད་པར་ཕན་ཐོགས་ཡོད། །
རང་ལུས་ལ་ཕུག་ལྟར་དུ་མི་རྙིད་པར། །
རང་སྟོབས་འབར་བའི་བྲག་གསུར་གསོན་སྡོང་ལྟར། །
རང་ལ་སྤོབས་དང་སྙིང་སྟོབས་ལྡན་གྱུར་ན། །
རང་བཞིན་མི་འགྲུབ་བྱ་བ་གཅིག་ཀྱང་མེད། །